དཤཻཾ་དུས་སྟོན།
དེ་ཡང་ དཤཻཾ་དུས་སྟོན་འདི་ སྔོན་མ་སྲིན་པོ་རཀྟ༌བིཛ་བཏུལ་ནི་གི་དོན་ལུ་ ལྷ་མོ་དུརྒ་གིས་ལྷ་མོ་ནག་མོ་ལུ་སྤྲུལ་པའི་ཉིནམ་དང་ རྒྱལ་པོ་རམ་གྱིས་ ལངྐའི་རྒྱལ་པོ་ར་ཝན་བཏུལ་བའི་ཉིམ་དེ་ལུ་དཤཻཾ་གི་དུས༌སྟོན༌སྦེ་བརྩིཝ་ཨིན།
ཧེ་མ་ སྲིན་ཡུལ་ལངྐ་ལུ་ སྟོབས་དང་དཔུང་ཆེ་ཞིང་ རྫུ་འཕྲུལ་ལྡན་པའི་རྒྱལ་པོ་ ལངྐ་མགྲིན་བཅུ་ཟེར་གཟུགས་གཅིག་ལུ་ དབུ་བཅུ་ཡོད་པ་དེ་ཡང་ དབུས་ཀྱི་རྟ་མགོ་མ་བཅད་ཀྱི་བར་ན་ ལྷ་དབང་ཕྱུག་ལས་མི་འཆི་བའི་དངོས་གྲུབ་ཐོབ་མི་ཅིག་བྱུང་ནུག།
རྒྱལ་ཁབ་མི་ཐི་ལཱ་ཟེར་ས་ལུ་ རྒྱལ་པོ་ཛ་ནག་ཟེར་མི་ཅིག་དང་ དེའི་སྲས་མོ་མཚར་སྡུག་ཅན་སཱི་ཏཱ་ ཟེར་མི་ཅིག་བྱུང་ནུག། དེ་དང་དུས་མཉམ་དུ་འཛམ་བུ་གླིང་གི་རྒྱལ་པོ་(དཤ་ར་ཐ) ཤིང་རྟ་བཅུ་པ་ཟེར་མི་ཅིག་བྱུང་ནུག། རྒྱལཔོ་དེ་ལུ་ བཙུན་མོ་ཀཽཤ་ལྱཱ་ ཀཻ་ཀེ་ཡི་ སུ་མིཏྲ་གསུམ་ཡོད་མི་དེ་ཚུ་ལས་ སྲས་ཤྲཱི་རཱམ་ཙནྡྲའམ་དགའ་བྱེད། བྷ་རཏ། ལཀྵ་མཎ། ཤཏྲུ་ཧ་ན་བཅས་བཞི་འཁྲུངས་ནུག་ རྒྱལ་པོ་འདི་གི་རྒྱལ་ས་ལྟེ་བ་ཨ་ཡཱོ་དྷ་ཟེར་ས་ལུ་ཨིན།
དེ་ལས་ ནམ་ཅིག་གི་ཚེ་ ཡབ་རྒྱལ་པོས་རྒྱལ་སྲིད་ཀྱི་དབང་ཆ་ སྲས་སྦོམ་ཤོས་དགའ་བྱེད་ལུ་གནང་ནི་འབདཝ་ད་ བཙུནམོ་བར་པ་ཀཻ་ཀེ་ཡི་གིས་མོ་རང་གི་བུ་ བྷ་རཏ་འདི་ རྒྱལ་པོ་སྦེ་བཞག་ནི་གི་དོན་ལུ་ ཕོ་རྒནམ་དགའ་བྱེད་དང་ སཱི་ཏཱ་ནགས་ཚལ་ནང་ལུ་ ལོ་བཅུ་བཞི་གི་བར་མཐའ་བཤུད་གཏང་དགོཔ་སྦེ་ཞུ་ནུག། རྒྱལ་པོ་གིས་འདི་ལུ་གསན་དགོ་པའི་དོན་དག་འདི་ ཧེ་མ་རྒྱལ་པོ་ད་ཤ་རཐ་ཁོ་ར་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ ལྷ་མ་ཡིན་ཚུ་དང་གཅིག་ཁར་དམག་རྐྱབ་པའི་བསྒང་ ཤིང་རྟ་འཁོར་ལོ་གི་འཛེར་འཐོན་འགྱོཝ་ད་ བཙུན་མོ་གིས་མཛུབ་ཅུང་བཙུགས་ཏེ་དམག་རྐྱབ་རྐྱབ་ཨིན་མས། དམག་རྐྱབ་ཚརཝ་ད་ རྒྱལ་པོ་གིས་ མོ་ར་གི་འདོད་པ་ག་ཡོད་རྒྱལ་པོ་གིས་འགྲུབ་ནིའི་ཞལ་བཞེས་ཡོདཔ་ལས་བརྟེན་ཨིན་མས།
