དཔའ་རྟགས།

Wikipedia ལས།

མཚན་ཉིད། དཔའ་རྟགས་ཟེར་མི་འདི་ ཕོ་དཔའ་བོའི་རྟགས་ཕྱི་ཁར་སྟོན་པའི་ བརྡ་མཚན་སྦེ་བཏགས་མི་ལུ་སླབ་ཨིན།      ནོར་བུའི་འཕྲེང་བ། (གནམ་ལོ་མེད་ ༡༩༩༩ ཤོག་གྲངས་ ༦༩) ལས་ “དཔའ་རྟགས་དེ་འབྲུག་རྒྱལ་ཁབ་ནང་ གཞུང་གཡོག་ནང་འགན་འཁུར་ཡོད་མི་ཚུ་གི་ གོ་སའི་ངོ་རྟགས་སྦེ་ མི་དབང་མངའ་བདག་རིན་པོ་ཆེའི་གནང་བ་དང་འཁྲིལ་ཏེ་བཏགསཔ་ཨིན།” ཟེར་གསུངས་ནུག། དེ་ཡང་ཧེ་མའི་དུས་ལུ་ གཞུང་འབྲེལ་གྱི་ཕྱག་ལཱ་མཛད་མི་ ཆིབས་བཞོནམ་དང་ རྫོང་དཔོན། དེ་ལས་དཔོན་སློབ་ཚུན་ཚོད་ཀྱི་ ཏོག་བདག་རྐྱེན་གྱི་གོ་གནས་ཐོབ་མི་ཚུ་ལུ་ དཔའ་རྟགས་འདི་གནངམ་ཨིན། འདི་བཟུམ་སྦེ་ར་ ཧེ་མ་རྒྱལ་ཁབ་ནང་དྲག་པོའི་དམག་རྐྱབ་དགོ་པའི་སྐབས་ དགྲ་བྱང་ཕྱད་བཏུལ་ཚུགས་པའི་ལྕོགས་གྲུབ་ཡོད་མི་ ཕོ་དཔའ་བོ་དེ་ཚུ་ལུ་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་འབད་ནི་དང་ གཞུང་འབྲེལ་གྱི་ཕྱག་ལཱ་མཛད་པའི་བཀའ་དྲིན་ལུ་ རྫོང་དཔོན་དང་དཔོན་སློབ་ཚུ་གིས་ དཔའ་བོའི་རྟགས་མ་སྦེ་དཔའ་རྟགས་འདི་གནང་སྲོལ་འདུག། དེ་བསྒང་གི་དུས་ལུ་དཔའ་རྟགས་འདི་ སྤྱིར་བཏང་གཞུང་འབྲེལ་གྱི་ཕྱག་ལཱ་མཛད་མི་ གོ་གནས་ཆུང་ཤོས་སྒོ་རཔ་ཅིག་ལས་འགོ་བཙུགས་ཏེ་ ཡར་དཔོན་སློབ་ཚུན་ཚོད་དཔའ་རྟགས་འདི་བཏགས་སྲོལ་ཡོདཔ་ཨིནམ་དང་ ད་རེས་ནངས་པ་འབད་བ་ཅིན་ དཔའ་རྟགས་འདི༌བློན་པོ་ལྷན་རྒྱས་དང་ བཙག་འཐུ་ལས་གྲུབ་པའི་ཚོགས་ཁང་གཉིས་ཀྱི་འཐུས་མི་ཚུ། གཞུང་གི་དྲུང་ཆེན། རྫོང་བདག། རྫོང་རབ། དྲང་དཔོན། དྲང་དཔོན་རབ་འབྱམས། ཁྲོམ་དཔོན་དང་རྫོང་ཁག་ཉི་ཤུ་གི་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ཚུ་གིས་ དཔའ་རྟགས་འདི་བཏགས་སྲོལ་ཡོདཔ་ཨིན།

