Jump to content

ན་མི་བི་ཡ།

Wikipedia ལས།
ན་མི་བི་ཡ།
རྒྱལ་ཡོངས་ཁ་སྐད།ཨིང་ལིཤ
རྒྱལ་ས།ཝིནཌ་ཧུཀ།

ན་མི་བི་ཡ་འདི་ སའུཐ་ཨཕ་རི་ཀའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་ཁ་ཐུག་ལུ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་སའི་རྒྱ་ཁྱོན་འདི་ཀི་ལོ་མི་ཊར་གྲུ་བཞི་ ༨༢༥༦༡༥ ཡོདཔ་ཨིན། []དེ་བཟུམ་སྦེ་རྒྱལ་ཁབ་ཀྱི་ས་ཆ་ ཀི་ལོ་མི་ཊར་གྲུ་བཞི་ ༨༢༣༢༩༠ ཡོདཔ་དང་ ཀི་ལོ་མི་ཊར་གྲུ་བཞི་ ༡༠༠༢ འདི་ཆུ་གིས་ཁྱབ་སྟེ་ཡོདཔ་ཨིན།[] མཚོ་འགྲམ་གྱི་ཁྱབ་ཚད་འདི་ ཀི་ལོ་མི་ཊར་ ༡༥༧༢ ཡོདཔ་ཨིན། སྤྱི་ལོ་ ༢༠༢༤ ནང་བཀོད་མི་ལྟར་དུ་འབད་བ་ཅིན་ རྒྱལ་ཁབ་ཀྱི་མི་རློབས་ས་ཡ་ ༢.༨ ཡོདཔ་ཨིན། []མི་རློབས་ཀྱི་ཁྱབ་ཚད་ཡང་ དབུས་བྱང་གི་ཕྱོགས་ ཨང་གྷོ་ལ་གི་ས་མཚམས་ཁར་ མང་ཆེ་ཤོས་ཅིག་སྦེ་ཁྱབ་སྟེ་ཡོདཔ་དང་ སའི་རྒྱ་ཁྱོན་དང་འཁྲིལཝ་ད་ ཁྱབ་ཚད་འདི་སྲ་སུ་ཅིག་སྦེ་ཡོདཔ་ཨིན།[] རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཀྱི་མཚམསལུ་ཨེཊ་ལཱན་ཊིག་རྒྱ་མཚོ་ཡོདཔ་དང་ བྱང་མཚམས་ལུ་ཨང་གྷོ་ལ་དང་ཛམ་བྷི་ཡ་ཡོད། ཤར་ཕྱོགས་ཀྱི་མཚམས་ལུ་བྷོཙ་ཝ་ན་དང་ ལྷོ་ཕྱོགས་ཀྱི་ས་མཚམས་ཁར་སཱའུཐ་ཨཕ་རི་ཀའི་རྒྱལ་ཁབ་ཡོདཔ་ཨིན། ན་མི་བི་ཡ་གི་རྒྱལ་ས་ལྟེ་བ་འདི་ ཝིནཌ་ཧུཀ་ཨིནམ་དང་ ཁྲོམ་འདི་རྒྱལ་ཁབ་འདི་གི་ཁྲོམ་སྦོམ་ཤོས་ཅིག་ཨིན། རྒྱལ་ཁབ་ནང་གི་མི་རློབས་ཚུ་ཁ་གཏོར་ཏེ་ཡོདཔ་ཨིན།[]རྒྱལ་ཁབ་དེ་ནང་ འཛམ་གླིང་ནང་བྱེ་མའི་ཐང་རྙིང་ཤོས་ཅིག་སྦེ་རྩི་མི་ ན་མིབ་བྱེ་ཐང་འདི་ཡང་ཡོདཔ་ཨིན། སླབ་སྲོལ་ལས་རྒྱལ་ཁབ་ཀྱི་མིང་དེ་ཡང་ བྱེ་ཐང་དེ་ལས་ལྟ་འདྲངས་ཏེ་བཟོ་བཟོཝ་ཨིན་པའི་ཡིད་ཆེས་འདུག།[] བྱེ་ཐང་གི་མིང་ནམ་བིབ་ཟེར་མི་འདི་ ཁོང་རའི་ཁ་སྐད་ན་མའི་ཨིནམ་དང་ དོན་དག་འདི་ “ས་གོ་རྒྱ་ཆེ་དྲགས་” ཟེར་བའི་གོ་དོན་ཨིན་པས། མིང་འདི་ཡང་ མུ་བུ་རུམ་བ་ཀེ་རི་ན་ཟེར་མི་གིས་ གདམ་ཁ་རྐྱབ་སྟེ་བཏགས་བཏགསཔ་ཨིནམ་དང་ ཁོ་གིས་མིང་བཏགས་པའི་སྐབས་འགོ་ཐོག་ལུ་ ནམ་བིབ་ཀྱི་བཙག་འཐུའི་གཞུང་ལྡན་རྒྱལ་ཁབ་ ཟེར་བཏགས་ཡོདཔ་ཨིན། དེའི་སྔོན་གོང་ལུ་ རྒྱལ་ཁབ་རང་དབང་རང་བཙན་མ་ཐོབ་པའི་ཧེ་མ་ ས་ཆའི་མིང་ལུ་ འགོ་ཐོག་ར་ ཇཱར་མཱན་ལྷོ་ནུབ་ཨཕ་རི་ཀ་ཟེར་སླབ་དོ་ཡོདཔ་དང་ དེའི་ཤུལ་ལུ་ ལྷོ་ནུབ་ཨཕ་རི་ཀ་ཟེར་སླབ་སྟེ་སྡོད་ནུག། ས་ཆའི་མིང་ལས་བརྟེན་ ས་ཁོངས་འདི་ ཇཱར་མ་ནི་དང་སཱའུཐ་ཨཕ་རི་ཀ་གིས་དབང་དབངམ་ཨིནམ་ཧ་གོ་ཚུགས་ནི་ཨིན།  []

