དམག་འཛིང་།

Wikipedia ལས།

ཡབ་རྗེ་དམ་པ་སྡེ་སྲིད་འཇིགས་མེད་རྣམ་རྒྱལ་མཆོག་ དགོངས་པ་རྫོགས་པའི་སྐབས་ལུ་ ཤེལ་རྔཔ་ཕུན་ཚོགས་རྡོ་རྗེ་དང་ ཨ་ལུ་རྡོ་རྗེ་གཉིས་ ཡབ་ཀྱིས་གསོ་བའི་བུཚ་ཨིནམ་ལས་ ཁོང་ ༤ སྤུན་མཆེད་ཀྱི་འདུ་ཤེས་བཞག་དགོ་པའི་ཞལ་ཆེམས་གནང་ཡོད་ནི་དེ་གིས་ ཕུན་ཚོགས་རྡོ་རྗེ་སྤུངས་ཐང་རྫོང་དཔོན་དང་ ཨ་ལུ་རྡོ་རྗེ་ཐིམ་ཕུག་རྫོང་དཔོན་གྱི་སྒོ་གནས་ཁར་བཞག་སྟེ་ཡོད་རུང་ ཨོ་རྒྱན་དབང་ཕྱུག་མཆོག་ ཀྲོང་གསར་དཔོན་སློབ་ཀྱི་སྒོ་གནས་བཞེས་ནི་དེ་གིས་ ཁོང་གསུམ་ཁ་འགྱེས་ཏེ་བཞུགས་དགོཔ་ཐོན་ནུག། ཧེ་མ་ཨོ་རྒྱན་དབང་ཕྱུག་མཆོག་ སྤ་གྲོ་དཔོན་སློབ་མཛད་བཞུགས་པའི་སྐབས་ གདོང་དཀར་ལ་ལས་གདོང་དཀར་ཕྱུག་པའི་བུམོ་ཨིན་མི་ གཟུགས་བྱད་ག་ནི་བ་ལེགས་པའི་བུམོ་ མིང་ལུ་བདེ་ཆེན་བཟང་མོ་ཟེར་མི་དེ་ ས་སྐྱོང་ཨྱོན་དབང་ཕྱུག་མཆོག་གི་མཚན་དང་ དཔལ་ཡོན་མཐུ་སྟོབས་གྲགས་པ་ཚུ་ལུ་ཡིད་ཆགས་དོ་བཟུམ་ གོང་ས་མཆོག་གིས་ཡང་ཐུགས་བརྩེ་བས་གཟིགས་ཏེ་ ཡིན་རིངམོ་འབྲལ་མི་ཕོད་པ་ཙམ་དུ་འགྲོགས་པའི་ལོངས་སྤྱོད་ཀྱི་སྐལ་བ་དང་ལྡན་ཏེ་བཞུགས་ནུག།

