Jump to content

ནད་རིགས་སེལ་བྱེད་སངས་རྒྱས་སྨན་བླའི་སྒྲུབ་ཐབས།

Wikipedia ལས།

༄༅། །སངས་རྒྱས་སྨན་བླའི་སྒྲུབ་ཐབས་བཞུགས་སོ།།

༈ བླ་མ་དང་སངས་རྒྱས་སྨན་གྱི་བླ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སངས་རྒྱས་སྨན་བླ་སྒྲུབ་པའི་ཐབས་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། མ་ནམ་བཞི་སྐོར་ལན་གསུམ། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་གསོལ་བ་འདེབས། །བཅོམ་ལྡན་རྒྱལ་བ་རྡོ་རྗེ་འཆང་ཆེན་ནས། །བཀའ་དྲིན་རྨད་བྱུང་དྲིན་ཅན་བླ་མའི་བར། །དབང་ལུང་མན་ངག་གདམས་པས་རྗེས་བཟུང་བའི། །རྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །བླ་མ་སྐུ་ཁམས་བཟང་བར་སོགས་བརྗོད། །སྐྱབས་སེམས་ནི། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་ཁུངས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།། སངས་རྒྱས༴།ཆོས་ལ༴ །དགེ་འདུན༴ །བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་སྐྱབས་སུ་མཆིས། །ཞེས་པ་ལན་གསུམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་དངོས་གཞི་བདག་བསྐྱེད་ནི། རང་གི་སྙིང་ཁར་ཨ་ལས་ཟླ་བའི་སྟེང་དུ་ཨོཾ་སྔོན་པོའི་འོད་ཀྱི་འཕྲོ་འདུ་ལས། རང་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ག་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར་རྣམ་རྒྱལ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་བི་ཌརྱའི་ལྷུན་བཟེད་བདུད་རྩིའི་གང་བ་བསྣམས་པ། དར་དམར་པོའི་ཆོས་གོས་རྣམ་གསུམ་གསོལ་བ། པད་ཟླ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེ་ཡོངས་སུ་རྫོགས་པའི་སྐུར་གྱུར། ཐུགས་ཀར་ཟླ་བ་ལ་ཨོ་སྔོན་པོ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས། ཡེ་ཤེས་པ་ཛ༔ཧཱུྃ་བཾ་ཧོ། གཡས་སུ་ཨ་ལས་བྱང་སེམས་ཟླ་བ་ལྟར་སྣང་བྱེད་དཀར་པོ། གཡོན་དུ་མཾ་ལས་ཉི་མ་ལྟར་སྣང་བྱེད་དམར་སེར། གཉིས་ཀའང་ཐལ་མོ་སྦྱར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།།རང་གི་སྤྱི་བོ་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། །ཨོཾ་ན་མོ་བྷ་ག་བ་ཏེ་བྷེེ་ཥ་ཛྱེེ་གུརུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་བྷེེ་ཥ་ཛྱེེ་བྷེེ་ཥ་ཛྱེེ། མཧཱ་བྷེཥ་ཛྱེེ། རཱ་ཛ་ས་མུངྒ་ཏེ་སྭཱཧཱ། ཞེས་པ་དང་། ཨོ་མན་ཆད་ལོག་ནས་བཟླ་བའི་ལུགས་ཡོད་དོ། །གང་ལྟར་ཡང་སྔགས་ཅི་ནུས་སུ་བཟླ། མཐར་སྟོང་འགྱུར་བརྗོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་སྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པ་དང་། སྲིད་པ་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཞིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་དང་མཆོག་གི་དངོས་གྲུབ་སྩོལ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གིས་བརྗེད་ངས་ཅི་བགྱིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་བཟོད་པར་གསོལ། མཐར་མེ་ལོང་ལ་ཧས་བཏབ་པ་ལྟར་བསྡུས་ནས་སྟོང་པ་ཉིད་ལ་གཞུག་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག།སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །སོགས་དང་། ཕྱོགས་དུས་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །དྲིན་ཅན་རྩ་རྒྱུད་བླ་མ་ཡབ་སྲས་ཀྱིས།། བསྟན་འགྲོའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་༴ །དཔའ་བོ་མཁའ་འགྲོ༴ །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །སོགས་ཀྱིས་མཐའ་རྒྱན་པར་བྱའོ།། ། །