རྒྱལ་ཁབ་ཀྱི་རང་དབང་རང་བཙན།

རྒྱལ་ཁབ་འདི་ཇཱར་མ་ནི་དང་སཱའུཐ་ཨཕ་རི་ཀ་ཚུ་གིས་ཡུདཔ་ཅིག་ལོ་ ༡༠༦ དེ་ཅིག་དབང་སྟེ་སྡོད་ཡོདཔ་དང་ སྤྱི་ལོ་ ༡༩༩༠ སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ རང་དབང་རང་བཙན་ཐོབ་ནུག། དེ་བསྒང་རྒྱལ་ཁབ་ནང་ སྲིད་འཛིན་འགོ་ཐོག་ སམ་ནུ་ཇོ་མོ་གིས་འབད་ཡོདཔ་ཨིན་པས། []

ཁ་སྐད་དང་མི་རིགས།

རྒྱལ་ཁབ་ནང་ཁ་སྐད་ཁག་མ་འདྲཝ་སྦེ་སླབ་སྲོལ་ཡོདཔ་ཨིན་པས། དེ་ཡང་ ཨིང་ལིཤ་དང་ ཨཕ་རི་ཀཱན་ ཇཱར་མཱན བོཊ་ཇི་ཧེ་རི་རོ་ ཁོད་ཁོད་གོ་ཝབ་ ཨོ་ཤི་ཝམ་བོ་ རུག་ཝང་ལི་ སེཏ་སོཝ་ན་ སི་ལོ་ཟི་ ཀུང་ སི་རི་ཀུ་དང་ ཐིམ་བུ་ཀུ་ཤུ་སླབ་སྲབ་ཚུ་ཨིན་མས། []ཁ་སྐད་ལེ་ཤ་ཡོད་ས་ལས་ རྒྱལ་ཡོངས་སྐད་ཡིག་འདི་ ཨིང་ལིཤ་སྦེ་ཆ་འཇོག་འབད་ཡོདཔ་ཨིན། རྒྱལ་ཁབ་ནང་མི་རིགས་མ་འདྲཝ་ཡོད་ས་ལས་བརྒྱ་ཆ་ ༨༥ དེ་ཅིག་གནགཔོ་ཚུ་གིས་དབང་སྟེ་ཡོདཔ་དང་ བརྒྱ་ཆ་ ༥ འདི་ཡུ་རོབ་ཀྱི་རྒྱུད་པ་ཨིནམ་དང་ བརྒྱ་ཆ་ ༡༠ དེ་ཅིག་རིགས་སླ་བསྲེས་བསྲེསཔ་ཡོདཔ་ཨིན་མས། (གནགཔོ་དང་ཤ་དཀརཔོ་ཡང་ཅིན་གནགཔོ་དང་ཨེ་ཤི་ཡ་གི་རིགས།) []

