ནཱཝ་རུ
ནཱཝ་རུ།
ནཱཝ་རུ་ རྒྱལ་ཁབ་འདི་ མཚོ་གླིང་ཡོད་པའི་རྒྱལ་ཁབ་ཨིནམ་དང་ པེ་སི་ཕིག་གི་དབུས་ཕྱོགས་ཀྱི་རྒྱལ་ཁམས་ཆུང་ཀུ་ཅིག་ཨིན། རྒྱལ་ཁབ་དེའི་ཉེ་འདབས་ཀྱི་ས་གནས་ཐག་ཉེ་ཤོས་ར་ ཀི་རི་བ་ཊི་གི་བ་བ་ན་ཟེར་མི་འདི་ཨིནམ་དང་ དེ་ཡང་ རྒྱལ་ཁབ་དེའི་ཤར་ཕྱོགས་ཁ་ཐུག་ཀི་ལོ་མི་ཊར་ ༣༠༠ ༼མའིལ་ ༡༩༠༽་ ལུ་ཡོདཔ་ཨིན། [༡] ས་གནས་འདི་འཛམ་གླིང་གི་སྦྲེལ་ཚག་ ༠ དང་ ༣༢ ལྷོ་ཁ་ཐུག་དང་ ༡༦༦ དང་ ༥༥ ཤར་ཁ་ཐུག་ལུ་ཡོདཔ་ཨིན། སའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་ ༢༡ ཡོདཔ་ཨིན། དེ་བཟུམ་སྦེ་ ཆུ་འགྲམ་ཀྱི་ཚད་གཞི་ཀི་ལོ་མི་ཊར་ ༣༠ ཡོདཔ་ཨིན། ནཱཝ་རུ་ལུ་གཞུང་འབྲེལ་དུ་ རྒྱལ་ས་ལྟེ་བ་ཟེར་མེད་དེ་འབད་རུང་ གཞུང་གི་ཡིག་ཚང་ཚུ་ ས་གནས་ཡཱ་རེན་ལུ་ཆགས་ཏེ་ཡོདཔ་ཨིན། [༢] དམངས་གཙོའི་རིང་ལུགས་ཀྱི་གཞུང་ཡོད་པའི་རྒྱལ་ཁབ་ནང་ལས་ རྒྱལ་ས་ལྟེ་བ་མེད་པའི་རྒྱལ་ཁབ་འདི་ ནཱཝ་རུ་རྒྱལ་ཁབ་རྐྱངམ་གཅིག་ཨིན་པས། རྒྱལ་ཁབ་འདི་འཛམ་གླིང་ནང་ ཧོ་ལི་སི་(ཝ་ཊི་ཀན་སི་ཊི) དང་མོ་ན་ཀོ་གི་ལྟག་ལས་ ཆུང་ཤོས་ཨང་གསུམ་པའི་ནང་ཚུདཔ་ཨིན། རྒྱལ་ཁབ་འདི་ འཛམ་གླིང་ལྷོ་བྱང་གི་སྦུག་མཚམས་ལས་ ལྷོ་ཁ་ཐུག་ཀི་ལོ་མི་ཊཱར་ ༥༣ ལུ་ཡོདཔ་ཨིན། དེ་མ་ཚད་ པེ་སི་ཕིག་རྒྱ་མཚོའི་མངའ་ཁོངས་ནང་ ས་གཏེར་ཕོསི་ཕེཊ་ཡོད་མིའི་ མཚོ་གླིང་དྲག་ཤོས་གསུམ་གྱི་གྲས་ཁར་ཅིག་རྒྱལ་ཁབ་ཨ་ནི་འདི་ཚུདཔ་ཨིན། རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༦༨ ཟླཝ་ ༡ པའི་ཚེས་ ༣༡ ལུ་ ཨོསི་ཊེ་ལི་ཡ་དང་ནིའུ་ཛི་ལེནཌ་དེ་ལས་ཡུ་ཀེ་གིས་འཛིན་སྐྱོང་འཐབ་པའི་ འཛམ་གླིང་སྤྱི་ཚོགས་ཀྱི་བློ་གཏད་ཚོགས་པའི་གྲས་ལས་ རང་དབང་རང་བཙན་ཐོབ་ཡོདཔ་ཨིན།[༣]
