པ་ན་མ།
པ་ན་མ་རྒྱལ་ཁབ་འདི་ ཨེ་མི་རི་ཀའི་གླིང་ཆེན་གཉིས་ཀྱི་སྦུག་ལུ་ཆགས་ཏེ་ཡོད། ནུབ་ཕྱོགས་ཁ་ཐུག་ལུ་ཀཱོས་ཊ་རི་ཀ་དང་ ཤར་ཕྱོགས་ལུ་ཀོ་ལོམ་བི་ཡ་ དེ་ལས་ མཚམས་ཀྱི་མཐའམ་བདའ་སྟེ་པེ་སི་ཕིཀ་མཐའ་ཡས་རྒྱ་མཚོ་དང་ ཀེ་རི་བི་ཡཱན་མཚོ་ཡོདཔ་ཨིན། དཔལ་འབྱོར་གྱི་འོང་བབས་གཙོ་བོ་དངུལ་འབྲེལ་དང་ཚོང་འབྲེལ་ དེ་ལས་ ལྟ་བཤལ་ལས་སྡེ་ཚུ་ཨིན། རྒྱལ་ཁབ་ཀྱི་སྔར་སྲོལ་ལམ་ལུགས་ཚུ་མ་ཉམཧ་པར་ཡོདཔ་དང་ སྤྱི་ལོ་ ༡༩༠༣ ལུ་ ཨིས་པེ་ནིཤི་གི་དབང་འོག་ལས་རང་དབང་ཐོབ་ནུག། ཁོང་གི་ལམ་སྲོལ་འདི་ སྔར་སྲོལ་དང་ཨཕ་རི་ཀཱན་ དེ་ལས་ ཡུ་རོ་པི་ཡཱན་ཚུ་སླ་བསྲེ་སྦེ་ཡོདཔ་ཨིན། གཞུང་ཡང་ དམངས་གཙོའི་གཞུང་ལུགས་ཨིནམ་ལས་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་འདི་ བཙག་འཐུ་ལས་བསྒྲུབས་མི་སྲིད་བློན་ཨིན། མི་རློབས་ཚུ་ཡང་མ་འདྲཝ་སྣ་ཚོགས་སྦེ་ཡོད་པའི་ཁར་ གདོང་ལེན་ཆེ་ཤོས་ར་ མི་སེར་མང་སུ་ཅིག་སྤྱང་ཀ་དང་འདྲ་མཉམ་མེདཔ་ དེ་ལས་ རང་བཞིན་མཐའ་འཁོར་གྱི་དཀའ་ངལ་ཚུ་ཡོད།
ས་ཆའི་གནས་སྟངས་དང་སྦོམ་ཚད་ དེ་ལས་ བདག་སྐྱོང་གི་མངའ་སྡེ།
པ་ན་མ་འདི་དབུས་ཕྱོགས་ཨེ་མི་རི་ཀ་གི་ལྷོ་ཕྱོགས་ལུ་ཆགས་ཏེ་ཡོད། ནུབ་ཕྱོགས་ལུ་ཀཱོས་ཊ་རི་ཀ་དང་ ཤར་ཕྱོགས་ལུ་ཀོ་ལོམ་བི་ཡ་ དེ་ལས་ ལྷོ་ཁ་ཐུག་ལུ་ པེ་སི་ཕིཀ་མཐའ་ཡས་རྒྱ་མཚོ་དང་ ཀེ་རི་བི་ཡཱན་གྱི་མཚོ་ཡོད། ས་གནས་འདི་བྱང་དང་ལྷོ་ཨེ་མི་རི་ཀའི་བར་ན་ཟམ་བཟུམ་ཅིག་ཨིན། རྒྱལ་ཁབ་ཀྱི་སྦོམ་ཆུང་གི་ཚད་གཞི་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞིམ་ ༧༥ དེ་ཅིག་ཡོད།
