ནཱན་ཇིང་། རྒྱ་ནག། Nanjing, China
༉ རྒྱ་ནག་གི་ས་གནས་ནཱན་ཇིང་འདི་ ཤར་ཕྱོགས་རྒྱ་ནག་གི་ཁྲོམ་ཚོགས་སྦོམ་ཅིག་ཨིན། ཁྲོམ་འདི་ཇི་ཡང་སུ་མངའ་སྡེ་གི་འོག་ལུ་ཚུད་དོ་ཡོདཔ་དང་ ཡང་ཙི་གཙང་ཆུའི་ལྷོ་ཁ་ཐུག་གི་འགྲམ་གུར་ཆགས་ཏེ་ཡོདཔ་དང་ ཤང་ཧའེ་ལས་ཡུདཔ་ཅིག་ཀི་ལོ་མི་ཊར་ ༣༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། ཁྲོམ་ཚོགས་དེ་གི་བདག་སྐྱོང་གི་སའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་ ༦༦༠༠ ཡོདཔ་དང་ སྤྱི་ལོ་ ༢༠༢༡ ལུ་ཐོ་བཀོད་འབད་མི་ལྟར་དུ་འབད་བ་ཅིན་ དེ་ནང་མི་རློབས་ ༩,༤༢༣,༤༠༠ ཡོདཔ་སྦེ་ཨིན་པས།[༡] མི་རློབས་ ས་ཡ་དགུ་ལྷགཔ་ཅིག་ཡོདཔ་ལས་བརྟེན་ཏེ་ འཛམ་གླིང་ནང་མི་རློབས་མང་བའི་ཁྲོམ་ཚོགས་ཨང་ ༢༩ པའི་ནང་ཚུད་དེ་ཡོདཔ་ཨིན་པས། ནཱན་ཇིང་ཟེར་བའི་མིང་འདི་ ལྷོ་ཕྱོགས་ལྟེ་བ་ཟེར་བའི་གོ་དོན་ཨིནམ་དང་མིང་འདི་ སྤྱི་ལོ་ ༡༤༠༣ མིང་རྒྱལ་བརྒྱུད་ཀྱི་སྐྱོང་པའི་པའི་སྐབས་ བཏགས་བཏགསཔ་ཨིན་པས།[༢] ཇི་ཡང་སུ་མངའ་སྡེའི་འོག་གི་ཡན་ལག་ཁྲོམ་ཅིག་སྦེ་ ནཱན་ཇིང་གི་འོག་ལུ་ རྫོང་ཁག་ ༡༡ ཡོདཔ་ཨིན། ཁྲོམ་ཚོགས་དེ་མངའ་སྡེའི་ཡན་ལག་ཁྲོམ་ཚོགས་ཀྱི་གྲས་ཁར་ཨིན་པས།[༣] ས་ཕྱོགས་དེ་ནང་ ཧེ་མ་རྒྱལ་བརྒྱུད་མང་ཤོས་ཀྱི་ལྟེ་བ་ཅིག་སྦེ་སྡོད་ས་ལས་ དམིགས་བསལ་དུ་ ད་རེས་ཀྱི་གཞུང་སྦེ་མེན་པར་ མིང་རྒྱུད་བརྒྱུད་ཀྱི་སྐབས་དང་རྒྱ་ནག་རྒྱལ་ཁབ་འདི་བཙག་འཐུའི་གཞུང་ལྡན་རྒྱལ་ཁབ་སྦེ་སྡོད་པའི་རིང་ལུ་ལྟེ་བ་ཅིག་སྦེ་སྡོད་ནུག། དང་ཕུ་ལོ་ངོ་ ༥༠༠ གི་རིང་ རྒྱལ་བརྒྱུད་བསྡོམས་དྲུག་གི་རྒྱལ་ས་ལྟེ་བ་སྦེ་སྡོད་ཡོདཔ་དང་ དེ་བསྒང་ཡོད་པའི་ལམ་སྲོལ་གྱི་ཅ་དངོས་ཚུ་ད་རེས་ནངས་པ་ཡང་མཐོང་སར་ཡོདཔ་ཨིན།