ནཱཝ་རུ་གི་གནམ་གཤིས་འདི་ ཡུདཔ་ཅིག་ལོ་གཅིག་གི་རིང་ར་ ཚ་དྲོད་ལྡན་པའི་ཁར་ ཆར་ཆུ་ཡང་འབོལ་སུ་ཅིག་སྦེ་ཡོདཔ་ཨིན་པས། ས་གནས་འདི་ཚ་ཏོག་ཏོ་ཡོད་མི་དེ་ཡང་ འཛམ་གླིང་ལྷོ་བྱང་གི་སྦུག་མཚམས་དང་རྒྱ་མཚོའི་སྦོ་ལོགས་ཁར་ཡོདཔ་ལས་བརྟེན་ཨིན་པས། [༤] དེ་ཡང་ ཉིན་མ་ལུ་དྲོག་ཤུགས་ དམའ་ཤོས་ ཌིག་རི་སེལ་ཤིཡསི་ ༢༨ གུ་ཡོད་མི་དེ་ཡང་ རྒྱ་མཚོ་གིས་ཚད་འཛིན་འབད་དོ་ཡོདཔ་ཨིན། ལོ་བསྟར་ཆརཔ་འབབ་གི་ཚད་གཞི་འདི་ ཨིནཆ་ ༢༨ མི་ལི་མི་ཊཱར་ ༢༠༠༠ ་ཐོ་བཀོད་འབད་ཡོདཔ་ཨིན། ཆརཔ་རྐྱབ་པའི་དུས་ཚོད་དེ་ཡང་ བརྟན་བརྟན་མེད་པའི་ཁར་ འཕྲལ་འཕྲལ་ཆརཔ་མེད་པར་སྡོད་དགོ་པའི་གནས་སྟངས་ཡང་འབྱུང་དོ་ཡོདཔ་ཨིན། རྒྱལ་ཁབ་ནང་ གཙང་ཆུ་དང་རོང་ཆུ་མེདཔ་ཨིན་མ་ལས་ འཐུང་ནི་དང་སྤྱོད་ནིའི་དོན་ལུ་ཆུ་ ཁྱིམ་ཐོག་གུ་ལས་འབབ་མིའི་ཆར་ཆུ་བཟེད་བཞག་མི་དང་ གྲུ་ནང་ལས་བཀྲམ་སྤེལ་འབད་བའི་ཆུ་ ལག་ལེན་འཐབ་དོ་ཡོདཔ་ཨིན། [༢]དེ་བཟུམ་ འཐུང་ཆུའི་རྐ་ཚུ་ཚད་ཅིག་ལས་བརྒལ་མེད་ནི་དེ་གི་ ནཱཝ་རུ་ཉེར་སྤྱོད་ལས་སྡེ་གིས་སྦེ་ མཚོ་ནང་གི་ཆུ་ཚྭ་ཁུག་ཡོད་མི་འདི་ཚྭ་བཏོན་ཞིནམ་ལས་ སྤྱོད་ནིའི་དོན་ལུ་ཆུ་གཏོན་དོ་ཡོདཔ་ཨིན་པས།
རང་སོའི་འཚོ་བའི་དོན་ལུ་ བེ་ཏ་དང་ ཏ་ལའི་ཤིང་ ངང་ལག་ རྒྱ་ནག་ཀོང་ཙེ་ མོ་དུ་ཕ་ལ་ ཚ་དྲོད་ཡོད་སར་སྐྱེས་མའི་ཤིང་འབྲས་ པན་ཌ་ནསི་ དང་ཚོད་བསྲེ་གི་རིགས་དག་པ་ཅིག་ལུ་བརྟེན་དོ་ཡོདཔ་ཨིན། དེ་ཚུ་ཡང་ མི་ཚུ་ལུ་འཚོ་བའི་དོན་ལུ་ལང་མི་ཚུགས་དོ་ཡོདཔ་ཨིན། ཨིན་རུང་ རྒྱལ་ཁབ་ཀྱི་ས་ཆ་ཚུ་ནང་ སྔོ་ཤིང་དང་ཤིང་གི་རིགས་མ་འདྲཝ་ཚུ་སྐྱེ་དོ་ཡོདཔ་ཨིན། དེ་ཡང་ ནང་འཁོད་ལུ་ཡོད་པའི་རྩའི་རིགས་ ༦༠ དེ་ཅིག་ཡོད་རུང་ བེ་ཏའི་འཛུགས་སྐྱོང་དང་ ས་གཏེར་གྱི་ལཱ་དང་ གཞན་ཁ་ལས་འབག་འོང་པའི་རིགས་ཚུ་གིས་ རིགས་སོན་ངོ་མ་ཚུ་མེདཔ་བཏང་ཡོདཔ་ཨིན། [༤]དེ་མ་ཚད་གནམ་གཤིས་དང་འཁྲིལ་ གནས་སྤོའི་སྤོའི་འགྱོ་མི་བྱ་རིགས་ཚུ་ཡང་མཐོང་དོ་ཡོད་པའི་ཁར་ བྱམོ་ཚུ་ཡང་གསོ་སྐྱོང་འཐབ་དོ་ཡོདཔ་ཨིན། ཧེ་མ་རྒྱལ་ཁབ་ནང་ ཨོམ་འཐུང་མིའི་སེམས་ཅན་གྱི་རིགས་མེད་དེ་འབད་རུང་ ཤུལ་ལས་ བྱི་ཙི་དང་ བྱི་ལི་ རོ་ཁྱི་ ཕགཔ་དང་བྱམོ་ཚུ་ རྒྱལ་ཁབ་ནང་ནང་འདྲེན་འབད་དེ་ གསོ་སྐྱོང་འབད་ནི་འགོ་བཙུགས་ཡོདཔ་ཨིན། [༢]མ་གཞི་འབུཔ་གི་རིགས་དང་ སའི་སྦལཔ་ཀང་ཀུར་ བྱ་ཚུ་ཧེ་མ་ལས་རྒྱལ་ཁབ་ཀྱི་ས་གནས་ལས་ཕར་ཡོདཔ་ཨིན་པས། [༤]
སྤྱི་ལོ་ ༢༠༠༤ གི་ཐོ་བཀོད་དང་འཁྲིལ་བ་ཅིན་ ནཱཝ་རུ་གི་མི་རློབས་འདི་ ༩༨༩༢ ཡོད་ས་ལས་ ༤༨༥༦ ཕོ་སྐྱེས་དང་ ༥༠༣༦ འདི་ཨམ་སྲུ་ཨིནམ་མས། [༣]དེ་བཟུམ་སྦེ་ རྒྱལ་ཁབ་ནང་སྡོད་མི་ མི་རིགས་ཚུ་ཡང་མང་ཤོས་ར་ ས་གནས་ཀྱི་མི་ཁུངས་ངོ་མ་ར་ཨིན་རུང་ ཨའེ་ཀི་རི་བ་ཏི་དང་ ཨོསི་ཊེ་ལི་ཡ་དང་ ནིའུ་ཛི་ལེནཌ་ རྒྱ་ནག་ ཏུ་བྷ་ལུ་གི་མི་རིགས་དག་པ་ཅིག་ཡང་ཡོདཔ་ཨིན། ཏུ་བྷ་ལུ་དང་རྒྱ་ནག་གི་མི་རིགས་ཚུ་མང་ཤོས་ར་ ཕོསི་ཕེཊ་ས་གཏེར་གི་ལཱ་འབད་བར་ འོངས་ཡོདཔ་ཨིན་མས། རྒྱལ་ཁབ་ཀྱི་རྒྱལ་ཡོངས་སྐད་ཡིག་འདི་ ནཱཝ་རུའེན་ཨིན་པས། ཁ་སྐད་དེའི་འབྲི་ཐངས་ལམ་ལུགས་ཚུ་ ཧིང་སང་ས་སྦེ་བཟོ་སྟེ་མེད་རུང་ ཨིང་ལིཤ་འདི་ཁྱབ་ཆེཝ་སྦེ་ར་ལག་ལེན་འཐབ་སྲོལ་ཡོདཔ་དང་ རྒྱལ་ཁབ་འདི་ ལྷོ་པེ་སི་ཕིག་རྒྱ་མཚོའི་རྒྱལ་ཁབ་ཚུ་གི་ནང་ལས་ ཕྱི་གླིང་པའི་ལམ་སྲོལ་གྱི་ཤུལ་ཡོད་མི་རྒྱལ་ཁབ་དྲག་ཤོས་ཅིག་སྦེ་ རྩིཝ་ཨིན་པས། རྒྱལ་ཁབ་ནང་འགྲོ་བ་མིའི་ཆགས་ཐངས་ལུ་བལྟ་བ་ཅིན་ མི་ཚུ་ཕར་ཚུར་ཁ་བཀྲམ་ད་ཡོདཔ་དང་ སྡོད་གནས་ཚུ་ཆུའི་མཐའམ་བདའ་སྟེ་ཆགས་ཏེ་ཡོདཔ་ཨིན། མཐའ་རྫིང་གུར་གཡུས་ཆགས་མི་འདི་ བུ་ཡ་ཌ་ཟེར་མི་ གཡུས་ཚན་ཆུང་འདི་རྐྱངམ་གཅིག་ར་ཨིན་པས། [༢]
