Jump to content

པ་ལཱཝ།

Wikipedia ལས།
པ་ལཱཝ་རྒྱལ་ཁབ་ཀྱི་རྒྱལ་དར།
པ་ལཝ་གི་ས་ཁྲ།

པ་ལཱཝ་ཟེར་མི་འདི་ ནུབ་ཕྱོགས་པེ་སི་ཕིཀ་མཐའ་ཡས་རྒྱ་མཚོ་ནང་གི་ མཚོ་གླིང་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ ཡུདཔ་ཅིག་ མཚོ་གླིང་ ༣༠༠ དེ་ཅིག་བསྡོམས་སྦེ་བཟོ་སྟེ་ཡོད། འགྱུར་ནི་མེད་པའི་མཚོ་མཐའི་བྱེམ་ཐང་དང་ དགའ་བའི་མཚོ་འབྲེལ་གྱི་མི་ཚེ་འདི་ ཡོངས་གྲགས་ཅན་ཅིག་སྦེ་ཡོད། པ་ལཱཝ་གི་དཔལ་འབྱོར་འདི་ གཙོ་བོ་ར་ ལྟ་བཤལ་ལས་སྡེ་དང་ ཉའི་་ཚོང་འབྲེལ་ དེ་ལས་ ཡུ་ཨེས་ཀྱི་ཕྱི་རྒྱལ་གྲོགས་རམ་ལུ་བརྟེན་ཏེ་སྡོདཔ་ཨིན། རྒྱལ་ཁབ་འདི་ ཡུ་ཨེས་ཀྱི་བདག་སྐྱོང་འོག་ལས་ སྤྱི་ལོ་ ༡༩༩༤ ལུ་ རང་དབང་ཐོབ་ནུག། ལམ་སྲོལ་ཚུ་ཡང་ ནུབ་ཕྱོགས་པེ་སི་ཕིཀ་དང་ ཨེ་ཤི་ཡ་ དེ་ལས་ ནུབ་ཕྱོགས་པ་གི་དབང་ལུ་ཐལ་ཡོདཔ་ཨིན། པ་ལཱཝ་གི་གཞུང་སྐྱོང་ཡང་ དམངས་གཙོའི་གཞུང་དང་ དེ་ལས་ མི་རིགས་ཡང་ མ་འདྲཝ་ལེ་ཤ་ཡོད། གདོང་ལེན་ཆེ་ཤོས་ར་ གནམ་གཤིས་འགྱུར་བ་དང་ གཞན་ལུ་གཏད་པའི་དཔལ་འབྱོར་ཚུ་ཨིན།

ས་ཆའི་གནས་སྟངས་དང་ སྦོམ་ཚད་ དེ་ལས་ བདག་སྐྱོང་གི་མངའ་སྡེ། པ་ལཱཝ་རྒྱལ་ཁབ་འདི་ ནུབ་ཕྱོགས་པེ་སི་ཕིཀ་མཐའ་ཡས་རྒྱ་མཚོ་གི་ལུང་ཕྱོགས་ནང་ལུ་ཡོད། འདི་ཡང་ ཕི་ལི་པིནས་ཀྱི་ཤར་ལྷོ་དང་ ཨིན་དྲོ་ནེ་ཤི་ཡ་གི་ཤར་ཕྱོགས་ལུ་དང་ པ་པུ་ཝ་ནིའུ་གུའི་ནི་ཡ་གི་བྱང་ཕྱོགས་ལུ་ གནས་ཏེ་ཡོད། རྒྱལ་ཁབ་འདི་ པེ་སི་ཕིཀ་མཐའ་ཡས་རྒྱ་མཚོ་གིས་ མཐའ་བསྐོར་ཏེ་ཡོདཔ་དང་ འདི་གི་གྲས་ལུ་ མཚོ་གླིང་ ༣༠༠ དེ་ཅིག་ཡོད་མི་ དག་པ་ཅིག་ནང་ལུ་ རྐྱངམ་གཅིག་ མི་ཚུ་གནས་ཏེ་ཡོད། རྒྱལ་ཁབ་ཀྱི་སའི་རྒྱ་ཚད་འབད་བ་ཅིན་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༤༥༩ ཡོདཔ་དང་ འཛམ་གླིང་ནང་ལུ་ རྒྱལ་ཁབ་ཆུང་ཀུ་གི་གྲས་སུ་ཚུདཔ་ཨིན། ས་ཆ་འདི་ ཆུང་ཀུ་ཅིག་ཨིན་རུང་ མཚོ་དང་འབྲེལ་བའི་སྐྱེ་ལྡན་རིགས་སྣ་འདི་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༦༠༠,༠༠༠ དེ་ཅིག་ཡོད། པ་ལཱཝ་རྒྱལ་ཁབ་འདི་ རང་སོའི་ས་གནས་གཞུང་དང་འཁྲིལ་ཏེ་ བདག་སྐྱོང་མངའ་སྡེ་ ༡༦ ལུ་བགོ་སྟེ་ཡོད། འདི་ནང་ལས་ རྒྱལ་ས་ལྟེ་བ་ ངི་རུལ་མཱཊ་འདི་ མི་ལི་ཀི་ཨོཊ་གི་མངའ་སྡེ་ལུ་ཆགས་ཏེ་ཡོད། འདི་ནང་ལུ་ མི་རློབས་ཡང་ སྟུག་དྲགས་འཚམས་སུ་ཅིག་དང་ དཔལ་འབྱོར་གྱི་ལྟེ་བ་ཅིག་ཡང་ཨིན་པས། ཡོངས་གྲགས་ཆེ་བའི་མངའ་སྡེ་གཞན་ ཨཱའེ་རའེ་དང་ སྔ་རཊ་ པེ་ལི་ལིའུ་དང་ ཨཱང་གའུར་ཚུ་ཨིན།

བྱུང་རབས། པ་ལཱཝ་རྒྱལ་ཁབ་ཀྱི་ བྱུང་རབས་ཡང་ ལོ་ངོ་ ༣༠༠༠ གི་སྔ་གོང་ལས་ར་ ཨོས་ཀྲོ་ནེ་སི་ཡན་གཞི་བཅའ་གི་མི་ཚུ་དང་འབྲེལ་བ་ཡོདཔ་ཨིན། མཚོ་གླིང་ནང་ལུ་ ཐུན་མིན་གྱི་མའི་ཊོ་ནེ་ཤི་ཡན་གྱི་ལམ་སྲོལ་དང་འབྲེལ་བའི་ སྔར་སྲོལ་ཚུ་ དཔེར་ན་ ཨམ་སྲུའི་གཙོ་ཁྲིདཔ་བཟུམ་ཚུ་ཨིན། དུས་རབས་ ༡༦ པ་ནང་ལུ་ ཡུ་རོ་པི་ཡཱན་ ཨིས་པེ་ནིཤ་ བྲི་ཏིཤ་དང་ ཇར་མཱན་གྱི་ཞིབ་འཚོལ་པ་ཚུ་ལྷོད་ནུག། ཨིས་པཱེན་གྱིས་ ཇར་མཱན་ལུ་ མ་བཙོང་བར་ སྤྱི་ལོ་ ༡༨༩༩ ཚུན་ བདག་སྐྱོང་འབད་སྡོད་ནུག། འཛམ་གླིང་དམག་ཆེན་དང་པ་མཇུག་བསྡུ་བའི་ཤུལ་ལུ་ ཇ་པཱན་གྱིས་རྩིས་ལེན་ཏེ་ པ་ལཱཝ་འདི་ ཁག་ཆེ་བའི་ དམག་སྡེ་གི་ས་གོ་ཅིག་སྦེ་བཟོ་ནུག། དམག་ཆེན་གཉིས་པའི་སྐབས་ལུ་ པ་ལཱཝ་རྒྱལ་ཁབ་འདི་ ཇ་པཱན་རྒྱལ་ཁབ་དང་ ཡུ་ཨེས་གཉིས་ཀྱི་བར་ན་ དམག་ཤུགས་སྦེ་འཐབ་སའི་ ས་གོ་ངོ་མ་ཅིག་ཨིན་མི་ནང་ལུ་ སྤྱི་ལོ་ ༡༩༤༤ ལུ་ པི་ལི་ལིའུ་གི་དམག་ཡང་འཐབ་ནུག། དམག་འཐབ་ཚར་བའི་ཤུལ་ལུ་ པ་ལཱཝ་རྒྱལ་ཁབ་འདི་ ཡུ་ཨེས་ཀྱིས་བདག་དབང་འཛིན་སྐྱོང་འབད་དེ་ པེ་སི་ཕིཀ་མཚོ་གླིང་གི་ ཆ་ཤས་ཅིག་སྦེ་སྡོད་ནུག། སྤྱི་ལོ་ ༡༩༤༤ ལུ་ ཡུ་ཨེས་དང་གཅིག་ཁར་ ཆིངས་ཡིག་ཅིག་གུར་ས་ཡིག་རྐྱབ་པའི་ཤུལ་ལུ་ རང་དབང་ཧྲིལ་པོར་ཐོབ་ནུག། ད་རེས་ པ་ལཱཝ་འདི་ མཚོ་འབྲེལ་སྲུང་སྐྱོབས་དང་ ལམ་སྲོལ་མ་ཉམས་པར་རྒྱུན་སྐྱོང་འབད་དེ་ ཞི་བདེ་ཅིག་ལུ་གནས་མིའི་རྒྱལ་ཁབ་ཅིག་ཨིན།


མི་རློབས་དང་མི་རིགས། པ་ལཱཝ་ལུ་ མི་རློབས་ཉུང་ཤོས་ ༡༨,༠༠༠ རྐྱངམ་གཅིག་ཡོད་ནི་འདི་གིས་ འཛམ་གླིང་ནང་ལུ་ མི་རློབས་ཉུང་ཤོས་ཅིག་གི་གྲངས་སུ་ཚུདཔ་ཨིན། མི་རིགས་མང་ཆེ་བ་ཅིག་ པ་ལཱ་འུན་དང་ ཨོས་ཀྲོ་ནེ་སི་ཡཱན་དབང་ལུ་ཐལ་མི་ མའི་ཀྲོ་ནེ་ཤི་ཡཱན་གྱི་སྡེ་ཚན་ཡང་ཡོད། མི་སྡེ་ཆུང་བའི་མི་རིགས་ ཕི་ལི་པི་ནོས་དང་ རྒྱ་ནག་ དེ་ལས་ གཞན་ པེ་སི་ཕིཀ་མཚོ་གླིང་པ་ཚུ་ཡང་ཡོད། ད་རུང་ ཨེ་མེ་རི་ཀཱན་དང་ ཇ་པཱན་གྱི་མི་རིགས་ཚུ་ཡང་ཡོདཔ་ཨིན།

གཞུང་སྐྱོང་ལམ་ལུགས་དང་སྲིད་ཚོགས། པ་ལཱཝ་འདི་ སྤྱི་མཐུན་དམངས་གཙོའི་རྒྱལ་ཁབ་དང་ སྲིད་བློན་ལམ་ལུགས་ཅིག་ཨིན། རྒྱལ་ཁབ་ནང་ལུ་ རྒྱལ་ཡོངས་ཀྱི་ཚོགས་ཁང་གཉིས་ལྡན་གྱི་སྲིད་ཚོགས་ཡང་ ཁྲིམས་བཟོ་ཚོགས་སྡེ་དང་ འཐུས་མི་ཚོགས་ཁང་གཉིས་ཨིན། ལོ་བཞི་གི་རྒྱབ་ལས་ བཙག་འཐུ་ལས་བསྒྲུབས་མི་ སྲིད་བློན་འདི་ རྒྱལ་ཁབ་དང་གཞུང་གཉིས་ཆ་རའི་དབུ་ཁྲིདཔ་ཨིན། ཁྲིམས་འབྲེལ་ལམ་ལུགས་ཡང་ གཞི་གཙོ་བོ་ སྤྱིར་བཏང་གི་ཁྲིམས་ལུ་བཞག་མི་འདི་ ལམ་སྲོལ་དང་ ཡུ་ཨེས་ཀྱི་ཁྲིམས་གུར་དབང་ཐལཝ་ལས་ཨིན། པ་ལཱཝ་རྒྱལ་ཁབ་འདི་ ཡུ་ཨེས་དང་ དལ་དབང་མཐུན་ཚོགས་ཀྱི་ཆིངས་ཡིག་ཅིག་གུར་ ས་ཡིག་རྐྱབ་སྦེ་ མ་དངུལ་དང་ སྲུང་སྐྱོབས་རྒྱབ་སྐྱོར་ཐོབ་པའི་ཤུལ་ལུ་ སྤྱི་ལོ་ ༡༩༩༤ ལུ་ རང་དབང་ཐོབ་ནུག། རྒྱལ་ཁབ་ནང་ལུ་ སྲིད་ཚོགས་སྒྲིང་སྒྲི་ཡོདཔ་ལས་ མི་ངོམ་རང་སོའི་དབང་ལུ་ཐལ་བའི་ སྲིད་ཚོགས་མང་སྡེབ་ཐོག་ལུ་ གནསཔ་ཨིན། མངའ་སྡེ་ ༡༦ ནང་ལུ་ ས་གནས་གཞུང་དང་ སྔར་ལུགས་ཀྱི་དབུ་ཁྲིདཔ་ཚུ་གིས་ ག་ཅི་ར་ཨིན་རུང་ གྲོས་ཐག་གཅོདཔ་ཨིན། རྒྱལ་ཁབ་ནང་ལུ་ གཞུང་ལུགས་སྒྲིང་སྒྲི་དང་ རང་བཞིན་གནས་སྟངས་ཀྱི་འགོ་ཁྲིདཔ་ཚུ་ ཕྱི་འབྲེལ་སྲིད་སྐྱོང་གི་བར་གནས་ཏེ་སྡོདཔ་ཨིན་རུང་ དཔལ་འབྱོར་རང་དབང་མེདཔ་དང་ གནམ་གཤིས་འགྱུར་བའི་གནོད་པ་གིས་ གདོང་ལེན་ཅན་ཅིག་སྦེ་ཡོདཔ་ཨིན།

ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་གནས་ ཆོས་ལུགས་དང་ ཐུན་མིན་གྱི་ཁྱད་ཆོས། གཞུང་འབྲེལ་ཁ་སྐད་གཉིས་ཡོད་མི་ཡང་ པ་ལཱ་འུན་དང་ཨིན་སྐད་གཉིས་ཨིན། མངའ་སྡེ་ སཱོན་སོ་རཱོལ་དང་ ཧ་ཏོ་ཧོ་བེ་ཚུ་ནང་ སཱོན་སོ་རཱོ་ལིས་དང་ ཏོ་བའིན་གཉིས་ གཞུང་འབྲེལ་ཁ་སྐད་སྦེ་ངོས་འཛིན་འབདཝ་ཨིན། ཇ་པཱན་ཁ་སྐད་ཡང་ རྒན་རྒས་ཚུ་གིས་ལག་ལེན་འཐབ་ཨིན། པ་ལཱཝ་གི་ལམ་སྲོལ་ཡང་ མའི་ཀྲོ་ནེ་ཤི་ཡཱན་སྔར་སྲོལ་དང་ ཨོས་ཊོ་ནེ་སི་ཡཱན་ ཨེ་ཤི་ཡཱན་གྱི་དབང་ལུ་ཐལ་ཡོདཔ་ཨིན། མི་སྡེ་ནང་ ཨམ་སྲུ་ཚུ་གིས་ གཙོ་བཟུང་ཞིནམ་ལས་ ཕ་མའི་བགོ་སྐལ་དང་ མི་སྡེའི་སྡེ་ཚོགས་བཟོཝ་ཨིན། སྔར་སྲོལ་རིས་མོ་དང་སྲུང་གཏང་ནི་ དེ་ལས་ ཁྲབ་གཞས་ཚུ་ ཁག་ཆེ་ཤོས་ཅིག་སྦེ་བརྩིཝ་མ་ཚད་ བཱའེ་(Traditional meeting