ཆོས་ལུགས།

ཡུདཔ་ཅིག་བརྒྱ་ཆ་ ༨༠ ལས་ ༩༠ གིས་ གཞུང་འབྲེལ་དུ་ ཡེ་ཤུ་པའི་ཆོས་ལུགས་འཛིནམ་ཨིན་པས། དེའི་ནང་ལས་ཕྱེད་ཀ་དེ་ཅིག་པོརོ་ཊེསི་ཊེནཊ་ཨིནམ་དང་ དེ་ཚུ་ལས་མང་ཤོས་ར་པོརོ་ཊེསི་ཊེནཊ་གྱི་ཡན་ལག་ ལུ་ཐ་རན་གྱི་གྲངས་སུ་ཨིན། ལྔ་དཔྱ་གཅིག་གིས་རོ་མཱན་ཀེ་ཐོ་ལིག་གི་ཆོས་ལུགས་འཛིན་དོ་ཡོདཔ་ཨིནམ་དང་ དཔྱ་ཉུང་ཤོས་ཅིག་གིས་དང་ཕུའི་ལུགས་ཚུ་འཛིན་ཏེ་ཡོདཔ་ཨིན། []

རྒྱལ་ཁབ་ཀྱི་དམིགས་བསལ་ལོ་རྒྱུས།

ནེ་ཏུམ་བོ་ ནན་དི་ན་དའེཏ་ཝ་འདི་ར ༢༠༢༤ ལུ་བཙག་འཐུ་གྲུབ་པའི་སྲིད་འཛིན་ཨིནམ་དང་ སྲིད་འཛིན་འདི་ རྒྱལ་ཁབ་ནང་ཨམ་སྲུའི་སྲིད་འཛིན་གདམ་འཐུ་གྲུབ་མི་ འགོ་ཐོག་ཅིག་ཨིན། []རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ སྲིད་འཛིན་གྱི་ལོ་ལྔ་འབད་མི་ཐེངས་གཉིས་བཅའ་མར་གཏོགས་ཆོག་ནི་ཨིན་པས། སྲིད་འཛིན་ལུ་ལྷན་རྒྱལ་གཞུང་ཚོགས་དང་གཅིག་ཁར་ འཛིན་སྐྱོང་ཀྱི་དབང་ཚད་ཡོདཔ་ཨིན།

དངུལ་ཐོག་དང་ལོ་ཐོག།

འཚོ་བ་སྐྱོང་ནི་དང་འོང་འབབ་ཀྱི་དོན་ལུ་ ཀ་ར་ཀུལ་ཀྱི་རིགས་ཀྱི་ལུག་འཚོ་སྐྱོང་འཐབ་སྟེ་བཙོང་སྲོལ་ཡོདཔ་ཨིན། དེ་བཟུམ་སྦེ་ནོར་ཚུ་གསོ་སྐྱོང་འཐབ་སྟེ་ཤ་གི་དོན་ལུ་བཙོང་དོ་ཡོདཔ་ཨིན། ལུག་དང་ནོར་ཤ་ལས་བརྟེན་འོང་འབབ་ཀྱི་ལཱ་འདི་ཁྱབ་ཆེ་ཤོས་ཅིག་ ཤ་དཀརཔོ་ཡོད་མི་ཚུ་གིས་འབད་དོ་ཡོདཔ་ཨིན། ཨིན་རུང་ དེ་ཚུ་གསོ་སྐྱོང་འཐབ་ད་ ཆརཔ་དཀོན་མི་དང་འཛམ་གླིང་ནང་གོང་ཚད་མར་ཕབ་འགྱོ་མི་གིས་ ཐོ་ཕོག་དོ་ཡོདཔ་ཨིན་རུང་ སྤྱི་ལོ་ ༡༩༩༠ སྔ་ཆའི་ནང་ ཡུ་རོབ་ཀྱི་མི་སྡེ་གིས་ ཉོ་ནིའི་ཁས་བླངས་འབད་མི་དང་ གནམ་གཤིས་བཟང་མི་ཚུ་ལས་བརྟེན་ཏེ་ འོང་འབབ་བཟོ་ནིའི་ཐབས་ལེགས་ཤོམ་ཅིག་ལུ་གྱུར་ཏེ་ཡོད། བཙོང་ནིའི་དོན་ལུ་ལོ་ཐོག་བཏབ་ནི་འདི་དཀོན་སུ་ཅིག་ཨིན་རུང་ རང་སོའི་འཚོ་སྐྱོང་གི་དོན་ལུ་འབད་བ་ཅིན་ ལོ་ཐོག་ཡང་སེམས་ཅན་གསོ་སྐྱོང་འཐབ་དོ་བཟུམ་སྦེ་ར་ འདྲན་འདྲ་སྦེ་གཙོ་བོར་བཏོན་དོ་ཡོདཔ་ཨིན། []