པ་ན་མ་རྒྱལ་ཁབ་ནང་མངའ་སྡེ་ ༡༠ དང་ ཧེ་མའི་ལུང་ཕྱོགས་ ༥ ལུ་བགོ་སྟེ་ཡོད། རྒྱལ་ས་ལྟེ་བ་འདི་ པ་ན་མ་སི་ཊི་ཨིནམ་དང་ འདི་ནང་ལུ་རྒྱལ་ ཁབ་ཀྱི་དཔལ་འབྱོར་གྱི་ལཱ་བྱེལ་འཐབ་ས་དང་ སྲིད་ཚོགས་ཚུ་འཛོམས་ས་ཨིན།
བྱུང་རབས།
པ་ན་མ་རྒྱལ་ཁབ་ཀྱི་བྱུང་རབས་ཡང་ བྱང་དང་ལྷོ་ཨེ་མི་རི་ཀའི་བར་ན་ གལ་ཆེ་བའི་ས་གནས་ཅིག་ཨིན། ཡུ་རོ་པི་ཡཱན་ཚུ་ ས་གནས་འདི་ནང་ མ་ལྷོད་པའི་ཧེ་མར་ དང་ཕུ་ལས་ར་ དེ་ཁར་སྡོད་མིའི་མི་རིགས་སྔའི་བི་དང་ཀཱུ་ན་ ཨེམ་བེ་རཱ་ཚུ་སྡོད་ཡོདཔ་ཨིན། སྤྱི་ལོ་ ༡༥༠༡ ལུ་ ཨིས་པེ་ནིཤི་གི་ཞིབ་འཚོལ་པ་ རོ་དྲི་གོ་དི་བཱས་ཊི་དཱས་ལྷོད་ཞིནམ་ལས་ སྤྱི་ལོ་ ༡༥༡༣ ལུ་ ཨིས་པེ་ནིཤི་རྒྱལ་ཁམས་ཀྱི་དབང་འོག་ལུ་ཚུད་ནུག། ས་གནས་འདི་ ཨིས་པེ་ནིཤི་དང་ཨེ་མི་རི་ཀའི་བར་ན་ གལ་ཆེ་བའི་ཚོང་ལམ་ཅིག་སྦེ་གནས་སྡོད་ནུག།
སྤྱི་ལོ་ ༡༨༢༡ ལུ་ ཨིས་པེན་ལས་རང་དབང་ཐོབ་སྟེ་ ཀོ་ལོམ་བི་ཡ་དང་མཉམ་སྡེབས་འབད་སྡོད་ཡོདཔ་དང་ དེ་ལས་ ཡུ་ཨེས་ཀྱིས་ པ་ན་མ་གཡུར་ཆེན་བཟོ་ནིའི་ནང་ལུ་གྲོགས་རམ་འབད་དེ་ སྤྱི་ལོ་ ༡༩༠༣ ལུ་རང་དབང་ཧྲིལ་པོར་ཐོབ་ཚུགས་ནུག། གཡུར་ཆེན་འདི་ ༡༩༡༤ ལུ་ བསྒྲུབས་ཏེ་ འདི་གིས་ རྒྱལ་སྤྱིའི་ཚོང་འབྲེལ་གྱི་དོན་ལུ་ལག་ལེན་འཐབ་སྟེ་ པ་ན་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་འོང་འབབ་ཆེ་སུ་ཅིག་བཟོཝ་ཨིན། སྤྱི་ལོ་ ༡༩༩༩ ཚུན་ གཡུར་ཆེན་འདི་ ཡུ་ཨེས་ལས་རང་དབང་སྤྱོད་ཆོགཔ་ཐལ་ནུག། པ་ན་མ་འདི་དམངས་གཙོའི་རིང་ལུགས་དང་འབྲེལ་ ཚོང་འབྲེལ་དང་དངུལ་འབྲེལ་ ལྟ་བཤལ་ལས་སྡེ་གིས་ དཔལ་འབྱོར་སྒྲིང་སྒྲི་ཐལ་ཡོད་རུང་གདོང་ལེན་ཡང་ དཔེར་ན་ འདྲ་མཉམ་མེད་པའི་དཀའ་ངལ་དང་མཐའ་འཁོར་གྱི་ཚ་གྱང་ སྦོམ་སྦེ་ཡོདཔ་ཨིན།
མི་རིགས་དང་མི་རློབས།
