དཔལ་ལྡན་འབྲུག་པའི་སོ་ཐར་སྡོམ་བརྒྱུད་ཀྱི་གསོལ་འདེབས།
༄༅། །སོ་ཐར་སྡོམ་བརྒྱུད་ཀྱི་གསོལ་འདེབས་དྲི་ཟའི་ཕང་འགྲོ་ཞེས་བྱ་བ་བཞུགས་སོ།།
༄༅། །བསྐལ་བཟང་རྣམ་འདྲེན་རྒྱུ་སྐར་སྟོང་གི་དབུས། །ཐུགས་རྗེ་ངོ་མཚར་འོད་དཀར་འབུམ་ལྡན་པ། ཞིང་འདིའི་ཆུ་མཚོ་གཙང་མ་ལ་འཕོས་པའི། །ཐུབ་དབང་སྨྲ་བའི་ཟླ་བར་གསོལ་བ་འདེབས། །བདེན་དོན་རྟོགས་པའི་ཡེ་ཤེས་རྡོ་རྗེ་ཡིས། །བདེན་འཛིན་རི་བོ་བརྒྱ་ཕྲག་སྙིལ་བྱེད་ཅིང་།།བདེན་གསུང་ཤཱཀྱའི་རྒྱལ་པོའི་རིམ་གྲོ་པ། །འཕགས་མཆོག་ཤཱ་རིའི་བུ་ལ་གསོལ་བ་འདེབས། །སྲིད་པའི་ཉོན་མོངས་སྤྲིན་སྟུག་ལས་གྲོལ་ཞིང་།།ཟག་མེད་ཡོན་ཏན་འོད་ཟེར་སྟོང་འབར་བ། །ཀུན་མཁྱེན་ཉི་མའི་གཉེན་གྱི་སྲས་གཅིག་པུ། །རྒྱལ་རིགས་སྒྲ་གཅན་འཛིན་ལ་གསོལ་བ་འདེབས། །རང་དོན་རྟོགས་པའི་མཁའ་ལ་མངོན་འཕགས་ཤིང་། །གཞན་དོན་རླབས་ཆེན་འོད་སྣང་མཐའ་ཡས་པས། །རྒྱལ་བསྟན་ཉིན་ལས་ཉིན་བཞིན་གསལ་བྱེད་པ།།བྲམ་ཟེ་སྒྲ་གཅན་འཛིན་ལ་གསོལ་བ་འདེབས། །མདོ་རྒྱུད་རྒྱ་མཚོ་བསྲུབས་པའི་ལས་སྦྱོར་གྱིས། །དགོངས་འགྲེལ་ཉི་ཟླའི་སྣང་བ་འཇིག་རྟེན་དུ།།འདྲེན་པའི་ལམ་སྲོལ་བཏོད་པའི་ཤིང་རྟ་ཆེ། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །སྒྲིབ་གཉིས་མུན་པའི་སྒྲ་གཅན་ལས་རྒྱལ་ཞིང་། མཁྱེན་གཉིས་ནམ་མཁའི་ནོར་བུར་ཅོ་འདྲི་བ། །བསྟན་པའི་པད་ཚལ་ཡོངས་སུ་བཞེད་པའི་གཉེན། །གུ་ན་མ་ཏིའི་ཞབས་ལ་གསོལ་བ་འདེབས། །གསུང་རབ་ཟླ་བའི་མ་མ་ལས་འོངས་པའི། །ཟབ་དོན་ནོར་བུའི་བང་མཛོད་ཁ་འབྱེད་དེ། །ཆོས་འབྱོར་དབུལ་བའི་གདུང་བ་སེལ་མཛད་པ། །རཏ་མི་ཏྲའི་ཞབས་ལ༴།།ཐོས་བསམ་སྒོམ་པའི་ཁོག་ལག་ཡོངས་སུ་རྫོགས། །འཆད་རྩོད་རྩོམ་པའི་སྣ་ཞགས་རིང་དུ་བརྐྱངས། །མཁྱེན་བརྩེ་ནུས་པའི་སྟོབས་མངའ་ས་སྲུང་བུ། །དྷརྨཱ་པཱ་ལའི་༴། །ལེགས་གསུང་བཀའ་ཡི་ཆུ་ཀླུང་ཀུན་འདུས་ཤིང་། །ངེས་དོན་ཛམྦུའི་སྙེ་མ་བཅུད་དུ་སྨིན། །མཁས་