ས་གཏེར་གྱི་ལཱ་འདི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་དོན་ལུ་ཁག་ཆེ་ཤོས་ཅིག་ཨིནམ་དང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་བརྒྱ་ཆ་ ༣༠ དེ་ཅིག་ས་གཏེར་གྱི་ལཱ་ལས་བརྟེན་ཏེ་འོང་འབབ་བཟོ་དོ་ཡོདཔ་ཨིན། ཨིན་རུང་ ལས་མིའི་བརྒྱ་ཆ་ ༡༠ རྐྱངམ་གཅིག་དེ་ནང་བཏང་སྟེ་ཡོདཔ་ཨིན།

གཞུང་སྐྱོང་ལམ་ལུགས།

ན་མི་བི་ཡ་འདི་བཙག་འཐུའི་གཞུང་ལྡན་རྒྱལ་ཁབ་ཅིག་ཨིན། གཞུང་སྐྱོང་ནང་ དབང་ཆ་ཆ་བཞག་ལུ་གཙོ་བོར་བཏོན་ཏེ་ ཡུན་བརྟན་ལུ་དབང་ཚད་ཐ་དད་སྦེ་གནས་ནི་ལུ་བརྩོནམ་ཨིན་པས། འཛིན་སྐྱོང་དབང་ཚད་འདི་ སྲིད་འཛིན་གྱི་ཕྱག་ལུ་ཨིནམ་དང་ སྲིད་འཛིན་འདི་རྒྱལ་ཁམས་དང་གཞུང་གི་དབུ་ཁྲིད་གཉིསཔ་ཆ་ར་ཨིན། སྲིད་འཛིན་འདི་ལོ་ལྔའི་བར་ན་ ཚར་རེ་བཙག་འཐུ་འབད་དོ་ཡོདཔ་ཨིནམ་དང་ སྲིད་འཛིན་གྱི་འོག་ལུ་སྲིད་འཛིན་འོགམ་ཡོདཔ་དང་ སྲིད་འཛིན་འོགམ་འདི་ སྲིད་འཛིན་དང་ལྷན་རྒྱས་གཞུང་ཚོགས་གིས་གདམ་འཐུ་འབདཝ་ཨིན་མས། ལྷན་རྒྱས་གཞུང་ཚོགས་འདི་ བློན་ཆེན་དང་བློན་པོ་གཞན་ཚུ་གིས་འགྲུབ་ཨིནམ་དང བློན་ཆེན་དང་བློན་པོ་ཚུ་ཡང་སྲིད་འཛིན་གྱིས་སྦེ་བསྐོ་བཞག་གནངམ་ཨིན་མས། []