houses) ཟེར་མི་ལུ་ ངལ་རངས་བསྐྱེདཔ་ཨིན། པ་ལཱ་འུན་ཚུ་གིས་ བཟའ་ཚང་མཐུན་འབྲེལ་ལུ་ གུས་ཞབས་དང་ མི་སྡེ་ལུ་ རྩིས་མཐོང་སྦོམ་བསྐྱེད་མི་ཅིག་ཨིན། ཉ་ཚོང་རྐྱབ་ནི་ གྲུ་ཆུང་བཟོ་ནི་དང་ ཐགས་འཐག་ནི་ཚུ་ སྔར་ལུགས་ཀྱི་སྦྱོང་ལཱ་ཅིག་ཨིན། དེང་ལུགས་ཀྱི་ མི་སྡེའི་འཚོ་བའི་གནས་སྟངས་ཡང་ དུས་སྟོན་རྩིས་སྲུང་ རྩེད་རིགས་དང་ མི་སྡེ་འཛོམས་འདུ་ཚུ་འབད་ནི་ཡོད། མི་ཚུ་གིས་ ཧེ་མའི་ལམ་སྲོལ་དང་ དེང་སང་གི་འགྱུར་འགྲོས་གཉིས་ དོ་མཉམ་སྦེ་བཞགསཔ་ཨིན། མི་མང་སུ་ཅིག་ར་ ཡེ་ཤུ་པའི་ཆོས་ལུགས་འབད་མི་ཡོད་རུང་ ལ་ལུ་ཅིག་གིས་སྦེ་བ་ཅིན་ གཡུས་སྒོའི་ནང་ལས་ཕར་ ཡིད་ཆེས་ཚུགས་པའི་ཕྱག་མཆོད་ཚུ་ ཡེ་ཤུའི་ཆོས་ལུགས་དང་སྦྲེལ་ཏེ་འབདཝ་ཨིན་པས། པ་ལཱཝ་རྒྱལ་ཁབ་འདི་ རྒྱལ་སྤྱི་གིས་ར་ མཚོ་འབྲེལ་སྲུང་སྐྱོབས་ཤུགས་བཏོན་ནང་ལུ་ ངོས་ལེན་འབད་དེ་ འདིའི་གྲས་ལུ་ པ་ལཱཝ་རྒྱལ་ཡོངས་མཚོ་འབྲེལ་སྲུང་སྐྱོབས་ས་ཁོངས་ཡང་ཚུདཔ་ཨིན། རྒྱལ་ཁབ་འདི་ ཉ་ཆེན་ཡོར་མོ་སྲུང་སྐྱོབས་ས་ཁོངས་དང་ མཐའ་འཁོར་ཁྲིམས་ལུགས་སྒྲིང་སྒྲི་སྦེ་གནས་མི་རྒྱལ་ཁབ་ཚུ་ལས་ཅིག་ཨིན། པ་ལཱཝ་འདི་སྐྱེ་ལྡན་རིགས་སྣ་ཕྱུགཔོ་སྦེ་ཡོད་མི་ཅིག་དང་ འགྱུར་བ་མེད་པའི་ཆུ་ཚུ་ དེ་ལས་ སྔར་སྲོལ་གཞུང་སྐྱོང་ལམ་ལུགས་ཚུ་གིས་ སྤྲོ་བ་ཆེ་ཏོག་ཏོ་ཅིག་སྦེ་མཐོངམ་ཨིན།

གནམ་གཤིས་དང་མཐའ་འཁོར། རྒྱལ་ཁབ་ནང་ལུ་ ཆར་ཆུ་མང་བའི་ཚལ་མ་དང་ ཚ་དྲོད་རན་ཏོག་ཏོ་ དེ་ལས་ ལོ་ཅིག་གི་རིང་ལུ་ར་ རློན་གཤེར་ཆེ་སུ་ཅིག་སྦེ་གནསཔ་ཨིན། སྤྱིར་སྙོམས་ལུ་ ཚ་དྲོད་ཀྱི་ཚད་གཞི་ དྲི་གི་རི་སེལ་ཤི་ཡས་ ༢༤ ལས་ ༣༡ ཚུན་སྡོདཔ་ཨིན། རྒྱལ་ཁབ་ནང་ལུ་ སྤྱི་ཟླ་ ༥ པ་ལས་ ༡༡ པ་ཚུན་ རློནམ་སྦེ་ར་ཆར་ཆུ་འབོལ་དྲགས་ཅིག་དང་ འཕྲལ་འཕྲལ་སྦེ་ར་ རླུང་འཚུབ་དྲག་པོ་ཚུ་འབྱུངམ་མ་ཚད་ སྤྱི་ཟླ་ ༡༢ པ་ལས་ ༤ པ་ཚུན་ ས་སྐམ་འཚམས་སུ་ཅིག་སྦེ་སྡོདཔ་ཨིན། པ་ལཱཝ་ལུ་ མཚོ་འབྲེལ་སྐྱེ་ལྡན་རིགས་སྣ་ཕྱུགཔོ་ཡོད་པའི་ཁར་ བྱུ་རུའི་ཕུང་པོ་དང་ མཐའ་རྫིང་དྭངས་པ་ དེ་ལས་ མཚོར་གནས་སྲོག་ཆགས་སྣ་ཚོགས་ཡོདཔ་ཨིན། གདོང་ལེན་སྦོམ་ཤོས་གཅིགཔོ་འདི་ རང་བཞིན་གྱི་གནམ་གཤིས་འགྱུར་བ་དང་ མཚོའི་གནས་ཚད་ཡར་སེང་འགྱོ་ནི་ དེ་ལས་ བྱུ་རའི་ཕུང་པོ་མར་ཉམས་འགྱོ་ནི་ཚུ་ཨིན།

དཔལ་འབྱོར་དང་ཚོང་འབྲེལ། པ་ལཱཝ་གི་དཔལ་འབྱོར་ངོ་མ་ར་ ལྟ་བཤལ་ལས་སྡེ་དང་ ཉའི་ཚོང་འབྲེལ་ དེ་ལས་ ཕྱི་ཁའི་གྲོགས་རམ་མ་དངུལ་ཚུ་ཨིན། མི་མང་སུ་ཅིག་སྦེ་འོང་མི་ཡང་ རྒྱལ་ཁབ་ནང་ལུ་ འགྱུར་བ་མེད་པའི་མཚོ་མཐའི་བྱེམ་ཐང་དང་ བྱུ་རུའི་ཕུང་པོ་ དེ་ལས་ རྒྱལ་སྤྱིའི་གནས་ཚད་ལས་ལྷག་པའི་ ཆུར་མཆོང་གི་ས་གོ་ཚུ་ཡོདཔ་ལས་ཨིན། འདི་ནང་ལས་ ལྟ་བཤལ་གྱིས་ ལཱ་གཡོག་ཡང་བྱིནམ་མ་ཚད་ རྒྱལ་ཁབ་ནང་གི་ཐོན་སྐྱེད་འོང་འབབ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགསཔ་ཨིན། རྒྱལ་ཁབ་ནང་ལས་མངམ་ར་ ཉའི་རིགས་ ཀྲུ་ན་ཟེར་མི་འདི་ ཕྱིར་ཚོང་འབདཝ་ཨིན། ཕྱི་རྒྱལ་ཡུ་ཨེས་ ཇ་པཱན་དང་ ཏའི་ཝན་ལས་ ནང་འདྲེན་ཚོང་རིགས་ཡང་ གཙོ་བོ་ར་ བཟའ་འཐུང་གི་རིགས་དང་ ས་སྣུམ་ དེ་ལས་ འཕྲུལ་རིགས་ཚུ་ཨིན། རྒྱལ་ཁབ་ཀྱིས་ ནང་འདྲེན་མར་ཕབ་འབད་ནི་གི་ནང་ལུ་ དཔལ་འབྱོར་འཐོན་ཁུངས་སྣ་ཚོགས་ལུ་ ལཱ་འབད་བའི་བསྒང་ར་ཡོདཔ་ཨིན།