མཆོག་གདེངས་ཅན་བདག་པོ་མ་དྲོས་པ། །ཡོན་ཏན་རྒྱ་མཚོའི༴།།རྣམ་དག་ཚུལ་ཁྲིམས་ལྗོན་པའི་རྩ་བ་བརྟན། །རྣམ་མང་ཏིང་འཛིན་ཡལ་ག་རབ་ཏུ་བཀྲ།།རྣམ་གྲོལ་མཆོག་གི་འབྲས་བུ་ཁུར་ལྕི་བ། །ཆོས་ཀྱི་ཕྲེང་བཆེན་པོར༴། མཁྱེན་པའི་ལྷ་ལམ་དབུས་མཐའ་མི་མངོན་ཞིང་། །བརྩེ་བའི་ཆུ་འཛིན་རིས་སུ་མ་ཆད་པ། །ནུས་པའི་ཆར་གྱིས་འགྲོ་བའི་གདུང་སེལ་བ། །འབྱུང་གནས་སྦས་པའི༴། །འདུལ་ལུང་སྡེ་བཞིའི་རྒྱ་མཚོ་བསྲུབས་པའི་སྐྱེས། །ཚིགས་གསུམ་བདུད་རྩིའི་བུམ་བཟང་གངས་ཅན་དུ། །དྲངས་ཏེ་སྐལ་ལྡན་ཡོངས་ལ་འགྱེད་མཛད་པ། །ཤཱཀྱ་ཤྲཱིའི་ཞབས་ལ༴།།ངེས་འབྱུང་མཁའ་ལ་མི་མཐུན་སྤྲིན་དང་བྲལ། །དྲི་བྲལ་ཟླ་བའི་ཁང་པར་ད་ཆོག་གི། །གསོལ་བཞིའི་ལས་ཀྱིས་ཚངས་སྤྱོད་དཔལ་ཐོབ་པ། །མཁན་ཆེན་བྱང་ཆུབ་དཔལ་ལ༴།།སྤངས་རྟོགས་ཆ་རྫོགས་བདེ་འབྱུང་གཙུག་གི་རྒྱན། །ལེགས་བཤད་བདུད་རྩིའི་ཟེགས་མ་འབུམ་ཕྲག་གིས། །ལས་ཉོན་ཚ་བའི་གདུང་བ་སེལ་མཛད་པ།།བདེ་བ་དཔལ་བཟང་ཞབས་ལ༴།།བརྟན་མཁས་ཡོན་ཏན་རྫོགས་པའི་འདབ་བརྒྱ་པ། །ཕན་འདོགས་དྲི་བསུང་འཕྲོ་བའི་གྲགས་པ་ཅན། །སྐལ་ལྡན་བུང་བའི་རེ་སྐོང་ཆོས་ཀྱི་རྗེ། །བསོད་ནམས་གྲགས་པའི་ཞབས་ལ༴།།མཁྱེན་རབ་ཕ་མཐའ་བྲལ་བའི་མཁའ་ཀློང་ནས། །བརྩེ་ཆེན་རྟ་བདུན་རྒྱས་པའི་འོད་ཟེར་གྱིས། །སྐལ་བཟང་སྙིང་གི་པད་མོ་འབྱེད་མཛད་པ། །གྲགས་པ་བཤེས་གཉེན་ཞབས་ལ༴།བསླབ་གཞི་གཞལ་མེད་ཁང་ལས་མི་འདའ་ཞིང་། །མདོ་དོན་ཇི་བཞིན་གཟིགས་པའི་མིག་སྟོང་ཅན། །ཆོས་མངོན་སྤོབས་པས་ལྷ་མིན་ཟིལ་གནོན་པ། །རྒྱལ་དབང་གྲགས་པའི་ཞབས་ལ༴།ཚུལ་གནས་གཟིངས་བཅས་ཐོས་བསམ་རྒྱ་མཚོར་ཞུགས། །སྒོམ་བྱུང་རིན་ཆེན་གླིང་ནས་བླངས་པའི་ནོར། །ཡོངས་རྫོགས་བསྟན་པའི་ཁང་བཟང་རྩེར་བཀོད་པ། །ཉི་མ་རྒྱལ་མཚན་ཞབས་ལ༴།རྨད་བྱུང་ཐུགས་བསྐྱེད་ཆུ་ཁུར་གྱིས་ལྕི་ཞིང་། །ཐབས་མཁས་སྤྲིན་དབྱངས་སྙན་པོའི་གྲུ་ཆར་གྱིས། །རྒྱལ་བསྟན་དབྱར་གྱི་མཚོ་ལྟར་སྤེལ་མཛད་པ། །ངག་དབང་ལྷུན་གྲུབ་ཞབས་ལ༴།ངེས་འབྱུང་སྲུང་སེམས་སྡོམ་པའི་ས་གཞི་ལ། །གཞན་ཕན་བྱང་ཆུབ་སེམས་ཀྱི་སྡོང་པོ་རྒྱས།། རང་བཞིན་ཡོངས་ཤེས་འབྲས་བུ་གཡུར་ཟ་བའི། །བཀྲ་ཤིས་དཔལ་བཟང༴། ཆོས་དཀར་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་། །ཆོས་དབྱངས་སྙན་པར་བསྒྲགས་པས་ཁམས་གསུམ་གྱི། །འགྲོ་བ་མ་རིག་གཉིད་ལས་སློང་མཛད་པ།།བཀྲ་ཤིས་རྣམ་རྒྱལ་ཞབས་ལ༴།རྒྱལ་བསྟན་ཀེ་ལ་ཤ་རིར་གནས་བཅས་ཤིང་། །འཇིགས་བྲལ་ཆོས་ཀྱི་སྒྲ་དབྱངས་མི་བཟད་པས། །ཕས་རྒོལ་གཉིས་འཐུང་འཇོམས་པའི་གདོང་ལྔ་པ། །ངག་དབང་ནོར་བུའི་ཞབས་ལ༴།།སྐྱེས་སྟོབས་གསེར་གྱི་ཁམས་ལས་རང་བྱུང་ཟླུམ། །སྦྱངས་བརྩོན་བཅུ་ཕྲག་རིག་པའི་རྩིབས་སྟོང་བཀྲ། །ལུང་རིགས་དུ་མའི་གཟི་འོད་རབ་འབར་བ། །ལྷ་དབང་བློ་གྲོས་ཞབས་ལ༴།ལྷོ་ཕྱོགས་དཔལ་གྱི་དུམ་བུའི་ནགས་ལྗོངས་འདིར། །ཆོས་སྲིད་གདུགས་དཀར་གཅིག་གིས་ད་ལྟའི་བར། །ཕན་བདེའི་གྲིབ་བསིལ་སྦྱིན་པའི་བཀའ་དྲིན་ཅན། །ངག་དབང་རྣམ་རྒྱལ་ཞབས་ལ༴། མཐུ་ཆེན་བླ་མའི་ཚུལ་ཁྲིམས་གན་མཛོད་ལས། །ཚངས་སྤྱོད་སྡོམ་པའི་ནོར་མཆོག་ལེགས་བླངས་ཏེ། །བག་ཡོད་གཞལ་མེད་ཁང་རྩེར་མཆོད་བྱེད་པ།།ཤཱཀྱ་འོད་ཟེར་ཞབས་ལ༴།།སོ་ཐར་སྡོམ་པའི་དག་བྱེད་གཙང་མའི་རྒྱུན།།ངན་འཐུང་འཆལ་བའི་རྫབ་ཀྱིས་མ་རྙོག་པར། །འདུས་སྡེའི་དབང་ཆེན་འཛིན་མར་བསྐྱིལ་མཛད་པ། །ངག་དབང་ཕྲིན་ལས་ཞབས་ལ༴།།དྲི་མེད་རྒྱལ་བསྟན་ཀུནྡ་དཀར་པོའི་ཚལ། །འཛིན་སྐྱོང་སྤེལ་བའི་བདུད་རྩིའི་གཏེར་ཆེན་པོ། །ལྗོངས་འདིའི་ཐུབ་དབང་སྨྲ་བའི་ཟླ་བ་མཆོག །ཤཱཀྱ་རིན་ཆེན་ཞབས་ལ༴།།ཤེས་རབ་གསུམ་གྱི་ལུས་རྩལ་རབ་རྫོགས་ཏེ། །རིག་གྲོལ་ཡོན་ཏན་དམར་སེར་རལ་པས་བརྗིད། །ཐེག་མཆོག་སེངྒེའི་ང་རོ་ཆེར་སྒྲོག་པ།།ཤེས་རབ་སེངྒེའི་ཞབས་ལ༴།།འཕགས་པའི་ཚུལ་ཁྲིམས་མ་སྨད་སྲོག་ཤིང་ལ། །ཏིང་འཛིན་རྣམ་བཀྲའི་གོས་ཀྱི་ཤམ་བུ་ཅན། །ཆོས་རབ་རྣམ་འབྱེད་ནོར་བུའི་ཏོག་མཛེས་པ། །