དཔའ་རྟགས་ཀྱི་འབྱུང་ཁུངས།

གྲི་བརྟག་པའི་རབ་ཏུ་དབྱེ་བ། (གནམ་ལོ་མེད་) ལས་ “འབྱུང་ཁུངས་ལྷ་མ་ཡིན་དང་སྲིན་འཁྲུགས་ཚེ།། ལྷ་མ་ཡིན་གྱིས་མཚོན་ཆ་བཙལ་བར་བརྩམས།། དྲེགས་པོའི་འབྱུང་པོ་ལག་ན་མཚོན་ཆ་ཅན།། མཐོང་ནས་སྟོབས་ཀྱི་དྲེགས་པ་འཕྲོག་ཏུ་ཕྱིན།། འབྱུང་པོ་འདྲོག་ནས་བྲོས་པར་བརྩམས་ན་ཡང་།། མ་ཐར་ལྕགས་ཀྱི་ཕ་ཝང་ཞིག་ཏུ་སྤྲུལ།།” འདི་བཟུམ་སྦེ་ར་སློབ་དཔོན་ཧཱུ་རལ། (གནམ་ལོ་མེད་) ཀྱིས་ “དང་པོ་རལ་གྲིའི་འབྱུང་ཁུངས་དང་།། ཐོག་མར་མི་མ་ཡིན་གྱིས་བཅོས།། མཚོན་མོ་མེ་རུ་འབར་བ་དང་།། གདེངས་པ་ཙམ་གྱིས་ཆོད་པ་སོགས།། ཡ་མཚན་ཆེ་བའི་ལོ་རྒྱུས་མང་།།” ཟེར་དོ་བཟུམ་སྦེ་ ང་བཅས་རའི་འཛམ་གླིང་ནང་དཔའ་རྟགས་འབྱུང་ཚུལ་དེ་ཡང་ ཧེ་མ་ལྷ་མ་ཡིན་དང་སྲིན་སྡེ་གཉིས་ དམག་ཐབས་པའི་སྐབས་ལུ་ལྷ་མ་ཡིན་གྱིས་ སྲིན་སྡེ་ཚུ་འཇོམས་བཏང་ནའི་དོན་ལུ་མཚོན་ཆ་འཚོལ་བར་འགྱོ་བའི་སྐབས་ འབྱུང་པོའི་དྲེགས་པ་ཟེར་མི་དེ་ལུ་ མཚོན་ཆ་གཞན་དང་མ་འདྲཝ་ཅིག་ཡོདཔ་མཐོང་སྟེ་ ལྷ་མ་ཡིན་གྱི་ནང་ལས་སྟོབས་ཀྱི་དྲེགས་པ་ཟེར་མི་དེ་གིས་མཚོན་ཆ་འཕྱོག་པར་སོང་ནུག། འབྱུང་པོའི་དྲེགས་པ་གིས་ཁོ་ལས་མཚོན་ཆ་འཕྱོག་པར་འོངམ་ཨིནམ་ཤེས་ཏེ་ འདྲོག་པའི་ཤུགས་ཀྱིས་ག་ཏེ་བྱོག་རུང་ སྟོབས་ཀྱི་དྲེགས་པ་ལས་བྱོག་མ་ཐལ་བར་ འབྱུང་པོའི་དྲེགས་པ་དེ་གིས་མཚོན་ཆ་འདི་ལྕགས་ཀྱི་གོང་བུ་ཅིག་ལུ་སྤྲུལ་བཞག་སྟེ་ ཁོ་ར་ཡལ་ཡར་སོ་ནུག།

དེ་ལས་སྟོབས་ཀྱི་དྲེགས་པ་གིས་ལྕགས་དེ་འབག་ཞིནམ་ལས་དཔའ་རྟགས་བཟོཝ་ད་ དཔའ་རྟགས་གཞན་དང་མ་འདྲཝ་ནུས་པ་དང་ལྡན་པ་མ་ཚད་ དཔའ་རྟགས་འདི་འོད་འབར་ནི་ཡོདཔ་ལས་ དཔའ་རྟགས་འདི་གི་མིང་ཡང་འོད་འབར་ཟེར་སླབ་ཨིན། དེ་གི་ཤུལ་ལས་ང་བཅས་རའི་འཛམ་གླིང་ནང་ས་གནས་སོག་པོ་ཟེར་ས་ལུ་ཡོད་པའི་ སོག་པོའི་མགརཝ་ཐུག་རྒྱལ་ཟེར་མི་དེ་གིས་དཔའ་རྟགས་འདི་ལུ་དཔེ་བལྟ་སྟེ་ དཔའ་རྟགས་རྣོས་ཆེ་དྲག་ཡོདཔ་མ་ཚད ཡངས་འཕྲོས་འཕྲོས་ཡོད་མི་ ག་ཅི་ར་བཏོག་དགོ་རུང་ ཐོགས་ཆགས་མེད་པར་བཏོག་ཚུགས་པའི་དཔའ་རྟགས་ལེ་ཤ་བརྡུངས་ཡོདཔ་ལས་ མིང་ཡང་སོག་པོའི་དཔའ་རྟགས་ཟེར་ཡོངས་གྲགས་ཐོན་ནུག།