དེ་བསྒང་ རྒྱལ་པོ་ཛ་ནག་གི་སྲས་མོ་ ག་ནི་ལས་འཇའ་རི་བའི་སཱི་ཏཱ་དེ་ལུ་ རྒྱལ་སྲས་ཚུ་ག་ར་ག་ཐོབ་རྐྱབ་སྟེ་ མནའམ་ལྷང་པར་འོང་ནུག། ཡབ་རྒྱལ་པོ་གིས་ ཁོ་རང་འབད་ས་ལུ་ མི་ག་གིས་ཡང་འཐུ་མ་ཚུགས་མི་ལྷ་དབང་ཕྱུག་གི་གཞུ་རྙིངམ་ཅིག་ཡོད་མི་འདི་ འཐུ་སྟེ་བཀང་ཚུགས་མི་ཡོད་པ་ཅིན་ སཱི་ཏཱ་འདི་ མནའམ་སྦེ་བྱིན་ནི་ཨིན་ཟེར་བཀའ་ཁྲིམས་བསྒྲགས་པའི་ཚེ་ རྒྱལ་སྲས་ག་ར་འོངས་སྦེ་འཐུ་རུང་འཐུ་མ་ཚུགས་པར་ལུསཔ་མ་ཚད་ སྲིན་པོའི་རྒྱལཔོ་ལངྐ་མགྲིན་བཅུ་པ་འོངས་ཏེ་འཐུ་རུང་འབད་མ་ཚུགས་པས། མཇུག་ལུ་ར་རྒྱལ་སྲས་དགའ་བྱེད་ཀྱིས་འཐུ་སྟེ་འགྲོས་ཀྱིས་སྦེ་འཐེན་ཏེ་གཞུ་བཀངམ་ད་ གཞུ་འདི་བཀང་ཚུགས་པ་གིས་མ་ཚད་ དུམ་གསུམ་སྦེ་བཅག་སྟེ་ར་བཏང་ཚུགས་ནུག། རྒྱུ་མཚན་འདི་ལུ་བརྟེན་ཏེ་ སཱི་ཏཱ་དགའ་བྱེད་ཀྱིས་ཐོབ་ཆི་རུང་ ཡབ་ཡུམ་གྱི་བཀའ་དང་འཁྲིལ་ཏེ་ རི་ཁར་འགྱོ་དགོསཔ་ཡོདཔ་ལས་ སཱི་ཏཱ་དང་ལཀྵ་མཱན་འཁྱིད་སྦེ་ཡར་སོ་ནུག།
རྒྱལ་པོ་དགའ་བྱེད་ཀྱི་ནུ་ཅུང་བྷ་ར་ཏ་འདི་ ཨ་ཞང་གི་གཡུས་ཁར་སོང་སྦེ་སྡོད་རུང་ ཡུམ་ཀཻ་ཀེ་ཡི་གིས་མ་བཞག་པར་རྒྱལཔོ་འབད་དགོཔ་བཀའ་གནངམ་ལས་ བྷ་ར་ཏ་གིས་ཡབ་དགོངསཔ་རྫོགས་པའི་ཤུལ་ལུ་ རྒྱལ་པོའི་ཐོབ་ཐངས་ཕོ་རྒནམ་སྦོམ་ཤོས་ལུ་ཨིན་ཟེར་མནོ་སྟེ་ ཕོ་རྒནམ་དགའ་བྱེད་ཀྱི་ཞབས་ལྷམ་ཀྲེབ་ཀྲེམ་རྒྱལ་པོའི་ཁྲི་གུ་བཞག་སྦེ་ ཉིན་ལྟར་བཞིན་དུ་གུས་ཞབས་ཚར་རེ་ཞུ་ཡི་ར་ རྒྱལ་པོའི་ཕྱག་ལས་གནང་བཞུགས་ནུག།
དེ་ལས་དགའ་བྱེད་རི་ཁ་ལུ་སྡོདཔ་ད་ ཉིནམ་ཅིག་འབདཝ་ད་ ར་ཝན་གྱིས་གཡོ་སྒྱུ་འབད་དེ་ སྲིན་མོ་བསླུ་བྱེད་མ་(མ་རེཇེ་)གིས་གསེར་གྱི་ཀ་ཤ་ལུ་སྤྲུལ་སྦེ་ སྦོ་ལོགས་ཁར་རྩྭ་ཟ་བར་འོངམ་ད་ སཱི་ཏཱ་གིས་གསེར་ཀྱི་ཀ་ཤ་འདི་བཟུང་ཟེར་སླབ་ལས་ དགའ་བྱེད་ཀྱིས་བདའ་སྟེ་འགྱོཝ་ད་ ལཀྵ་མན་སཱི་ཏཱ་གི་ཆ་རོགས་སྦེ་བཞག་ནུག།