ཁྲིམས་བཟོའི་དབང་ཚད་ འདི་ཚོགས་ཁང་གཉིས་ལྡནམ་ལུ་ཡོདཔ་ཨིན་པས། ཚོང་ཁང་དང་པ་ རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་ལུགས་གསར་བཟོ་འབད་དེ་འགྲུབ་ཐབས་ལུ་དམིགས་ཏེ་ འགྲུབ་ཡོདཔ་ཨིན། དེ་ནང་འཐུས་མི་ ༩༦ ཡོདཔ་དང་ ལོ་ལྔ་རེའི་བར་ན་ཚར་རེ་ བཙག་འཐུ་འབདཝ་ཨིན་མས། དེའི་ནང་ལས་ འཐུས་མི་བརྒྱདཔ་འདི་བཙག་འཐུ་མ་འབད་བར་ སྲིད་འཛིན་གྱིས་ཐད་ཀར་དུ་གདམ་འཐུ་འབདཝ་ཨིན། འཐུས་མི་བརྒྱདཔ་ལུ་ ཚོགས་རྒྱན་བཙུགས་ནིའི་དབང་ཆ་མེདཔ་ཨིན།  ཚོགས་ཁང་གཉིས་པ་འདི་ རྒྱལ་ཡོངས་ཚོགས་སྡེ་འདི་ཨིནམ་དང་ དེ་ནང་གི་འཐུས་མི་ཚུ་གིས་ ཁྲིམས་བཟོའི་ཐད་ཁར་ གྲོས་སྟོན་པའི་འགན་ཁུར་བསྣམས་ཏེ་ཕྱག་ཞུཝ་ཨིན་མས། དེ་ཡང་ ན་མི་བི་ཡ་གི་བདག་སྐྱོང་གི་ལུང་ཕྱོགས་ ༡༤  ཡོདཔ་དང་ ལུང་ཕྱོགས་རེ་ལས་ ངོ་ཚབ་གསུམ་བཙགཔ་ཨིན། རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་འདི་ ལུང་ཕྱོགས་ཚོགས་སྡེ་གིས་བཙག་འཐུ་འབདཝ་ཨིནམ་དང་ གནས་ཡུན་ ལོ་ངོ་དྲུག་གི་རིང་ཕྱག་ཞུཝ་ཨིན་མས། དྲང་ཁྲིམས་ལམ་ལུགས་ནང་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་ས་དང་ ཆེ་མཐོ་ཁྲིམས་འདུན་ དེ་ལས་ ཡན་ལག་ཁྲིམས་འདུན་ཚུ་ཚུདཔ་ཨིན་མས། []

ཤེས་རིག།

[ཞུན་དག]

གཞུང་གིས་རྒྱབ་སྐྱོར་ཐོག་ལས་ ཆུང་རིམ་གནས་ཚད་ཀྱི་ཤེས་ཡོན་ལོ་བདུན་སྤྲོད་དོ་ཡོདཔ་དང་ ཆེ་རིམ་གནས་ཚད་ཀྱི་ཤེས་ཡོན་ལོ་ངོ་ལྔ་སྤྲོདཔ་ཨིན་མས། གཞི་རྟེན་ཡང་ན་ཆུང་རིམ་ཤེས་ཡོན་འདི་ ངེས་པར་དུ་སྦྱང་དགོཔ་ཨིནམ་དང་ སྐྱེས་ལོ་ ༦ དང་ ༡༦ གི་ནང་འཁོད་ སྦྱང་ཚར་དགོ་དོ་ཡོདཔ་ཨིན། ཆུང་རིམ་ཤེས་ཡོན་གྱི་ལོ་ཚད་ཁར་ཚུད་མི་ ཨ་ལུ་ཡུདཔ་ཅིག་བརྒྱ་ཆ་ ༨༠ དེ་ཅིག་སློབ་གྲྭ་ནང་བཙུགས་ཏེ་ཡོདཔ་དང་ གྱངས་ཁ་འདི་གཞན་མི་ཨཕ་རི་ཀ་གི་རྒྱལ་ཁབ་ཚུ་ལས་ མཐོ་ཤོས་ཅིག་སྦེ་ཚུད་དེ་འདུག།