རྒྱལ་ཁབ་ཀྱི་དཔལ་འབྱོར་བརྟེན་ས་གཙོ་བོ་ སོ་ནམ་(གཙོ་བོ་ཀཱ་ཕི་དང་བེ་ཏ) ཉའི་འཚོ་སྐྱོང་ བཟོ་སྐྲུནགྱི་ལཱ་ ལྟ་བཤལ་ལས་སྡེ་ཚུ་ཨིན་མས། ས་གཏེར་ ཕོསི་ཕེཊ་འདི་ ༡༩༠༧ ལས་ར་བཏོན་དོ་ཡོདཔ་དང་ འདི་རྒྱལ་ཁབ་ཀྱི་མཐུན་རྐྱེན་གཙོ་བོ་ཅིག་དང་ ཕྱིར་བཙོང་འཐབ་མིའི་རྒྱུ་གཙོ་བོ་ཅིག་ཨིན་པས། ས་གཏེར་འདིའི་རྒྱུ་ཡང་ འཛམ་གླིང་ནང་ལས་དྲག་ཤོས་ཅིག་ཨིན་པས། ཕོསི་ཕེཊ་གི་བཟོ་གྲྭ་དང་གཞུང་གི་ཞབས་ཏོག་ཚུ་གི་ ལཱ་གཡོག་ཡོད་ཚད་ཅིགཔ་གི་དངུལ་ཕོགས་ བྱིན་དོ་ཡོདཔ་ཨིན་པས། ཧེ་མ་རྒྱུ་ཆ་དེ་ལས་བརྟེན་ རྒྱལ་ཁབ་ཕྱུགཔ་ཐལ་ཏེ་ འཛམ་གླིང་ནང་ མི་རེའི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ཚད་གཞི་དྲག་ཤོས་ཅིག་སྦེ་ཐོན་ཏེ་ཡོད་རུང་ རིམ་གྱིས་སྦེ་ ས་གཏེར་འདི་ཟད་དེ་ ད་རེས་ཉུངམ་སྦེ་ཡོདཔ་ཨིན། དེ་བཟུམ་སྦེ་ འོང་འབབ་ཀྱི་འབྱུང་སའི་ གཞི་སོ་སོ་ལས་འཚོལ་ནི་ལུ་ ལཱ་ཁག་བཏང་སྟེ་ཡོདཔ་ཨིན། བཞེས་སྒོ་དང་ཅ་ལ་ཆུ་ ག་ར་གཞན་ཁ་ལས་ ནང་འདྲེན་འཐབ་སྟེ་ འབག་འོང་དོ་ཡོདཔ་ཨིན་པས། [༣]
རྒྱལ་ཁབ་ནང་བདག་སྐྱོང་གི་རྫོང་ཁག་ ༡༤ ཡོད་མི་དེ་ཡང་ ཨའི་བོ་དང་ཨ་ན་བར། ཨེ་ནི་ཊཱན། ཨ་ནི་བ་རེ། བེཊ་སི། བོས། བུ་ཝ་ཌ། ཌེ་ནི་གོ་མོ་ཌུ། ཨེ་བ། ཨི་ཇཱུ། མེ་ནང་། ནི་བོག། ཨུས་བོས་དང་ ཡ་རཱེན་ཚུ་ཚུདཔ་ཨིན། རྒྱལ་ཁབ་འདིའི་ གཞུང་འདི་ དམངས་གཙོ་རིམ་ལུགས་ཀྱི་གཞུང་ཨིནམ་མས། རྒྱལ་ཁབ་ཀྱི་ཁྲིམས་བཟོ་ལྷན་སྡེ་འདི་ སྤྱི་ཚོགས་ཨིནམ་མ་ཚད་ འཐུས་མི་ཚུ་ཡང་ སྐྱེས་ལོ་ ༢༠ ཡན་ཆད་ལང་མིའི་མི་ཁུངས་ཚུ་གིས་ ཚོགས་རྒྱན་བཙུགས་ཏེ་ བཙག་འཐུ་འགྲུབ་ཨིན། རྒྱལ་ཁབ་ནང་ འཐུས་མིའི་ས་གོ་ ༡༩ ཡོདཔ་ཨིན། [༢] སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་གནས་ཡུན་དེ་ ལོ་གསུམ་ཨིན་པས། ཨིན་རུང་འཐུས་མི་ཚུ་ལུ་ ཡིད་ཆེས་མེད་པའི་ཚོགས་རྒྱན་བཙུགས་ཐོག་ལས་ བཏོན་བཏང་ནིའི་ལམ་ལུགས་ཡང་ཡོདཔ་ཨིན་པས། སྤྱི་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་སྲིད་འཛིན་གདམ་འཐུ་འབད་དོ་ཡོདཔ་དང་ སྲིད་འཛིན་འདི་རྒྱལ་ཁམས་དང་གཞུང་གི་དབུ་ཁྲིད་གཉིསཔ་ཆ་ར་ཨིན་པས། དེ་དང་འདྲཝ་སྦེ་ར་ སྲིད་འཛིན་གྱིས་ སྤྱི་ཚོགས་ནང་ལས་ ལྷན་རྒྱས་གཞུང་ཚོགས་འདི་བཙག་འཐུ་འབདཝ་ཨིན་པས། རྒྱལ་ཁབ་ནང་ བཙག་འཐུའི་ཚོགས་རྒྱན་ སྤྱི་ཟླ་དགུ་པའི་ཚེས་ ༢༥ སྤྱི་ལོ་ ༢༠༢༢ ལུ་བསྐྱུར་ཡོདཔ་ཨིན། ལོག་ཤུལ་མམ་གྱི་ཚོགས་རྒྱན་འདི་སྤྱི་ལོ་ ༢༠༢༥ སྤྱི་ཟླ་ དགུ་པའི་ནང་བཙག་འཐུ་འབད་ནིའི་གྲོས་འཆར་འདུག། [༣]ནཱཝ་རུ་རྒྱལ་ཁབ་འདི་ཀོ་མཱན་ཝེལཐ་དང་འཛམ་གླིང་སྤྱི་ཚོགས་ནང་ལུ་འཛུལ་ཞུགས་ སྤྱི་ལོ་ ༡༩༩༩ ལུ་འབད་ནུག།
དེ་བཟུམ་ དྲང་ཁྲིམས་ལྷན་སྡེའི་ཐད་དུ་སོངམ་ད་ ཁྲིམས་ཁང་རིམ་པ་གསུམ་སྦེ་ཡོདཔ་ཨིན། དེ་ཡང་ མཐོ་ཤོས་ར་མངོན་མཐོ་ཁྲིམས་འདུན་ཨིནམ་དང་ དེ་ནང་ཁྲིམས་སྤྱི་གིས་དབུ་གཙོས་པའི་ དྲང་དཔོན་དག་པ་ཅིག་ཡོདཔ་ཨིན། ཁྲིམས་ཁང་དེ་ནང་ལུ་ ཐད་ཀར་དང་མཐོ་གཏུགས་སྦེ་འོངས་མིའི་ རྩོད་གཞི་དང་རྩོད་རྙོག་ གཉིསཔ་ཆ་ར་བསལ་ནིའི་དབང་ཆ་ཡོདཔ་ཨིན། དྲང་དཔོན་ཚུ་སྐྱེས་ལོ་ ༦༥ ཚུན་ཚོད་ཀྱི་དོན་ལུ་ སྲིད་འཛིན་གྱི་བསྐོ་བཞག་གནངམ་ཨིན་པས། དེའི་འོག་གི་ཁྲིམས་ཁང་ཡང་ རྫོང་ཁག་དང་བཟའ་ཚང་གི་ཁྲིམས་འདུན་ཚུ་ཨིན་པས། [༢] ཞུ་བ་དང་བསྟུན་ཏེ་ མཐོ་གཏུགས་མཐོ་ཤོས་དེ་ར་ ཨོསི་ཊེ་ལི་ཡ་གི་ཆེ་མཐོ་ཁྲིམས་ཀྱི་འདུན་ས་སྐྱལ་དོ་ཡོདཔ་ཨིན།