ཨིན་རུང་ ཨྱོན་དབང་ཕྱུག་གཞུང་ལུང་པར་བཞུགས་པའི་སྐབས་ལུ་ སྤུངས་རྫོངཔ་ཕུན་ཚོགས་རྡོ་རྗེ་ཡང་ བུ་མོའི་མཚར་སྡུག་མཛེས་བའི་ཡོན་ཏན་ལུ་བལྟ་སྦེ་སེམས་ཤོར་ཏེ་ ཐབས་ཤེས་སྣགས་ཚོགས་ཀྱི་སྒོ་ལས་ བུམོ་དེ་ཕུན་ཚོགས་རྡོ་རྗེ་གྱི་མནའ་མར་ལེན་ཆི་་ནུག། དེ་མ་ཚད་ ཨ་ལུ་རྡོ་རྗེ་ཡང་ ཕུན་ཚོགས་རྡོ་རྗེ་གི་ ཨ་ཞེམོ་དངོས་གྲུབ་པདྨོ་དང་དང་གཅིག་ཁར་གཉེན་བསྡོམས་ཏེ་ སྤུངས་རྫོངཔ་དང་ཐིམ་རྫོངཔ་གཉིས་ ཁེ་རྒུད་གཅིག་ཁར་བསྡོམས་ཏེ་སྡོད་ནུག། དེ་ལས་ཁོང་གཉིས་ཀྱི་ལོ་རྒྱུས་ཚུ་ ཀྲོང་གསར་དཔོན་སློབ་ཀྱིས་གསན་ཏེ་ཡོད་རུང་ ལེགས་ཉེས་ག་ཅི་ཡང་མ་གསུངས་པར་ མ་མཁྱེན་པའི་ཚུལ་སྦེ་བཞུགས་ནུག། དེ་གིས་ཡང་མ་དོ་བར་ ཁོང་གཉིས་ཀྱིས་ ཨྱོན་དབང་ཕྱུག་སྐུ་གསད་རྐྱབ་ཏེ་བཀྲོངས་དགོ་པའི་ཡི་གུ་དང་བཅས་ནང་གསུག་ མགྲོན་གཉེར་འཆང་ལོང་ལུ་བཏང་པའི་ཤུལ་ལུ་ མགྲོན་གཉེར་རྣམ་རྟོག་ལངས་ཏེ་ འདི་འཕྲོ་ལས་ཡི་གུ་འདི་དཔོན་སླབ་ཨྱོན་དབང་ཕྱུག་ལུ་ གཟིགས་འབུལ་ཕུལ་ནུག། ཨིན་རུང་ཡ་རབས་དམ་པའི་ཡོན་ཅན་དེ་ཚུ་གིས་ མ་བརྟག་པའི་བབ་ཅོལ་ནམ་ཡང་མཛད་སྲོལ་མེདཔ་ལས་ དོ་རུང་མ་མཁྱེན་པའི་ཚུལ་གྱིས་ཁོང་གཉིས་དང་གཅིག་ཁར་ རཱ་ཛ་འོག་ལུ་ཞལ་འཛོམས་གནང་ནི་སྦེ་ བཀའ་ཤོག་གནང་ཡོད་མི་དང་འཁྲིལ་ཏེ་ ཁོང་གཉིས་ཀྱིས་ཡང་དེ་སྦེ་བཏུབ་པའི་ལན་དང་འཁྲིལ་ ཨྱོན་དབང་ཕྱུག་མཆོག་གིས་ ཁོང་གཉིས་ལུ་སྦྱིན་ནིའི་གསོལ་རས་དང་བཅས་ རཱ་ཛ་འོག་ལུ་ཕེབས་པའི་སྐབས་ ཁོང་གཉིས་འོང་ནི་ཕར་བཞག་ ཐ་ན་སྐུ་ཚབ་ཙམ་ཡང་མ་བཏངམ་ལས་ དཔོན་སློབ་ཐུགས་གདིང་ལས་ཕམ་སྟེ་ དཔལ་ལྡན་འབྲུག་པའི་བསྟན་པ་དང་འབངས་མི་ཡོངས་ཀྱི་དོན་ལས་ ཡུལ་ལྷ་གཞི་བདག་ཚུ་སྤྱན་དྲངས་ཏེ་ དམག་འཐབ་དགོཔ་བྱུང་ནུག། དམག་འཛིང་གི་ལོ་འདི་ཡང་།