དེ་བཟུམ་སྦེ་ ན་ལོན་ཤེས་ཡོན་གྱི་གྱངས་ཁའི་ཐད་ཁར་ ན་ལོན་བརྒྱ་ཆ་ ༨༠ དེ་ཅིག་གི་ཤེས་ཡོན་སྦྱངས་ཏེ་ཡོདཔ་ཨིནམ་མ་ཚད་ ན་མི་བི་ཡ་འདི་ ས་ཧ་ར་གི་ལྷོ་ཁ་ཐུག་གི་ཨཕ་རི་ཀའི་རྒྱལ་ཁབ་ཚུ་ལས་ ཤེས་ཡོན་ཡོད་པའི་གནས་ཚད་མཐོ་ཤོས་ཅིག་ཨིན་མས། དེ་བཟུམ་སྦེ་སློབ་གྲྭ་ནང་སོང་སྟེ་ཤེས་ཡོན་སྦྱང་མ་ཚུགས་མི་ཚུ་གི་དོན་ལུ་ གཞུང་འབྲེལ་མིན་པའི་གཞི་རྟེན་ཤེས་ཡོན་གྱི་ལས་རིམ་ ལེ་ཤ་ར་འགོ་འདྲེན་འཐབ་སྟེ་ ཤེས་ཡོན་མ་ཐོབ་པའི་དཀའ་ངལ་བསལ་ཏེ་ཡོད། []

གསོ་བ་དང་ཕན་བདེ།

[ཞུན་དག]

ན་མི་བི་ཡ་གི་མི་ཚུ་མང་ཤེས་ར་ དབུལ་ཕོངས་ཀྱི་གདོང་ལེན་བྱུང་སྟེ་ཡོདཔ་ཨིནམ་དང་ མི་རློབས་བརྒྱ་ཆ་ཕྱེད་ཀ་དེ་ཅིག་ དབུལ་ཕོངས་ཀྱི་གནས་ཚད་ཀྱི་འོག་རྒྱུ་ཚུདཔ་ཨིན། དེ་བཟུམ་སྦེ་ཟས་བཅུད་ཀྱི་གནས་ཚད་ཡང་དམའ་སུ་སྦེ་ཡོདཔ་ཨིནམ་དང་ ཨ་ལུ་ཚུ་གི་རྒྱུད་ལུ་ ཟས་བཅུད་ལངམ་སྦེ་མ་ཐོབ་མི་དང་ ཟས་བཅུད་མེད་མི་འདི་ དཀའ་ངལ་སྦོམ་ཤོས་ཅིག་ཨིན་པས། དངུལ་ཕོགས་ཐོབ་མི་ལས་མི་ཚུ་ རྒྱལ་ཡོངས་ཀྱི་ལས་མིའི་གྱངས་ཁ་ཕྱེད་ཀ་ལས་ཡང་ཉུངམ་སྦེ་ཡོདཔ་དང་ ལཱ་གཡོག་མེད་པའི་དཀའ་ངལ་འདི་མཐོ་སུ་ཅིག་སྦེ་ཡོདཔ་ཨིན་མས།[]

ན་མི་བི་ཡ་ལུ་གསོ་བའི་ཞབས་ཏོག་འདི་ཨཕ་རི་ཀའི་རྒྱལ་ཁབ་ཚུ་ལས་དྲག་ཤོས་ཅིག་སྦེ་ཡོདཔ་ཨིན། གཞུང་གིས་ གཞི་རྟེན་དང་སྔོན་འགོག་གི་གསོ་བའི་ཞབས་ཏོག་ལུ་གཙོ་བོར་བཏོན་དོ་ཡོདཔ་ཨིན། མཐའ་ཟུར་དང་ས་གནས་ཐདམ་ཐད་ཁར་ལས་ཕར་ གསོ་བའི་ཞབས་ཏོག་ཁྱབ་ཚུགས་ཐབས་ལུ་དམིགས་ཏེ་ ལུང་ཕྱོགས་སྨན་ཁང་དང་གནས་སྤོ་སྟེ་འགྱོ་བའི་གསོ་བའི་སྨན་ཁང་དང་སྨན་བཅོས་ཁང་ཚུ་ཡར་སེང་གཏང་དང་གཏང་བཞིན་ཡོདཔ་ཨིན།[]

