ན་གཞོན་ལྕོགས་གྲུབ་ལས་ཚོགས།

Wikipedia ལས།

༉ ལས་ཚོགས་འདི་གི་མིང་ ན་གཞོན་ལྕོགས་གྲུབ་ལས་ཚོགས་ཟེར་མ་བཏགས་པའི་ཧེ་མ་ འབྲུག་བྱམས་སྐྱོང་མཐུན་འབྲེལ་གཞི་བཙུགས་ཟེར་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༢༨ ལུ་གཞི་བཙུགས་མཛད་གནང་ནུག། ལས་ཚོགས་འདི་ འབྲུག་ཞི་བའི་མི་སྡེ་བཅའ་ཁྲིམས་ཀྱི་འོག་ལུ་ མི་སེར་ལུ་ཕན་ཐོགས་པའི་ལས་ཚོགས་ཅིག་སྦེ་ཐོ་བཀོད་ཨང་ CSOA-PBO-31 ཅན་མར་ཐོ་བཀོད་མཛད་གནང་ནུག། དེ་མ་ཚད་ལས་ཚོགས་འདི་གིས་ལྷོ་ཨེ་ཤི་ཡ་གཞི་བཙུགས་ཀྱི་ནང་འབྲུག་པའི་ལེའུ་ཚན་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན་མས། འབྲུག་བྱམས་སྐྱོང་མཐུན་འབྲེལ་གཞི་བཙུགས་འདི་ མི་སྡེ་ལས་ཚོགས་གྲོས་སྟོན་དབང་འཛིན་གྱིས་ངོས་ལེན་འབད་བའི་ཤུལ་ལུ་ ལས་ཚོགས་འདི་གི་མིང་འདི་ སྤྱི་ལོ་ ༢༠༢༡ གི་སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༡ ལུ་ ན་གཞོན་ལྕོགས་གྲུབ་ལས་ཚོགས་ཟེར་ བསྒྱུར་བཅོས་འབད་ཡོདཔ་ཨིན་མས། ན་གཞོན་ལྕོགས་གྲུབ་ལས་ཚོགས་འདི་གིས་ འབྲུག་བྱམས་སྐྱོང་མཐུན་འབྲེལ་གཞི་བཙུགས་ཀྱི་དམིགས་དོན་འདི་བསྒྱུར་བཅོས་མེད་པར་འཕྲོ་མཐུད་ནི་ཨིན་པའི་གུར་ འབྲུག་པའི་ན་གཞོན་ཚུ་ལུ་དོན་སྨིན་ཅན་གྱི་གཡོག་འཚོལནི་་ལུ་རྒྱབ་སྐྱོར་འབད་ནིའི་དོན་ལུ་གཞི་བཙུགས་འབདཡོདཔ་ཨིན་མས། ལས་ཚོགས་འདི་ ན་གཞོན་ཚུའི་དཀའ་ངལ་སེལ་ཐབས་ཅིག་སྦེ་གཞི་བཙུགས་འབད་ཡོད་ནི་འདི་གིས་ ལས་ཚོགས་ཀྱི་ཚ་གྱང་སྦོམ་ཤོས་ཅིག་ རྒྱལ་ཁབ་ནང་ ན་གཞོན་ཚུ་ལུ་ལཱ་གཡོག་མ་ལངས་པའི་དཀའ་ངལ་འདི་ཡར་སེང་འགྱོ་དོ་ཡོད་མི་འདི་ཨིན་མས། དེ་འབདཝ་ལས་ ལས་ཚོགས་འདི་གི་དམིགས་ཡུལ་གཙོ་བོ་ ན་གཞོན་ཚུ་ལུ་གཡོག་ལངསམ་སྦེ་བཟོ་ནི་ཨིན་མས། དེ་གིས་མ་དོ་བར་ ལས་ཚོགས་འདི་གིས་སློབ་གྲྭ་ནང་འགྱོ་བའི་ན་གཞོན་དང་བཟོ་རིག་སྦྱོང་བརྡར་སྤེལ་ཁང་ནང་ཡོད་མི་དང་གཞན་ཡང་ དོན་སྨིན་ཅན་གྱི་ལཱ་གཡོག་འཚོལ་མ་ཐོབ་མིའི་ན་གཞོན་ཚུ་ལུ་གཙོ་བོར་བཏོན་ནིའི་དམིགས་པ་བསྐྱེད་དོ་ཡོདཔ་ཨིན་མས།