པ་ན་མ་རྒྱལ་ཁབ་ནང་ལུ་ མི་རློབས་འབད་བ་ཅིན་ ཡུདཔ་ཅིག་ ས་ཡ་ ༤.༥ དེ་ཅིག་ཡོད། རྒྱལ་ཁབ་ནང་ལུ་ མི་རིགས་མ་འདྲཝ་ཚུ་ ལེ་ཤ་ཅིག་ར་ ཡོདཔ་ཨིན། འདི་ནང་ལས་ མང་ཆེ་སུ་ཅིག་ ཧེ་མ་ལས་སྡོད་ཡོད་པའི་ ས་གནས་འདི་ནང་གི་མི་རིགས་དང་ ཡུ་རོ་པི་ཡཱན་གཉིས་ སླ་བསྲེ་སྦེ་ཡོདཔ་ ཨིན། ད་རུང་ ཨཕ་ཕོ་པ་ན་མཱའི་མི་རིགས་ ཧེ་མ་ ཨཕ་རི་ཀ་ལས་འོང་མི་རྒྱབོ་དང་རྒྱམོ་ཚུ་ དེ་ལས་ ཀ་རི་བིཡཱན་ལས་འོང་མི་ཚུ་དང་ ས་གནས་འདི་ ནང་ལུ་ ཧེ་མ་ལས་ར་ གནས་སྡོད་མི་ སྔའི་བི་ ཀཱུ་ན་ ཨཱེམ་བེ་རཱ་ཚུ་ཡང་ཡོད། པ་ན་མ་རྒྱལ་ཁབ་ནང་ལུ་ ཡུ་རོ་པི་ཡཱན་གྱི་ཕྱམ་ཕྱིམ་གྱི་མི་སྡེ་དང་ ཨེ་ཤི་ཡ་ (མང་ཆེ་བ་ཅིག་ རྒྱ་ནག་གི་མི་རིིགས)ཚུ་ དེ་ལས་ ནུབ་ཕྱོགས་ཨེ་ཤི་ཡ་པའི་མི་ཚུ་ཡང་ འདི་ནང་འཛོམས་ཏེ་ མི་རིགས་སྣ་ཚོགས་ཀྱི་མི་སྡེ་ ཅིག་ཨིན། རྒྱལ་ཁབ་འདི་གིས་ སྔར་ཁྱུན་སྣ་ཚོགས་དང་ ཧེ་མའི་ལམ་སྲོལ་དང་སྙན་ཆ་ དུས་སྟོན་བརྩི་སྲུང་འདི་ཚུ་ འབདཝ་ཨིན། མི་རིགས་འདྲ་མིན་ སྣ་ཚོགས་ཡོདཔ་ལས་ ཧེ་མ་ལས་ ས་གནས་འདི་ནང་ཡོད་མི་ མི་རིགས་དང་ ཨཕ་ཕོ་པ་ན་མའི་མི་རིགས་ཚུ་ འཕྲལ་འཕྲལ་ར་ དཔལ་འབྱོར་དང་ མི་སྡེའི་བར་ན་ གདོང་ལེན་ཚུ་འབྱུངམ་ཨིན།
གཞུང་ལུགས་དང་སྲིད་ཚོགས།
པ་ན་མ་འདི་ སྲིད་བློན་ལམ་ལུགས་དང་འབྲེལ་བའི་ དམངས་གཙོའི་རིང་ལུགས་གི་རྒྱལ་ཁབ་ཅིག་ཨིན། གཞུང་གཅིག་གིས་དབང་བའི་ རྒྱལ་ཁབ་ཅིག་ འབདཝ་ལས་ དབང་ཚད་ག་ར་ དབུས་གཞུང་ལུ་ཡོད། ལོ་ལྔ་གི་ཤུལ་ལས་ ཨ་རྟག་ར་ བཙག་འཐུ་ལས་བསྒྲུབས་པའི་ སྲིད་བློན་དང་ སྲིད་བློན་འོགམ་ གཉིསཔོ་འདི་ རྒྱལ་ཁབ་དང་ གཞུང་གཉིས་ཆ་རའི་དབུ་ཁྲིདཔ་ཨིན། སྲིད་བློན་གྱིས་ རྒྱུན་མ་ཆད་པ་ར་ ཚར་གཉིས་འབད་མི་ཆོག། གཞུང་གི་མངའ་འོག་ ལུ་ ལྷན་སྡེ་གསུམ་ཡོད་མི་ཡང་ འཛིན་སྐྱོང་ལྷན་སྡེ། ཁྲིམས་བཟོ་ལྷན་སྡེ་དང་ དྲང་ཁྲིམས་ལྷན་སྡེ་བཅས་ཨིན། སྲིད་བློན་གྱིས་དབུ་ཁྲིད་མཛད་མི་ འཐུས་མི་ ༧༡ འབད་མི་ རྒྱལ་ཡོངས་ཚོགས་འདུ་གིས་ བཅའ་ཁྲིམས་དང་ ཁྲིམས་ལུགས་ཚུ་བཟོ་ཞིནམ་ལས་ རྒྱལ་ཁབ་ནང་ལུ་ ལམ་ལུགས་ཚུ་ དར་ ཁྱབ་སྤེལཝ་ཨིན། དྲང་ཁྲིམས་ལྷན་སྡེ་གིས་ མི་དམངས་ལུ་ འདྲ་མཉམ་གྱི་ཐོག་ལས་ རྩ་ཁྲིམས་ཆེན་མོ་འདི་ བདག་འཛིན་འཐབ་ཨིན།
ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་གནས་ ཆོས་ལུགས་དང་ ཐུན་མིན་གྱི་ཁྱད་ཆོས།
ཨིས་པེ་ནིཤ་འདི་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ཁ་སྐད་ཅིག་ཨིན། ཨིན་རུང་ ཚོང་འབྲེལ་དང་ ལྟ་བཤལ་ནང་ལུ་ ཨིང་སྐད་ཡང་ ཁྱབ་ཆེ་སུ་ཅིག་སྦེ་ར་ ལག་ལེན་འཐབ་ཨིན། རྒྱལ་ཁབ་ནང་གི་ལམ་སྲོལ་ཚུ་ཡང་ ཧེ་མ་ལས་ར་ ས་གནས་འདི་ནང་ལུ་ དར་ཁྱབ་ཡོད་མི་དང་ ཨཕ་རི་ཀཱན་ ཨིས་པེ་ནིཤ་ཚུ་ སླ་བསྲེ་སྦེ་ཡོད་མི་ཡང་ སྙན་ཆ་དང་ ཁྲབ་གཞས་ དཔེར་ན་ ཀཱར་ན་ཝལ་དྲི་པ་ན་མ་ཟེར་མིའི་དུས་སྟོན་ཚུ་ལས་ ཧ་གོ་ཚུགསཔ་ཨིན།
སྤྱིར་བཏང་ པ་ན་མ་གི་མི་ཚུ་ གཅིག་གིས་གཅིག་ལུ་ ཕྱག་རྒྱ་ལེགས་ཤོམ་ཡོདཔ་དང་ མི་སྡེའི་མཐུན་ལམ་ཡང་ སྒྲིང་སྒྲི་འབད་ར་ཡོད། འདི་ནང་ལས་ བཟའ་ཚང་འདི་ ཁག་ཆེ་ཤོས་ཅིག་སྦེ་བརྩིཝ་མ་ཚད་ མི་སྡེའི་འཛོམས་འདུ་ཚུ་ཡང་ འཕྲལ་འཕྲལ་སྦེ་ར་ འབད་ནི་ཡོད། རོ་མཱན་ཀེ་ཐོ་ལིཀ་ཟེར་ རོ་མཱན་ གྱི་ཡེ་ཤུའི་ཆོས་སྡེ་འདི་ དར་ཁྱབ་སྦོམ་སྦེ་ར་ཡོད། ཨིན་རུང་ ཧེ་མ་ལས་ཡོད་པའི་མི་རིགས་ཚུ་གིས་ སྔོན་སྲོལ་གྱི་ རང་སོའི་གཡུས་སྒོ་གི་ ཡིད་ཆེས་ ལམ་ལུགས་ཚུ་ དང་ལེན་འབད་དེ་ར་ཡོད།