ནཱཝ་རུ་ལུ་ གཞུང་གིས་དབང་མིའི་དངུལ་ཁང་དང་ རང་སྐྱོང་གི་དངུལ་ཁང་གཉིས་ཆ་རང་ཡོདཔ་ཨིན། དེ་བཟུམ་སྦེ་ མཚོ་གླིང་ལས་ཕར་ཚུར་སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ཡང་ལེགས་ཤོམ་ཡོདཔ་ཨིན། གཡུས་ཚན་ཚུ་གི་བར་ན་ རྩི་ནག་བཏང་བཏང་མའི་འཁོར་ལམ་ཡང་ཡོདཔ་ཨིན། ལམ་འགྲུལ་པ་ཚུ་དང་ཅ་ཆས་ཚུ་ རྒྱ་མཚོ་བདའ་འགྱོ་མི་ གྲུ་ཆེན་ཚུ་གིས་འབག་འོང་དོ་ཡོདཔ་ཨིན། དེ་ལས་ ལུང་ཕྱོགས་དང་ཕྱི་རྒྱལ་ལས་ཕར་འགྲོ་འགྲུལ་འབད་དགོ་པ་ཅིན་ མང་ཤོས་ར་མཁའ་འགྲུལ་ཐོག་ལས་འབད་དོ་ཡོདཔ་ཨིན། རྒྱལ་ཁབ་དེ་གི་གནམ་གྲུ་ཐང་ཡང་ ཡཱ་རེན་ལུ་ཡོདཔ་ཨིན། [༢]
ཤེས་ཡོན་དང་གསོ་བའི་གཞི་རྟེན་ཞབས་ཏོག་ཚུ་ མི་སེར་ཆ་མཉམ་ལུ་བྱིན་བཞིན་ཡོདཔ་ཨིན། ཨིན་རུང་རིང་མེད་ཀྱི་ཞབས་ཏོག་དེ་ཚུ་ རྒྱལ་ཁབ་ཀྱི་དཔལ་འབྱོར་འགྱུར་བཅོས་འགྱོ་མི་དང་བསྟུན་ མར་བབས་སོང་སྟེ་ཡོདཔ་ཨིན། རྒྱལ་ཁབ་ནང་ གཞུང་གི་མི་སྡེའི་ཉེན་སྐྱོབ་ལམ་ལུགས་མེདཔ་ཨིན་པས། སྐྱེས་ལོ་ ༦ ལས་ ༡༦ གི་བར་ནང་འབད་མི་ཚུ་ལུ་ ངེས་པར་དུ་ཤེས་ཡོན་འདི་སྦྱང་དགོཔ་ཨིནམ་ལས་ གཞུང་གི་སློབ་གྲྭ་ ཆུང་རིམ་ལས་འབྲིང་རིམ་ཚུན་ཡོདཔ་ཨིན། [༢]
ཁུང་སྟུགས་དཔེ་ཆ།
- ↑ ཝི་ཀི་པི་ཌི་ཡ། (ལོ་མེད།) ནཱཝ་རུ། https://en.wikipedia.org/wiki/Nauru ལས་འཐོབ་ཡོདཔ་ཨིན།
- 1 2 3 4 5 6 7 8 བིརི་ཊ་ནི་ཀ། (ལོ་མེད།) ནཱཝ་རུ། https://www.britannica.com/place/Nauru ལས་འཐོབ་ཡོདཔ་ཨིན།
- 1 2 3 4 ད་ཝརལཌ་ཕེགཊ་བྷུག། (ལོ་མེད།) ནཱཝ་རུ། https://www.cia.gov/the-world-factbook/countries/nauru/ ལས་འཐོབ་ཡོདཔ་ཨིན།
- 1 2 3 ཝི་ཀི་པི་ཌི་ཡ། (ལོ་མེད།) ནཱཝ་རུ། https://simple.wikipedia.org/wiki/Nauru