འབྲུག་བརྒྱུད་འཛིན་གྱི་རྒྱལ་མཆོག་དང་པ་ མི་དབང་ཨྱོན་དབང་ཕྱུག་གི་རྟོགས་བརྗོད་ (གནམ་ལོ་མེད་ སྤྱི་ལོ་ ༢༠༠༨ ཤོག་གྲངས་ ༨༥) ལས་ “རང་ལུགས་འདས་ལོ་ ༢༣༤ སྤྱི་ལོ་ ༡༨༨༥ རབ་བྱུང་ ༡༥ ཤིང་བྱ་ལོའི་ཟླ་བ་དང་པའི་ཚེས་ ༡ ལུ” ཟེར་བཀོད་དེ་འདུག། དེ་བཟུམ་སྦེ་ སླེབ་སྐྱེལ་ཐང་དང་བྱི་ལི་སྒང་ལུ་དམག་འཐབ་པའི་སྐབས་ རྫོང་དཔོན་གཉིས་ཀྱིས་ ཨྱོན་དབང་ཕྱུག་གི་དམག་ལུ་མ་ཐུབ་པར་ འབྱོག་འགྱོ་དགོཔ་ཐོན་ནུག། དེ་ལས་རིམ་པ་བཞིན་དུ་ མི་སེར་གྱི་བདེ་བ་ལུ་དམིགས་ཏེ་ རྗེ་མཁན་པོ་གིས་ ཞི་བའི་ཆིངས་འགྲིགས་དགོ་པའི་ལོ་རྒྱུས་གསུངསམ་བཞིན་དུ་ ཞལ་བཞེས་མཛད་དེ་ཆོས་རྩེ་པའི་སྐུ་ཚབ་ སྤ་རོ་དཔོན་སློབ་ཟླ་བ་དཔལ་འབྱོར་དང་ རྫོང་དཔོན་གཉིས་ཀྱི་ཁ་ཐུག་ལས་ སྤུངས་ཐང་རྫོང་དཔོན་ཕུན་ཚོགས་རྡོ་རྗེ་གི་འགོ་ཁྲིད་ཐོག་ལས་ ལྕང་གླིང་མའི་ཐང་ནང་ཞལ་འཛོམས་འཚོགས་པའི་སྐབས་ ཕུན་ཚོགས་རྡོ་རྗེ་འདི་བསད་ཡོདཔ་ཨིན་མས། དེ་ཡང་ འབྲུག་བརྒྱུད་འཛིན་གྱི་རྒྱལ་མཆོག་དང་པ་ མི་དབང་ཨྱོན་དབང་ཕྱུག་གི་རྟོགས་བརྗོད་ (གནམ་ལོ་མེད་ སྤྱི་ལོ་ ༢༠༠༨ ཤོག་གྲངས་ ༩༦) ལས་ “དབང་རྫོང་པའི་མགྲོན་གཉེར་ཨྱོན་རྡོ་རྗེ་དེ་ དྲང་བཞག་པའི་གྲལ་སྡོད་དེ་ ལྟོ་དང་ཚོདམ་དྲངས་ཚར་བའི་རྟིང་བདའ་སྟེ་ དརཝ་དྲངས་མི་སྦེ་འཛུལ་ཏེ་ སྤུངས་རྫོང་པ་ཕུན་ཚོགས་རྡོ་རྗེའི་གདོང་ཁར་ལྷོདཔ་ཅི་ བཀབ་ནེ་བུད་རྫུས་བཏབ་སྟེ་ ཚོད་མའི་རྫམ་ས་ཁར་བཞག་པའི་འཕྲོ་ལས་ དཔའ་རྟགས་འབལ་ཏེ་བླུགས་པའི་ལོ་རྒྱུས” ཟེར་བཀོད་དེ་ཡོད་རུང་ འབྲུག་རྒྱལ་རབས་ (གནམ་ལོ་མེད་ ༢༠༡༡) ལྟར་དུ་འབད་བ་ཅིན་ དྲངས་བཞག་རྐྱབ་ཚར་པའི་ཤུལ་ལུ་ དམག་གི་སྐོར་ལས་རྩོད་པ་རྐྱབ་སྡོད་པའི་བར་ན་ ཟླ་བ་དཔལ་འབྱོར་གྱིས་ གྱི་ཅུ་འབལ་འཕྲོ་ལས་ བསད་ད་པའི་ལོ་རྒྱུས་བཤད་ནི་འདུག། ག་དེ་སྦེ་ཨིན་རུང་ ཉིནམ་འདི་ཁར་སྤུངས་རྫོངཔ་བསད་ཞིནམ་ལས་ཚུར་ ནང་འཁྲུག་ཡང་ཞི་སྟེ་ རྒྱལ་ཁབ་འདི་ནང་བདེ་སྐྱིད་བྱུང་ནུག་གོ།

རྒྱབ་རྟེན།

རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས༼༢༠༡༡༽ འབྲུག་གི་འབྱུང་རབ། འབྲུག། སྤ་རོ།

དཔལ་འབྲུག་ཞིབ་འཇུག་ལྟེ་བ༼༢༠༠༨༽ འབྲུག་བརྒྱུད་འཛིན་གྱི་རྒྱལ་མཆོག་དང་པ་མི་དབང་ཨྱོན་དབང་ཕྱུག་མཆོག་གི་རྟོགས་བརྗོད། འབྲུག། ཐིམ་ཕུག།

"https://dz.wikipedia.org/w/index.php?title=དམག་འཛིང་།&oldid=31249" ལས་ སླར་འདྲེན་འབད་ཡོདཔ།