པ་ན་མ་རྒྱལ་ཁབ་ནང་ལུ་ ཡོངས་གྲགས་ཆེ་ཤོས་ར་ པ་ན་མ་ཀེ་ནཱལ་ཟེར་ གཡུར་ཆེན་འདི་ཨིན། ག་ཅི་སྦེ་ཟེར་བ་ཅིན་ འདི་ནང་ལས་ རྒྱལ་སྤྱིའི་ཚོང་ འབྲེལ་སྦོམ་ཤོས་ཅིག་སྦེ་ར་ འཐབ་སའི་ལམ་ཅིག་ཨིན། ས་གནས་འདི་ནང་ལས་འབད་བ་ཅིན་ མཐའ་ཡས་རྒྱ་མཚོ་པེ་སི་ཕིཀ་ལས་ ཉིམ་ཤར་ས་མཐོང་ནི་ དང་ ཨེཏ་ལཱན་ཊིག་ལུ་ ཉིམ་ནུབ་སར་ མཐོང་ཚུགས་པའི་ ས་གོ་ཅིག་ཨིན་པས། སེམས་ཤོར་སི་སི་གི་ སྐྱེ་ལྡན་རིགས་སྣ་དང་ ཚ་དྲོད་ཆེ་བའི་ཁར་ ཆར་ཆུ་མང་བའི་ནགས་ཚལ་དང་ སྤྲོ་བ་ཆེ་ཏོག་ཏོ་གི་ མཚོ་མཐའི་བྱེམ་ཐང་ཚུ་ཡོད། འདི་གིས་མ་ཚད་པར་ རྒྱལ་ཁབ་ནང་ལུ་ མི་རིགས་མ་འདྲཝ་འཛོམས་ སའི་ ས་གོ་ཅིག་ཡང་ཨིན།
གནམ་གཤིས་དང་མཐའ་འཁོར།
པ་ན་མ་རྒྱལ་ཁབ་འདི་ ཚ་དྲོད་ཆེ་བའི་མཐའ་འཁོར་ ལོ་གཅིག་གི་རིང་ལུ་ར་ དྲི་གི་རི་སེལ་ཤི་ཡཱས་ ༢༤ ལས་ ༣༢ ཀྱི་བར་ན་གནས་ཏེ་ དྲོད་ཤུགས་ཆེ་སུ་ ཅིག་སྦེ་ར་སྡོདཔ་ཨིན། རྒྱལ་ཁབ་ནང་ལུ་ གནམ་ཟླ་དུས་གཉིས་སྦེ་ཡོད། གཅིག་ སྤྱི་ཟླ་ ༥ པ་ལས་ ༡༢ པ་ཚུན་ ཆར་ཆུའི་དུས་ཚོད་དང་ གཉིས་ སྤྱི་ཟླ་ ༡ པ་ལས་ ༤ ཚུན་ ས་སྐམ་རྡོ་སྐམ་གྱི་དུས་ཚོད་ཨིན། ས་གནས་འདི་ སྐྱེ་ལྡན་རིགས་སྣ་གི་ཕྱུག་པའི་རྒྱལ་ཁབ་དང་ ཆར་ཆུ་འབོལ་བའི་ནགས་ ཚལ་ ལ་དང་ལུང་ བྱེ་མའི་ཐང་དང་ བྱུ་རུའི་ཕུང་པོ་ཚུ་ཡོད། ཚལ་མ་ནང་ལུ་ སེམས་ཅན་དང་ སྲོག་ཆགས་གི་རིགས་སྣ་ཚོགས་ དཔེར་ན་ སེམས་ཅན་གུང་ དང་ བྱ་དགོ་བོ་ སྒྱིད་ངན་དོམ་ཚུ་ཡོད། རྒྱལ་ཡོངས་གླིང་ག་ སོ་བི་རཱ་ནི་ཡ་དང་ དཱ་རཱིན་གཉིས་ཀྱིས་ སྐྱེ་ལྡན་གནས་སྟངས་ལམ་ལུགས་ཚུ་ སྲུང་སྐྱོབས་ འབདཝ་ཨིན། ཨིན་རུང་ ནགས་ཚལ་མར་ཉམས་འགྱོ་ནི་དང་ བཙོག་རླུང་ གནམ་གཤིས་འགྱུར་བ་གིས་ རང་བཞིན་མཐའ་འཁོར་ལུ་ གནོད་ཉེན་སྦོམ་ར་ ཡོད། གཞུང་དང་ མཐའ་འཁོར་ལས་ཚོགས་ཀྱིས་ པ་ན་མའི་རང་བཞིན་ཁྱད་ཆོས་དང་ རི་དྭགས་ཀྱི་འཚོ་གནས་ཚུ་ གོང་འཕེལ་གཏང་ནི་ལུ་ ལཱ་འབད་ བའི་བསྒང་ཡོདཔ་ཨིན།