རྒྱལ་ཁབ་ནང་ ནད་གཞི་ཨེཌསི་གི་དཀའ་ངལ་འཚབ་ཆེ་དྲགས་སྦེ་ར་ཡོདཔ་ཨིནམ་དང་ འཛམ་གླིང་ནང་ལས་ནད་གཞི་དེ་ཟུན་མི་མཐོ་ཤོས་ཅིག་སྦེ་ཡོདཔ་ཨིན། སྤྱི་ལོ་ ༢༠༠༠ ནང་འཁོད་ལུ་ ན་ལོན་ ལྔ་ལས་གཅིག་གིས་ནད་གཞི་ཨེཌསི་འདི་ཐོབ་སྟེ་ཡོདཔ་སྦེ་བཀོད་དེ་འདུག། ཨེཆ་ཨའེ་ཝི་དང་ཨེཌསི་འཐོབ་མི་གི་གྱངས་ཁ་ གནམ་མེད་ས་མེད་ཡོདཔ་ལས་ གསོ་བའི་མཐུན་རྐྱེན་གྱིས་ཁྱབ་ཚུགས་པར་ལཱ་ཁག་བཏང་སྟེ་ཡོདཔ་ཨིན། དེ་འབདཝ་ལས་བརྟེན་ནད་གཞི་དེ་ལྷག་པར་ཁྱབ་ནི་ལས་བཀག་ཐབས་ལུ་ གཞུང་གི་སྔོན་འགོག་དང་བཅོ་ཐབས་ཀྱི་ཐབས་བྱུས་བཏོན་ཡོདཔ་དང་ སྤྱི་ལོ་ ༢༠༠༣ ལུ་ ནད་གཞི་ཟློག་ཐབས་ཀྱི་སྨན་བྱིན་ནི་འགོ་བཙུགས་ཏེ་འདུག། []

གནོད་ཉེན་ཅན་གྱི་ཨམ་སྲུ་དང་ཨ་ལུ་ཚུ་ལུ་དམིགས་བསལ་གྱི་རྒྱབ་སྐྱོར་བྱིན་དོ་ཡོདཔ་ཨིན་མས། ཨམ་སྲུ་ཚུ་ དྲང་ཁྲིམས་ཀྱི་འདུན་སར་ འདྲན་མཉམ་གྱི་བརྩི་འཇོག་ཡོདཔ་དང་ མི་སྡེའི་ནང་སྟོབས་ཤུགས་ཞན་དྲགས་ཨིན་པའི་ཞན་མདོག་བལྟ་ནི་འདི་ མར་ཕབ་རྐྱབ་སྟེ་ཡོདཔ་མ་ཚད་ ཁོང་ཚུ་གིས་ཤེས་ཡོན་སྦྱང་ནིའི་གོ་སྐབས་དང་ ས་བདག་དབང་གཟུང་ནི་ ལཱ་གཡོག་གི་གོ་སྐབས་ཚུ་ཡར་སེང་གཏང་ནི་ལུ་བརྩོན་ཏེ་ ལཱ་ཚུ་འབད་ནི་འགོ་བཙུགས་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ཨ་ལུ་ཚུ་གི་མཐའ་དོན་ལུ་ སྤྱི་ལོ་ ༡༩༩༠ ལོའི་འཛམ་གླིང་ཨ་ལུའི་ཞལ་འཛོམས་ཀྱི་གྲོས་ཆོད་ཚུ་དང་ལེན་འབད་དེ་ ཨ་ལུ་ཚུ་གི་འཕྲོད་བསྟེན་དང་ཤེས་ཡོན་ ཟས་བཅུད་དང་གཞན་དམིགས་ཡུལ་ཚུ་ འགྲུབ་ཐབས་ལུ་བརྩོན་ཏེ་ཡོདཔ་ཨིན། []

རྒྱབ་ཁུངས་དཔེ་ཆ།

  1. བི་བི་སི། (༢༠༢༤). ན་མི་བི་ཡ་ཀཱན་ཊི་པོརོ་ཕའེལ། https://www.bbc.com/news/world-africa-13890726
  2. 1 2 3 4 5 6 7 8 9 10 11 12 དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥) ན་མི་བི་ཡ། https://www.cia.gov/the-world-factbook/countries/namibia/
  3. 1 2 3 4 ཝི་ཀི་པི་ཌི་ཡ། (ལོ་མེད།) ན་མི་བི་ཡ། https://en.wikipedia.org/wiki/Namibia
  4. 1 2 3 བི་བི་སི། (༢༠༢༤). ན་མི་བི་ཡ་ཀཱན་ཊི་པོརོ་ཕའེལ། https://www.bbc.com/news/world-africa-13890726
"https://dz.wikipedia.org/w/index.php?title=ན་མི་བི་ཡ།&oldid=38867" ལས་ སླར་འདྲེན་འབད་ཡོདཔ།