ལས་ཚོགས་དེའི་བཀོད་ཚོགས་མདོ་ཆེན་གྱི་ནང་ལུ་ ན་གཞོན་ངོ་ཚབ་འཐུས་མི་དང་མི་སྡེ་ཁག་ལས་ངོ་ཚབ་རེ་བརྩིས་ཏེ་འཐུས་མི་བསྡོམས་བདུན་ཡོདཔ་ཨིན་མས།. བཀོད་ཚོགས་མདོ་ཆེན་དེ་གིས་ལས་ཚོགས་སྐྱོངམ་ཨིནམ་ལས་ ལས་ཚོགས་ཀྱི་ལས་འཆར་ཚུ་ལུ་བཀོད་ཁྱབ་འབད་ནི། མདུན་ལམ་གཟང་ནི། ལཱ་འབད་བའི་སྐབས་ལམ་སྟོན་ཚུ་བྱིན་ཏེ་ དེ་ཚུ་འབད་ནིའི་དོན་ལུ་མ་དངུལ་ལང་མ་ལངས་པའི་དཀའ་སྔལ་ཚུ་ཡང་བལྟ་ནི་འདི་ བཀོད་ཚོགས་དེ་གི་ལཱ་འགན་ཨིན་པས། བཀོད་ཚོགས་འདི་ལོ་གཅིག་ནང་ ཉུང་ཤོས་ར་ཚར་བཞི་དེ་རེ་འཛོམས་དོ་ཡོདཔ་དང་ ལས་ཚོགས་ཞལ་འཛོམས་ཐེངས་དང་པམ་འདི་ སྤྱི་ལོ་ ༢༠༡༨ སྦྱིན་ཟླ་ ༣ པའི་སྤྱི་ཚེས་ ༣ ལུ་འགོ་འདྲེན་འཐབ་ཡོདཔ་ཨིན་མས། བཀོད་ཚོགས་འཐུས་མི་ཚུ་ལོ་ལྔའི་རིང་ཕྱག་ཞུ་དོ་ཡོདཔ་ཨིན་རུང་ གནས་སྟངས་དང་འཁྲིལ་ལོག་སྟེ་བསྐོ་བཞག་འབད་དོ་ཡོདཔ་ཨིན་མས། འཐུས་མི་ཚུ་ལུ་དངུལ་འབྲེལ་གྱི་རྒུད་འཐུས་ ཡང་ན་ ཚོགས་ཡོན་ཚུ་ ག་ནི་ཡང་འཐོབ་ནི་མེདཔ་ཨིན་མས། ལས་ཚོགས་་ཀྱི་ཁྲི་འཛིན་འདི་དྲག་ཤོས་ཨོ་རྒྱན་ཚེ་བཅུ་ཨིན་མས།་། དྲག་ཤོས་མཆོག་གིས་གཞུང་དབང་གི་ཆེ་མཐོའི་གོ་གནས་རྣམ་པ་སྣ་ཚོགས་ནང་ལུ་ཕྱག་ཞུ་ཡོདཔ་དང་ ད་ལྟོ་ཡང་ཞུ་དང་ཞུཝ་བཞིན་དུ་ཡོདཔ་ཨིན་མས། ཁྲི་འཛིན་གྱིས་བཤད་མིའི་ནང་འབད་བ་ཅིན་ ན་གཞོན་ལྕོགས་གྲུབ་ལས་ཚོགས་ཀྱིས་ ན་གཞོན་ཚུ་ ལུ་དོན་སྨིན་ཅན་གྱི་གཡོག་སྤྲོད་དེ་འཚོ་བ་སྐྱོང་བཅུག་ནི་ལུ་རྒྱབ་སྐྱོར་འབད་དོ་ཡོད་ཟེར་ཨིན་མས། དེ་ལས་བརྟེན་ ན་གཞོན་ཁོང་རའི་མི་ཚེ་འདི་ཚུལ་མཐུནམ་དང་གཅིག་འབྲེལ་གྱི་ཐོག་ལས་ དོན་དག་ཡོདཔ་ཅིག་བཟོ་ནི་ལུ་དམིགས་གཏད་བསྐྱེད་དེ་ལཱ་འབད་དོ་ཡོདཔ་ཨིན་མས། ན་གཞོན་ལྕོགས་གྲུབ་ལས་ཚོགས།