དཔལ་དབྱོར་དང་ཚོང་འབྲེལ།
པ་ན་མའི་རྒྱལ་ཁབ་ནང་ལུ་ དཔལ་འབྱོར་གྱི་གཞི་ངོ་མ་ར་ ཞབས་ཏོག་དང་འབྲེལ་བའི་ཚོང་ལཱ་ནང་ལས་ཨིན། ད་རུང་ དངུལ་འབྲེལ་དང་ ཚོང་འབྲེལ་ ལྟ་ བཤལ་དང་ སྡོད་གནས་དང་འབྲེལ་བའི་ལཱ་ཚུ་ཨིན། རྒྱལ་ཁབ་ཀྱི་ དཔལ་འབྱོར་གྱི་སྲོག་ཤིང་ངོ་མ་ར་ པ་ན་མའི་གཡུར་ཆེན་འདི་ཨིན། འདི་གིས་ རྒྱལ་ སྤྱིའི་ཚོང་ལམ་ཁྲལ་ལུ་བརྟེན་ཏེ་ འོང་འབབ་འཐོབ་ཚུགསཔ་ཨིན། ད་རུང་ ཀཱོ་ལཱོན་ཕྲི་ཀྲེརེད་ཟཱོན་ཟེར་མི་ནང་ལས་ ཕྱི་ནང་ཚོང་ལམ་མཐུན་རྐྱེན་གྱིས་ རྒྱལ་ སྤྱིའི་ནང་ལུ་ སྦོམ་ཤོས་ཅིག་ཨིན།
པ་ན་མ་ལུ་ དངུལ་འབྲེལ་ལྟེ་བ་ཚུ་ཁྱབ་ཆེཝ་ཅིག་སྦེ་ཡོདཔ་ལས་ འདི་ནང་ དངུལ་འབྲེལ་ཞབས་ཏོག་དང་ ཉེན་བཅོལ་ལས་སྡེ་ཚུ་ཡོད། ད་རུང་ བཟོ་གྲྭ་ ལས་ཁང་གཞན་ བཟོ་སྐྲུན་འབད་ནི་དང་ རྒྱུ་ནོར་གཞིས་ཁང་ དེ་ལས་ སོ་ནམ་ལཱ་འབྲེལ་ཚུ་ཡང་ཚུདཔ་ཨིན། ཕྱིར་ཚོང་ཡང་ གཙོ་བོ་ར་ ཤིང་འབྲས་ངང་ ལག་དང་ མཚོའི་ཐོན་སྐྱེད་བཟའ་འཐུང་ ཀོ་ཕི་དང་ སྤུས་ཚད་ཅན་གྱི་ས་སྣུམ་པེ་ཊོལ་ཚུ་ཨིན། ནང་འདྲེན་ཚོང་རིགས་ཡང་ འཕྲུལ་ཆས་དང་ བཟའ་ སྤྱོད་ཀྱི་ཅ་ཆས་ དེ་ལས་ ས་སྣུམ་ཚུ་ཨིན། ཕྱིར་ཚོང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ངོ་མ་ར་ ཡུ་ཨེས་ རྒྱ་ནག་ ཨི་ཡུ་དང་ ལ་ཏྲིན་ཨེ་མི་རི་ཀའི་ རྒྱལ་ཁབ་ཚུ་ཨིན།
ཤེས་རིག་དང་གསོ་བའི་ལམ་ལུགས།