དཔའ་རྟགས་བརྡུང་སའི་ས་གནས་ག་ཏེ་ཨིན་ན་དང་ བརྡུང་མི་མགརཝ་ག་ཨིན་ན་དེ་ཚུ་ལས་རྟ་དྲངས་ཏེ་ དཔའ་རྟགས་གི་མིང་གི་དབྱེ་བ་སོ་སོ་སྦེ་ཕྱེ་ཚུལ།

༡ གདུང་བསམ་ཐུང་མ། ཟེར་མི་འདི་ བརྡུང་སའི་ས་གནས་འདི་ པདྨ་དགའ་ཚལ་རྫོང་ཁག་གཡུས་ཕྱི་མུང་ཟེར་ས་ལུ་ཨིནམ་དང་ དཔའ་རྟགས་འདི་རིང་ཚད་ཐུང་སུ་ཅིག་དང་ རྣོས་ཆེ་དྲག་སྦེ་ཡོདཔ་ལས་དཔའ་རྟགས་འདི་གི་མིང་ལུ་ གདུང་བསམ་ཐུང་མ་ཟེར་སླབ་ཨིན་མས།

༢ བུམ་ཐང་བཙན་གྲི། ཟེར་མི་འདི་ འབྲུག་གི་དངོས་མེད་ལས་སྲོལ་ (གནམ་ལོ་མེད་ ༢༠༡༥ ཤོག་གྲངས་ ༢༣༩) ལས་ “དཔའ་རྟགས་འདི་བུམ་ཐང་ལས་འཐོན་མི་ རྒྱུ་ལྕགས་དང་ བརྡུངས་མི་ཡང་ རིག་འཛིན་པདྨ་གླིང་པའི་ཕྱག་བཟོ་ཨིན་མས། དེ་གི་ངོ་རྟགས་ཡང་ གཡུག་པ་གི་རྩ་བ་ལུ་་པད་གླིང་གི་ཕྱག་ཐམ་ཡོདཔ་ལས་དཔའ་རྟགས་འདི་བྱིན་རླབས་ཅན་སྦེ་ཡང་བརྩིཝ་ཨིན།” ཟེར་སླབ་ཨིན་ཟེར་ཨིན་པས།།

༣ ཆུ་ཁཔ་བསྟནའཛིན། ཆུ་ཁ་རྫོང་ཁ་ལས་ཨིན་མི་ མགརཝ་བསྟན་འཛིན་གྱིས་བརྡུངས་མིའི་དཔའ་རྟགས་ རིངམོ་སྦེ་རྣོས་ཆེ་དྲག་སྦེ་ཡོད་མི་ལུ་ ཆུ་ཁཔ་བསྟན་འཛིན་ཟེར་སླབ་ཨིན།

༤ དཔག་བསམ་བསྟན་འཛིན། ཟེར་མི་འདི་ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་ གཡུས་དཔག་བསམ་ཁ་ལས་མགརཝ་བསྟན་འཛིན་ཟེར་མི་དེ་གིས་ བརྡུངས་མིའི་དཔའ་རྟགས་དེ་ལུ་ དཔག་བསམ་བསྟན་འཛིན་ཟེར་སླབ་ཨིན།

དཔའ་རྟགས་ཀྱི་ཕྱིའི་ཤུབས་ལས་བརྟེན་ཏེ་ དཔའ་རྟགས་སོ་སོའི་མིང་བཏགས་ཚུལ།

༡ ཆུ་རིས་ཅནམ། ཟེར་མི་འདི་དཔའ་རྟགས་ཀྱི་ཤུབས་འདི་རྒྱུ་དངུལ་ལས་བརྡུངས་ཏེ་ བར་ན་ལས་ཆུ་རིས་བརྐོ་ནི་དང་རིས་མོ་སྣ་ཚོགས་བྲིས་ཏེ་ཡོད་མི་འདི་ལུ་ དཔའ་རྟགས་ཆུ་རིས་ཅནམ་ཟེར་སླབ་ཨིན།