ཡུདཔ་ཅིག་ཁ་ལས་ དགའ་བྱེད་ཀྱི་མདའ་ཀ་ཤ་དེ་ལུ་རྐྱབ་ད་ ཀ་ཤ་གིས་ཡ་སཱི་ཏཱ། ཡ་ལཀྵ་མཱན་ཟེར་སྐད་རྐྱབ་ནུག། སྐད་འདི་སཱི་ཏཱ་དང་ ལཀྵ་མཱན་གྱིས་གོཝ་ད་ དགའ་བྱེད་ཀྱིས་ཆ་རོགས་འབད་བར་ཤོག་ཟེར་སླབ་འདྲ་བས་མནོ་སྟེ་ ལཀྵ་མཱན་གྱིས་སཱི་ཏཱ་གི་སྲུང་སྐྱོབ་དོན་ལུ་ པད་སྐོར་བསྒྱིར་ཏེ་གཞུ་གིས་མཚམས་བཅད་དེ་ མཚམས་དེའི་ནང་འཁོད་ག་ཡང་འོང་མ་ཚུགསཔ་བཟོ་སྦེ་ཡར་སོ་ནུག།
ཁོ་རྒྱབ་ཐལཝ་ཅིག་ རྒྱལ་པོ་ར་ཝན་སྒོམ་ཆེན་བཟུམ་བཟོ་འོང་ཞིན་ན་ བསོད་སྙོམས་ལྷང་པར་འགྱོཝ་ད་ གཞུ་གིས་མཚམས་རིས་ནང་ན་མ་ཐལ་བས། སཱི་ཏཱ་མོ་ར་བསོད་སྙོམས་འབག་སྟེ་ས་མཚམས་ཕྱི་ཁར་ཤོག་ཟེར་སླབ་སྟེ་ ཕྱི་ཁར་ཐོནམ་ཅིག་ སཱི་ཏཱ་ར་ཝན་གྱིས་བཟུང་སྟེ་རྫུ་འཕྲུལ་གྱིས་ལངྐ་ལུ་འབག་ཡར་སོང་ནུག།
དེ་ལས་ ལཀྵ ་མཱན་རྒྱལ་པོ་དགའ་བྱེད་འབད་སར་ལྷོདཔ་ད་ ཀ་ཤ་འདི་ མིག་འཕྲུལ་ཨིནམ་ཤེས་ཏེ་ལོག་འོང་ནུག། ཁོང་རང་སྡོད་སར་ལྷོདཔ་ད་ སཱི་ཏཱ་མེད་པར་འཚོལ་བར་འགྱོཝ་ད་ གཤོག་སྒྲོ་བཏོག་སྟེ་ས་ཁར་བུད་སོ་པའི་བྱི་ཅུང་ཅིག་གིས་ རཱ་ཝན་གིས་ སཱི་ཏཱ་འབག་སྟེ་ནམ་མཁའ་ལས་འཕུར་འགྱོཝ་ད་ ང་གིས་ཁ་འཕྱལ་ནི་འབད་རུང་ རཱ་ཝན་གྱིས་ངེའི་གཤོག་སྒྲོ་བཏོགས་བཏང་དཔ་ལས་ འབད་མ་ཚུགས་པར་སཱི་ཏཱ་འབག་ཡ་སོ་ཡི་ཟེར་སླབ་ནུག།
དེ་ལས་ སི་ཏ་སྲིན་ཡུལ་ལུ་འབག་འགྱོཝ་ཧ་གོ་སྟེ་ ལུང་པའི་ཕུ་ལུ་ཡོད་མི་ སྤྱ་གི་རྒྱལཔོ་མགྲིན་བཟང་གི་བློན་པོ་ ལྷ་དབང་ཕྱུག་གི་སྲས་བར་པ་མིག་ཏོ་གསུམ་ཡོད་མི་ ཧ་ནུ་མནཐ་ཟེར་མི་འདི་ རོགས་རམ་འཚོལ་སྦེ་བལྟ་བར་བཏང་ནུག། སྲིན་ཡུལ་ལུ་ལྷོད་དེ་ སཱི་ཏཱ་བཙོན་ལུ་བཙུགས་སར་སོང་སྟེ་ ང་རྒྱལཔོ་དགའ་བྱེད་ཀྱིས་བཏངམ་ཨིན་ཟེར་ མཛུབ་དཀྱིས་སྟོནམ་ལས་ཡིད་ཆེས་ཏེ་ སཱི་ཏཱ་གིས་རྒྱལ་པོ་རམ་ལུ་ ར་ཝན་དང་གཅིག་ཁར་དམག་རྐྱབ་སྟེ་ མོ་ལེན་པར་ཤོག་ཟེར་ཁ་འཐེན་བཏངམ་ལས་ ཧ་ནུ་མནཐ་མཆོངས་ཐེངས་གཅིག་གིས་ དགའ་བྱེད་ཡོད་སར་ལོག་འོང་ནུག།