མི་སྡེ་འདི་དོན་དག་ཡོདཔ་ཅིག་བཟོ་ནི་ལུ་གྲོགས་རམ་འབད་ཐབས་ལུ་ འགན་ཁུར་ཅན་གྱི་ན་གཞོན་ཚུ་སྐྱོང་གཞག་་འབད་ནི་འདི་ ན་གཞོན་ལྕོགས་གྲུབ་ལས་ཚོགས་ཀྱི་འཆར་གཞི་ཨིནམ་དང་། འབྲུག་པའི་ན་གཞོན་ཚུ་ཚུལ་མཐུན་དང་རང་གིས་རང་ལངསམ་སྦེ་སྡོད་ནི། དེ་མ་ཚད་འཇོན་ཐང་ཆེ་བའི་མི་ཁུངས་ཅིག་སྦེ་བཟོ་་ནི་ལུ་ འགན་ཁུར་ཅན་གྱི་ན་ལོན་ལུ་འགྱུར་ནིའི་ལམ་བཟོ་ནི་ལུ་དམིགས་པ་བསྐྱེད་དོ་ཡོདཔ་ཨིན་མས། དེ་འབདཝ་ལས་ ན་གཞོན་ཚུ་དོན་སྨིན་ཅན་གྱི་གཡོག་འཐོབ་ཐབས་ལུ་ དགོས་མཁོ་དང་མཐུནམ་སྦེ་རྒྱབ་སྐྱོར་འབད་ནིའི་དོན་ལུ་ ན་གཞོན་ཚུ་གི་སྡེ་ཚན་དབྱེ་ཁག་གསུམ་སྦེ་བཟོ་ཡོདཔ་ཨིན་མས། དེ་ཡང་ དང་པ་ལཱ་གཡོག་ནང་ལུ་མ་འཛུལ་མི་ སློབ་རིམ་ ༡༠ པ་དང་ ༡༢ པའི་སློབ་ཕྲུག་ཨ་ལུ་་སློབ་གྲྭ་ནང་འགྱོ་མིའི་ན་གཞོན་དང་། གཉིས་པ་ ལཱ་གཡོག་གི་དོན་ལུ་བཟོ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལུ་སྦྱོང་བརྡར་འབད་མི་ན་གཞོན། གསུམ་པ་ ན་གཞོན་ལོ་ངོ་ ༢༤ ལངས་ཏེ ལཱ་གཡོག་འཚོལ་བའི་བསྒང་ཡོད་མི་ཚུ་ཨིན་པས། དབྱེ་ཁག་གསུམ་པམ་དེ་ནང་ སློབ་གྲྭ་ལས་ཐོན་ཏེ་སྡོད་མི་དང་མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ན་གཞོན་ཚུ་ཡང་ཚུད་དོ་ཡོདཔ་ཨིན་མས། ན་གཞོན་ལྕོགས་གྲུབ་ལས་ཚོགས། ༢༠༢༡

ཁུངས་གཏུག།[ཞུན་དག།]

  1. Organization For Youth Empoerment. (2021). Vision and Mission. Retrieved from OYE's vision and mission: http://www.bhutanoye.org
  2. Organization For Youth Empowerment. (2021). About Us- Organization For Youth Empowerment. Retrieved from About Us: http://www.bhutanoye.org
  3. Organization For Youth Empowerment. (n.d.). About Us - OYE. Retrieved from The Board of Directors: http://www.bhutanoye.org