ནཱན་ཇིང་འདི་ལམ་སྲོལ་དང་ དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིནམ་དང་ བྱུང་རབས་དང་ལམ་སྲོལ་དང་འབྲེལ་བའི་ས་ཁོངས་ མཛེས་ཆ་ལྡན་པའི་རང་བཞིན་གྱི་གཞི་བཀོད་ཚུ་གིས་ཕྱུག་སྟེ་ཡོདཔ་ཨིན། དེ་བཟུམ་སྦེ་ཡང་ཙེ་གཙང་ཆུའི་ཟུར་ཁར་ཐབས་བྱུས་ཅན་སྦེ་ཆགས་མི་ལས་བརྟེན་ བྱུང་རབས་ཅན་གྱི་གྲུ་ཆགས་ས་ལེ་ཤ་ར་ཡོདཔ་ཨིན། ཁྲོམ་ནང་ལས་འགྱོ་མི་ཀིན་ཧུ་ཝའེ་གཙང་ཆུ་འདི་ ཁྲོམ་གྱི་ཆུ་ཨམ་སྦེ་རྩི་དོ་ཡོདཔ་དང་ དེ་ཁར་མི་ཚུ་གནམ་མེད་ས་མེད་གར་དྲགས་སྦེ་སྡོད་དོ་ཡོདཔ་དང་ ལྟ་བཤལ་པའི་དོན་ལུ་ ལྟ་སྐོར་འབད་ནིའི་པའི་གཞི་ཅིག་ཨིན་པས། ཆུའི་དེའི་གཡས་གཡོན་ལུ་ ཟ་ཁང་དང་ཆང་ཁག་གིས་གང་སྟེ་ཡོདཔ་དང་ཞབས་ཁྲ་འཐེན་མི་ཚུ་གིས་ཞབས་ཁྲ་ཚུ་འཐེན་དོ་ཨིན་པས། དེ་ལས་གྲུ་གཏང་ནི་དང་བཞོན་འགྱོ་ནིའི་མཐུན་རྐྱེན་ཚུ་ཡོདཔ་ཨིན། ས་ཁོངས་ནང་ཡིད་འཕྲོག་པའི་ཡུལ་ལེ་ཤ་ཡོདཔ་ཨིན། དེ་ཡང་ ཁྲོམ་གྱི་གྱང་དང་ རྒྱ་ནག་གི་རྒྱལ་སྒོ་ཚུ་མཐོང་སའི་ཡུལ་ལུ་ཡོདཔ་ཨིན། [༣]དེ་བཟུམ་སྦེ་ སྔོ་ལྗངས་ལྡན་པའི་དངུལ་འབྲེལ་ལྟེ་བ་དང་ཇི་མིང་ལྷ་ཁང་། ཧོང་ཤཱན་སེམས་ཅན་གླིང་ག། ནཱན་ཇིང་སྡེབ་གསད་ཀྱི་འགྲེམས་སྟོན་ཁང་། ནཱན་ཇིང་གི་འགྲེམས་སྟོན་ཁང་། སྲིད་འཛིན་གྱི་ཕོ་བྲང་། རི་རྒྱ་སྨུག། རྒྱ་ནག་གི་དམངས་གཙོའི་ཡབ་རྗེ་དམ་པ་ སཱན་ཡ་ཙན་གྱི་པུར་ཁང་། ཀོན་ཕུ་ཤིཡསི་གི་ལྷ་ཁང་། ཞུ་ཝན་འུ་མཚོ། ཡང་ཙེ་གཙང་ཆུའི་ཟམ། ཡུ་ཧུ་ཏའེ་གླིང་ག་ཚུ་ ལྟ་སྐོར་དང་སྤྱོ་འཁྱམ་ནིའི་དོན་ལུ་ སེམས་དང་ལྡན་ཏོག་ཏོ་སྦེ་ཡོདཔ་ཨིན། ས་གནས་དེ་ནང་ སྔོན་དང་ཕུའི་གཞི་བཀོད་དང་བསྟུན་བཟོ་སྐྲུན་འབད་ཡོད་པའི་ཁྱིམ་དང་ཚོང་ཁང་ ཆང་ཁང་ ཟ་ཁང་ཚུ་ཡོདཔ་ཨིན། དེ་ལས་ནང་འཁོད་ལས་འཐོན་པའི་དྲན་ཆས་དང་ཐོན་སྐྱེད་ཚུ་ཡང་བཙང་སར་ཡོདཔ་ཨིན།་
དེ་མ་ཚད་ས་གནས་དེ་ཁར་ ནཱན་ཇིང་གཙུག་ལག་སློབ་སྡེ་དང་ ནཱན་ཇིང་ཕྱི་རྒྱལ་སྐད་ཡིག་གི་སློབ་གྲྭ། ཧེ་ཧའེ་གཙུག་ལག་སློབ་སྡེ། ཤར་ལྷོ་གཙུག་ལག་སློབ་སྡེ་ཚུ་ཡོདཔ་ཨིན། ཕར་ཚུར་འགྲོ་འགྲུལ་འབད་ནིའི་དོན་ལུ་ རེལ་ལི་དང་བཱསི་ གློག་འཁོར་གྱི་ཞབས་ཏོག་ཚུ་འཐོབ་སར་འདུག། ས་གནས་དེའི་གནམ་གཤིས་འདི་ རློན་གཤེར་ལྡན་པའི་ཁར་ དུས་བཞི་གསལ་རི་རི་སྦེ་ཡོདཔ་ཨིན། ས་གནས་དེ་ཁར་ ལོ་གཅིག་གི་སྤྱིར་སྙམས་ཀྱི་དྲོད་ཤུགས་ཉུང་ཤོས་ར་སྤྱི་ཟླ་ ༡ པའི་ནང་ཨིནམ་དང་ དེ་ཡང་ཌིག་རི་སེལ་སིཡསི་ ཀླད་མན་ ༡ འོང་དོ་ཡོདཔ་དང་ སྤྱིར་སྙོམས་ཀྱི་མཐོ་བའི་དྲོད་ཤུགས་འདི་ སྤྱི་ཟླ་ ༧ པ་དང་ ༨ པའི་ནང་ཨིན་མི་འདི་ དྲོག་ཤུགས་ཌིག་རི་སེལ་སིཡསི་ ༣༢ འོང་དོ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ལོ་བསྟར་ཆརཔ་རྐྱབ་པའི་ཚད་གཞི་དེ་ཡང་ སྤྱིར་སྙམས་ལུ་ མི་ལི་མི་ཊར་ ༡༠༦༢ རེ་རྐྱབ་དོ་ཡོདཔ་ཨིན། གནམ་བྱཱར་རློན་ཆག་ཆག་སྦེ་དྲོད་གནམ་མེད་ས་མེད་འོང་དོ་ཡོདཔ་འི་ཁར་ གནམ་དགུན་ལུ་ གྱང་བའི་ཁར་ རློནམ་འཚམས་སྦེ་སྡོད་དོ་ཡོདཔ་མས།[༤] གནམ་སེར་ཁ་དང་སོ་ཁ་ལུ་ བསིལ་དྲོད་རན་ཏོག་ཏོ་སྦེ་མཛེས་ཏོག་ཏོ་སྦེ་སྡོདཔ་ཨིན་པས། གནམ་བྱཱར་གྱི་དུས་ཡུན་དེ་ཡང་ སྤྱི་ཟླ་ ༧ པ་ལས་ ༩ པ་ཚུན་ཚོད་ཨིནམ་དང་ གནམ་སེར་ཁ་འདི་ ༡༠ པ་ལས་ ༡༢ པ་ཚུན་ཚོད་དང་ དགུན་འདི་ ༡༢ པ་ལས་ ༣ པ་ཚུན་ཨིནམ་དང་ དེ་ལས་ གནམ་སོ་ཁ་འདི་ སྤྱི་ཟླ་ ༤ པ་ལས་ ༦ པ་ཚུན་ཚོད་ཀྱི་རིང་ལུ་འབྱུང་དོ་ཡོདཔ་ཨིན་པས།[༢]
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་ཁུངས་དཔེ་དེབ།
- ↑ ཝི་ཀི་པི་ཌི་ཡ། (༢༠༢༥) ནཱན་ཇིང་། https://en.wikipedia.org/wiki/Nanjing ནང་ལས་ཐོབ་ཡོདཔ་ཨིན།
- 1 2 པིང་ཅིའེ་ཀུའོ་དང་ཇེང་ཇུང་གུ། (༢༠༢༥) ནཱན་ཇིང་། https://www.britannica.com/place/Nanjing-China ནང་ལས་ཐོབ་ཡོདཔ་ཨིན།
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) ནཱན་ཇིང་། https://simple.wikipedia.org/wiki/Nanjing ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཅཱའེ་ན་ཧའེ་ལའེཊ། (ལོ་མེད།) ནཱན་ཇིང་གི་བདེན་པ། ohttps://www.chinahighlights.com/nanjing/nanjing-facts.htm ནང་ལས་ཐོབ་ཡོདཔ་ཨིན།