ལོ་རྒྱུས་ཚུ་སླབ་ཞིན་ན་ སྤྱ་གི་དམག་ཚོགས་བསྡུ་སྟེ་རྒྱ་མཚོའི་འགྲམ་ལུ་སོང་ཞིནམ་ལས་ དུས་ཚོད་གནམ་གང་གི་ཕྱི་རུ་ཅིག་ལས་འགོ་བཙུགས་ཏེ་ ལྷ་མོ་དུརྒ་དང་ལྷ་ཆེན་དབང་ཕྱུག་ལུ་ གསོལ་མཆོད་ཕུལ་ཏེ་གསོལཝ་བཏབ་ནུག། ལྷ་མོའི་ཐུགས་རྗེ་ལས་བརྟེན་ཏེ་ རྒྱ་མཚོའི་མགུ་ལས་ཡང་ སྤྱ་ཚུ་གཅིག་གིས་གཅིག་ལགཔ་མཐུད་དེ་ ཟམ་བཙུགས་ས་ལས་སོང་སྟེ་ སྲིན་ཡུལ་ལུ་ལྷོད། སྲིན་པོའི་རྒྱལཔོ་ར་ཝན་དང་གཅིག་ཁར་ ཚེས་ ༡ ལས་ ༩ ཚུན་ ཕྱད་མདའ་རྐྱབ་སྟེ་ཚེས་ ༡༡ ཉིན་སྲིན་པོའི་རྒྱལཔོ་རཱ་ཝན་བསད་དེ་ རྒྱལ་ཁ་ཐོབ་པའི་དུས་འབད་ནི་དེ་གིས་ ད་རེས་ཡང་དེའི་ཉིན་མར་ ལྷ་མོ་ལུ་མཆོད་པ་ཕུལ་ཏེ་ དཤཻཾ་དུས་སྟོན་བརྩི་སྲུང་འབད་དགོས་པའི་ཁུངས་ དེ་ལས་བརྟེན་ཨིན།
དུས་ཚོད་དེའི་ཉིན་མར་ དང་ཕུ་ང་བཅས་རའི་མི་ཚུ་ཟ་མི་གི་སྲིན་པོ་རཀྟ་བཱིཛ་ཟེར་མི་ དེ་གི་ཁྲག་ཐིགས་པ་རེ་ས་ཁ་ལུ་བུདཝ་ད་ ས་ལས་ཡང་ སྲིན་པོའི་དམག་ཁྲི་ཕྲག་མང་པོ་ཐོན་ཚུགས་མི་ཅིག་བྱུང་ནུག། དེ་གསད་ནི་གི་ཐབས་ལུ་ མི་ཚུ་ག་ར་གིས་ལྷམོ་དུརྒ་ལུ་ གསོལ་བ་བཏབཔ་ད་ དུརྒ་གིས་ ལྷ་མོ་ནག་མོ་ལུ་སྤྲུལ་ཏེ་ སྲིན་པོའི་ཁྲག་ས་ཁ་ལུ་ཟག་མ་བཅུག་པར་རིམ་པ་བཞིན་དུ་ལྕེ་གིས་བལྡགས་ཏེ་ ཉིནམ་བཅུ་པ་ལུ་ སྲིན་པོ་དེ་དམ་ལུ་བཏགས་པའི་དུས་ཚོད་འདི་ཡང་ ཉིམ་དེ་ལུ་ཕོགཔ་ཨིན།