༢ ཧོ་ཤུབས་ཅནམ། ཟེར་མི་འདི་དཔའ་རྟགས་འདི་གི་ཤུབས་འདི་ ཚོས་གཞི་ཧོནམ་དང་དམརཔོ་སླ་བསྲེས་རྐྱབ་སྟེ་ཨུར་ཞིནམ་ལས་བཟོ་བའི་དཔའ་རྟགས་འདི་ལུ་ཧོ་ཤུབས་ཅན་ཟེར་སླབ་ཨིན།

༣ བསེ་ནག་ཅནམ། ཟེར་མི་འདི་དཔའ་རྟགས་ཀྱི་ཤུབས་འདི་ ཚོས་གཞི་གནགཔོ་སྦེ་ཡོད་པའི་ཁར་ དེ་གུར་བསེ་ཟེར་ཕོརཔ་དང་ཟླ་པ་འདི་ཚུ་ལུ་གཏང་ནི་གི་རྩི་དེ་ དཔའ་རྟགས་ཀྱི་ཤུབས་གུར་གཏང་སྟེ་ཡོད་མི་ལུ་ དཔའ་རྟགས་བསེ་ནག་ཅནམ་ཟེར་སླབ་ཨིན།

༤ སྦལ་ལྤགས་ཅནམ། ཟེར་མི་འདི་དཔའ་རྟགས་འདི་གི་ཤུབས་འདི་ སྤྱིར་བཏང་སྦལཔ་གི་པགས་ཀོ་ངོ་མ་གིས་ བཟོ་སྲོལ་མེད་རུང་དཔའ་རྟགས་འདི་གི་ཤུབས་གུར་གི་ པགས་ཀོ་འདི་ཁ་དོག་སྐྱ་ཐལ་ཐལ་སྦེ་ཡོདཔ་ལས་ དཔའ་རྟགས་འདི་གི་མིང་ལུ་ སྦལ་ལྤགས་ཅནམ་ཟེར་སླབ་ཨིན།

༥ བེན་གཞུང་ཅནམ། ཟེར་མི་འདི་དཔའ་རྟགས་འདི་གི་ ཤུབས་འདི་རྒྱུ་དངུལ་ལས་ཨིན་རུང་ ཤུབས་འདི་རྒྱས་ཤིང་རྒྱསཔ་སྦེ་མ་བཟོ་བ་ འཇམ་སམ་ཅིག་སྦེ་བཟོ་བཞག་མི་འདི་ལུ་ བེན་གཞུང་ཅནམ་ཟེར་སླབ་ཨིན།

དེ་ལས་དཔའ་རྟགས་ཚུ་ རིང་ཐུང་གི་དབྱེ་བ་ལུ་བརྟེན་ གྱི་རིང་། རྦད་དུམ་དང་རིང་མིན་ཐུང་མིན་ཟེར་ལེ་ཤ་ཡོདཔ་ཨིན།

རྒྱབ་རྟེན།

༡ རྒྱལ་གཟིམ་དྲ་དགོས་རྡོ་རྗེ་རྒྱལ་མཚན། (གནམ་ལོ་མེད་ ༡༩༩༩ ) ནོར་བུའི་འཕྲེང་བ། ཀུན་གསལ་རང་སྐྱོང་ལས་   འཛིན།

༢ དྲག་ཤོས་སངས་རྒྱས་རྡོ་རྗེ་དང་ ཡེ་ཤེས་ལྷུན་གྲུབ་དང་ ཡོན་ཏན་དར་རྒྱས། (གནམ་ལོ་མེད ༢༠༡༥ ) འབྲུག་གི་དངོས་མེད་   ལམ་  བསྲོལ། འབྲུག། ཐིམ་ཕུག། Yoez Graphics དཔེ་བསྐྲུན།

༣ རྩོམ་པ་པོ་མེད། (གནམ་ལོ་མེད) གྲི་བརྟག་པའི་རབ་ཏུ་དབྱེ་བ། འབྲུག། ཐིམ་ཕུག། KMT དཔེ་བསྐྲུན།

"https://dz.wikipedia.org/w/index.php?title=དཔའ་རྟགས།&oldid=29807" ལས་ སླར་འདྲེན་འབད་ཡོདཔ།