ཤེས་རབ་རྒྱལ་མཚན་ཞབས་ལ༴།སྦྱངས་སྟོབས་ཁྱུང་སྔོན་སྐྱེས་ཀྱིས་ཉེར་དྲངས་ཏེ། །གྲུབ་གཉིས་ལྷུན་ཆགས་ཤར་རིའི་ཕྲག་པ་ནས། །ཐུབ་བསྟན་པདྨོའི་གཉེན་དུ་ཡོངས་ཤར་བ། །ཡོན་ཏན་རྒྱལ་མཚན་ཞབས་ལ༴།ལྷོ་ནང་མངོན་མཐོའི་རིགས་འཁྲུངས་ཡོངས་འདུའི་ལྗོན། །བྱང་ཆུབ་ཡན་ལག་རྒྱས་པའི་གྲིབ་བསིལ་ཅན། །འགྲོ་བའི་ཚ་གདུང་སྐྱོབ་པའི་གཞིར་གྱུར་པ། །ཕྲིན་ལས་རྒྱལ་མཚན་ཞབས་ལ༴།།ཡོངས་འཛིན་ངང་པའི་རྒྱལ་པོ་ལ་བསྟེན་ནས། །ཟབ་དོན་མགྲིན་རྔ་འཁྲོལ་བའི་སྙན་འགྱུར་གྱིས། །བསྟན་འཛིན་རྨ་བྱའི་དགའ་སྟོན་འགྱེད་མཛད་པ། །ཆོས་ཀྱི་དབང་ཕྱུག་ཞབས་ལ༴།དགའ་ལྡན་བདག་པོའི་ཐུགས་བསྐྱེད་ལྷ་ལམ་ནས།།སྨྲ་བའི་ཟླ་ཚེས་ཞིང་འདིའི་ཆོས་ཀྱི་ཁྲིར། །འཆར་བའི་དགེ་མཚན་འོད་དཀར་སྟོང་ལྡན་པ། །ངག་དབང་ཕྲིན་ལས་ཞབས་ལ༴།སྔོན་གོམས་རིན་ཆེན་བཞི་ལས་གྲུབ་པའི་ལྷུན། །ཆོས་མིན་འདུ་འཛིའི་རླུང་གིས་མི་གཡོ་བར།། ཞི་དུལ་དེས་པའི་ཆུ་གཏེར་ལ་གནས་པ། །སངས་རྒྱས་བསྟན་འཕེལ་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་དགེ་ཚོགས་ཀྱིས། །སྐྱེ་བ་ཀུན་ཏུ་བསྟན་ལ་རབ་བྱུང་ནས། །ཚངས་པར་སྤྱོད་པས་ཚེ་ཐར་ཕྱིན་པ་དང་། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་པར་ཤོག། །གཞན་ཡང་ཚུལ་གནས་ཐོས་བསམ་སྒོམ་རིམ་དང་། །མཁས་ཚུལ་གསུམ་གྱིས་རྒྱལ་བསྟན་རིན་པོ་ཆེ། །འཛིན་སྐྱོང་སྤེལ་བའི་བྱེད་པོར་བདག་གྱུར་ཏེ། །འགྲོ་རྣམས་བྱང་ཆུབ་ལམ་ལ་འགོད་ནུས་ཤོག །ཅེས་སོ་ཐར་སྡོམ་བརྒྱུད་གྱི་གསོལ་འདེབས་དྲི་ཟའི་ཕང་འགྲོ་ཞེས་བྱ་བ་འདིའང་། རྟ་མགོའི་སྒྲུབ་སྡེ་ངེས་དོན་ཟུང་འཇུག་གྲུབ་པའི་དགའ་ཚལ་བ་རྣམས་ཀྱི་ཕྱག་བཞེས་གཞི་གསུམ་ཆོ་གའི་ཆ་ལག་ཏུ་ཀུན་མཁྱེན་པད་དཀར་ཞབས་ཀྱི་སྡོམ་རྒྱུན་ལྟར།བརྒྱུད་པའི་གསོལ་འདེབས་འདི་ལྟར་བྲིས་ཤིག་ཅེས་སྒྲུབ་སྡེའི་སློབ་དཔོན་ཡོན་ཏན་འོད་ཀྱི་བཀའ་བཞིན་ཤཱཀྱའི་བཙུན་པ་དགེ་རིན་པས་བྲིས་པ་དགེའོ།།