དུས་ཆེན་དེའི་སྐབས་ ལྷ་མོ་ལུ་གསོལ་མཆོད་ཕུལཝ་ད་ ཧེ་མ་དམར་མཆོད་འབད་དེ་ར་གསོལ་མཆོད་ཕུལཝ་ཨིན་རུང་ ཤུལ་ལས་ དུས་ཆེན་འདི་ ནག་ཕྱོགས་ལས་དཀར་ཕྱོགས་རྒྱལ་བའི་ དགའ་སྟོན་འབད་ནི་འདི་གིས་སྲོག་གཅོད་མ་འབད་བ་ཅིན་ དྲག་ནི་མས་ཟེར་ ལ་ལུ་ཅིག་གིས་ཉིམ་བདུན་པ་འདི་ལུ་ སྲོག་གཅོད་འབད་དེ་ཉིནམ་གཞན་མི་ཚུ་ལུ་སྲོག་གཅོད་མ་འབད་བར་བཞག་སྲོལ་འདུག། ཉིནམ་བཅུ་པའི་ཚེ་ དྲོ་པར་ཞོ་དང་འབྲས་ཚུ་བསྲེས་ཏེ་གསོལ་མཆོད་ཕུལ་བའི་ཤུལ་ལུ་ འབྲས་ ཀར་ ནག་ གེ་ཟ་ཚུ་བཏབ་པའི་ལྕུག་ཀུ་གིས་སྦེ་སྨོན་འབྲུ་སྦྱརཝ་ཨིན།
ཊཱི་ཀཱ་དང་པ་དེ་ སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་པོ་ལུ་སྦྱར་དགོཔ་ཨིན་རུང་ དེའི་གོ་སྐབས་མ་ཐོབ་མི་ཚུ་གིས་དང་པ་ར་ ཁྱིམ་ནང་གི་མ་སྒོའམ་ཀཝ་སྦོམ་ཤོས་ཅིག་ལུ་ཊཱི་ཀ་སྦྱརཝ་ཨིན། དེ་ལས་གཞུང་ཚབ་དང་རྒཔོ་ འཐུས་མི་ཚུ་ལུ་ རིམ་པ་བཞིན་དུ་སྦྱར་བའི་ཤུལ་ལུ་ རང་རང་སོ་སོའི་ཁྱིམ་ནང་གི་མི་ཚུ་ རྒན་རིམ་བཞིན་སྦྱརཝ་ཨིན། ཊཱི་ཀཱ་སྦྱར་བའི་ཉིནམ་ལུ་ མ་མཐུན་པ་ཡོད་རུང་ དགའ་བཞིན་སྤྲོ་བཞིན་གྱི་ཐོག་ལས་ གཉེན་ཉེ་འཁོར་ག་ར་ལུ་ཚེས་ ༡༠ ལས་ཚེས་ ༡༥ ཚུན་ཉིནམ་ལྔའི་རིང་ ཊཱི་ཀཱ་སྦྱར་ཏེ་དུས་སྟོན་འབདཝ་ཨིན།
དུས་ཚོད་འདི་ ལོ་བསྟར་བཞིན་དུ་ ཚེས་གྲངས་ལྷག་ཆད་དང་བསྟུན་ཏེ་ སོར་ཏེ་འགྱོཝ་ལས་ སྤྱི་ཚེས་དང་འགྲིགས་མི་ཚུགས། ཨིན་རུང་ ཧིན་དྷུའི་དུས་ཚོད་བརྩི་སྲོལ་སམ་བྷད་སར་ཟེར་ཡོད་མི་གི་ཟླཝ་ ༦ པ་ཨ་སུ་ཝིན་གྱི་དཀར་ཕྱོགས་ཟེར་ ལོ་བསྟར་ ཉིམ་དུས་སྦྱོར་བུ་མོའི་ཁྱིམ་ནང་ལྷོད་པའི་ཚེས་གྲངས་ལས་འགོ་བཙུགས་ཏེ་ ཉིནམ་བཅོ་ལྔའི་རིང་རྩི་དོ་ཡོདཔ་ལས་ དུས་ཚོད་འདི་ འབྲུག་ཟླ་ལས་འབདན་མང་ཤོས་ར་ཟླཝ་ ༨ པའི་ནང་ཕོགཔ་ཨིན།
དུས་སྟོན་འདི་ ང་བཅས་རའི་དཔལ་ལྡན་འབྲུག་པའི་ལྷོ་མཚམས་མི་སེར་ཚུ་གིས་ བརྩི་སྲུང་འབདཝ་ལས་བརྟེན་ མི་སེར་སོ་སོའི་འདོད་པ་དང་བསྟུན་ཏེ་ གཞུང་གིས་ཡང་གཞུང་འབྲེལ་ངལ་གསོ་ཉིནམ་གཅིག་བཞག་སྦེ་ དུས་ཆེན་བརྩི་ཐོག་ལས་དགའ་སྤྲོ་འབདཝ་ཨིན།