པ་ན་མ་གཞུང་གིས་ ཨ་ལུ་ ལོ་ ༤་ལས་ ༡༥ ཚུན་ ཤེས་ཡོན་ཚུ་ རིན་མེད་སྟོང་པ་དང་ ངེས་པར་དུ་ལྷབ་དགོཔ་སྦེ་ཨིན། ལམ་ལུགས་ནང་ལུ་ གཞི་རིམ་ འབྲིང་རིམ་དང་ གོང་རིམ་གསུམ་སྦེ་ཡོད། འདིའི་ཐོག་ཁར་ པ་ན་མ་གཙུག་ལག་སློབ་སྡེ་གིས་ མཐོ་རིམ་གོང་མའི་ཤེས་ཡོན་ལྷབ་སྦྱང་གི་ གོ་ སྐབས་ བྱིནམ་ཨིན། མ་གཞི་གི་ རྒྱལ་ཁབ་ནང་ལུ་ ལྷབ་སྦྱང་གི་ཤེས་ཚད་འདི་ མཐོ་སུ་ཅིག་འབད་ཡོད་རུང་ མཐའ་ཟུར་དང་ ཧེ་མའི་མི་རིགས་ཚུ་ལུ་ སྤུས་ཚད་ཅན་གྱི་ཤེས་ཡོན་འཐོབ་ནིའི་ནང་ལུ་ གདོང་ལེན་ཅན་ཅིག་སྦེ་འབྱུང་སྟེ་ཡོད།
རྒྱལ་ཁབ་ནང་ལུ་ གཞུང་དང་སྒེར་གྱི་སྨན་ཁང་གཉིས་ཆ་ར་ཡོད། གཞུང་གི་སྨན་ཁང་འདི་ གསོ་བའི་ལྷན་ཁག་གིས་སྦེ་ བདག་སྐྱོང་འབད་དེ་ མི་ཚུ་ གིས་ འབད་ཚུགས་པའི་ གསོ་བའི་ཞབས་ཏོག་ཚུ་བྱིན་དོ་ཡོདཔ་དང་ སྒེར་གྱི་སྨན་ཁང་གིས་འབད་བ་ཅིན་ སྤུས་ཚད་ཅན་གྱི་གསོ་བའི་ཞབས་ཏོག་ཚུ་ བྱིནམ་ཨིན། ཁྲོམ་ཚོགས་ནང་ལས་ཕར་ དེང་ལུགས་དང་འཁྲིལ་བའི་ ཞབས་ཏོག་ཚུ་ཡོད་རུང་ མཐའ་ཟུར་ལས་ཕར་འབད་བ་ཅིན་ གནས་དུས་དང་འཁྲིལ་ བའི་ཞབས་ཏོག་ཚུ་ཉུངམ་ལས་ འཕྲོད་བསྟེན་ནང་ལུ་ དབྱེ་བ་ཕྱེ་ལུསཔ་ཨིན།
དཀའ་ངལ་དང་གདོང་ལེན།
པ་ན་མ་རྒྱལ་ཁབ་ནང་ལུ་ དཔལ་འབྱོར་གོང་འཕེལ་ཚུ་ འགྱོ་སྟེ་ར་ཡོད་རུང་ གདོང་ལེན་ལེ་ཤ་ཅིག་ར་ཡོད། འདི་ནང་ལས་ ངན་ལྷད་འདི་ ཁྱབ་ཆེ་སུ་ཅིག་ ཡོདཔ་དང་ དེ་གིས་ དྭངས་གསལ་ཅན་གྱི་གཞུང་ལུགས་ནང་ལུ་ ཐོ་ཕོག་སྟེ་ མི་སྡེ་ཚུ་ལས་ བློ་གཏད་ཀྱི་དཀའ་ངལ་ཚུ་ཡོད། འདྲ་མཉམ་མེད་པའི་ འོང་འབབ་ཡང་ མཐོ་སུ་ཅིག་སྦེ་ར་གནས་ཏེ་ཡོད། དེ་གིས་ སྤྱིར་བཏང་ མཐའ་ཟུར་ལས་ཕར་སྡོད་མི་ཚུ་དང་ ཧེ་མ་ལས་གནས་ཡོད་པའི་ མི་རིགས་ ཚུ་ དབུལ་ཕོངས་སྦེ་ལུས་ནི་དང་ ཤེས་རིག་དང་གསོ་བ་ནང་ལུ་ ཆ་སྙོམས་སྦེ་མ་འཐོབ་པའི་དཀའ་ངལ་ཡོད། རང་བཞིན་མཐའ་འཁོར་གྱི་དཀའ་ངལ་ དཔེར་ན་ ནགས་ཚལ་མར་ཉམས་འགྱོ་ནི་དང་ བཙོག་རླུང་ཡར་སེང་འགྱོ་ནི་ དེ་ལས་ གནམ་གཤིས་འགྱུར་བ་གིས་ སྐྱེ་ལྡན་རིགས་སྣང་དང་ སྤྱོད་ཆུའི་ འཐོན་ཁུངས་ནང་ལུ་ གནོདཔ་སྦོམ་སྦེ་ར་བྱུང་སྟེ་ཡོད། རྒྱལ་ཁབ་ནང་ སྤྱིར་ མི་དམངས་མཐུན་རྐྱེན་ དཔེར་ན་ སྐྱེལ་འདྲེན་ཞབས་ཏོག་དང་ སྡོད་ཁྱིམ་ཚུ་གི་ཐད་ལུ་ ལཱ་ཁག་རྐྱབ་སྟེ་ར་ཡོད། དེའི་ནང་དོན་ཉིད་ལས་ རྒྱལ་ཁབ་འདི་ ཕྱི་ནང་འགྲོ་འགྲུལ་གྱི་ལམ་བར་ལུ་གནས་ཡོདཔ་ལས་ མི་ཚུ་ ཕྱི་རྒྱལ་(ངོ་མ་ར་) བྱང་ཕྱོགས་ཨེ་མི་རི་ཀ་ལུ་ འགྱོ་ནིའི་ལཱ་བྱེལ་གྱིས་ དཀའ་ངལ་འབྱུང་སྟེ་ར་ཡོད། གོང་འཁོད་ཀྱི་དཀའ་ངལ་ཚུ་ གདོང་ལེན་འབད་ནི་ གི་དོན་ལུ་ སྒྲིང་སྒྲི་ཡོད་པའི་གཞུང་དང་ མི་སྡེ་ལས་རིམ་ དེ་ལས་ ཡུན་བརྟན་གྱི་གོང་འཕེལ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ཕྱག་ལཱ་གནང་དགོཔ་ འདུག།
རྒྱབ་རྟེན་དཔེ་དེབ།
༡. Wikikedia Foundation, Inc. (ཞུན་དག་ ༢༠༢༥/༠༣/༠༨) པ་ན་མ། https://en.wikipedia.org/wiki/Panama.
༢. BBC News. (༢༠༢༥/༠༨/༠༡) Panama Country Profile, https://www.bbc.com/news/world-latin-america-19888936.
༣. མཱིལ་ལིཊ་ རི་ཅརདྲ་ ཨཱེལ། ཨཱང་གུཛི་ཛོ་ལ གཱུས་ཏ་ཝོ། “པ་ན་མ།” ༩/༠༣/༢༠༢༥། https://www.britannica.com/place/Panama.
༤. Google Earth Pro. (2023) Data SIO, NOAA, U.S. Navy, NGA, GEBCO, Image Landsat/Copernicus, Image IBCAO.
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source: Department of Culture and Dzongkha Development.