ཤེས་རིག་དང་གསོ་བའི་ལམ་ལུགས། པ་ལཱཝ་རྒྱལ་ཁབ་ནང་ལུ་ ཨ་ལུ་ ལོ་ཚད་ ༦ ལས་ ༡༧ ཚུན་ ཨིན་ཅི་མིན་ཅི་ དཔེ་ཆ་ལྷབ་དགོཔ་དང་ དེ་ཡང་གཞུང་གིས་ རིན་མེད་སྟོང་པ་སྦེ་ གནངམ་ཨིན། ཤེས་རིག་ལམ་ལུགས་ཡང་ ཡུ་ཨེས་ཀྱི་ལམ་ལུགས་དང་འཁྲིལ་ཏེ་ གཞི་རིམ་ཤེས་ཡོན་ བར་མའི་ཤེས་ཡོན་དང་ གོང་མའི་ཤེས་ཡོན་ཚུན་ཡོདཔ་ཨིན། པ་ལཱཝ་མི་སྡེ་མཐོ་སློབ་ནང་ལུ་ སློབ་ཕྲུག་ཚུ་གིས་ མཐོ་རིམ་ཤེས་ཚད་ལྷབ་ནི་དང་ མང་སུ་ཅིག་ར་ ཕྱི་རྒྱལ་ཡུ་ཨེས་དང་ ཨེ་ཤི་ཡ་ལུ་འགྱོཝ་ཨིན། སྤྱིར་བཏང་གསོ་བའི་ཞབས་ཏོག་ཚུ་ མི་སྡེའི་སྨན་ཁང་ནང་ལས་བྱིནམ་ཨིན། སྨན་ཁང་གཙོ་བོ་ར་ ཀོ་རོར་ལུ་ཡོད་མི་ བེ་ལའུ་རྒྱལ་ཡོངས་སྨན་ཁང་འདི་ཨིན། མ་པ་ གཞི་རྟེན་གྱི་སྨན་ཁང་ཚུ་ ཐོབ་ཆོག་ཆོ་སྦེ་ཡོད་རུང་ འཚུབ་ཆེ་བའི་ནདཔ་ཚུ་གི་དོན་ལུ་ དྲུང་འཚོ་མཁས་མཆོག་ལངམ་མེདཔ་ལས་ སྨན་བཅོས་འབད་བར་ ཕི་ལི་པཱནསི་དང་ཡུ་ཨེས་ལུ་འགྱོཝ་ཨིན།


དཀའ་ངལ་དང་གདོང་ལེན། པ་ལཱཝ་རྒྱལ་ཁབ་ལུ་ གདོང་ལེན་ལེ་ཤ་ཅིག་ར་ཡོད། གནམ་གཤིས་འགྱུར་བ་དང་ དཔལ་འབྱོར་འོང་འབབ་མ་དངུལ་ཚུ་ རོགས་ལུ་རེ་དགོཔ་དང་ དེ་ལས་ འཐོན་ཁུངས་ཉུང་སུ་ཅིག་ལས་འགལ་མེདཔ་ཨིན། མཚོའི་གནས་ཚད་ཡར་སེང་དང་ བྱུ་རུའི་ཕུང་པོ་ཚུ་ མར་ཉམས་འགྱོ་བའི་ཚ་གྱང་གིས་ མཐའ་འཁོར་དང་ ལྟ་བཤལ་ལས་སྡེ་ལུ་ ཐོ་ཕོག་སྟེ་ཡོད། རང་བཞིན་གནོད་འཚུབས་ཀྱིས་ དཔལ་འབྱོར་ཚུ་ཡང་ ཉམས་བཅུག་དོ་ཡོདཔ་ཨིན། ད་རུང་ དཀའ་ངལ་ཆེ་ཤོས་ར་ ཚོང་གི་རིགས་ནང་འདྲེན་མང་སུ་ཅིག་སྦེ་འབད་དགོཔ་འཐོནམ་ལས་ཨིན། བཟའ་འཐུང་གི་རིགས་དང་ ས་སྣུམ་གྱི་རིགས་ དེ་ལས་ ཅ་ཆས་གཞན་ཚུ་ཡང་ རྒྱལ་ཁབ་གཞན་ཁ་ལས་ ནང་འདྲེན་འབད་དོ་ཡོདཔ་ཨིན། ཤེས་རིག་ལམ་ལུགས་དང་ གསོ་བའི་ཞབས་ཏོག་ ཚད་ཅིག་ལས་བརྒལ་མེད་ནི་འདི་གིས་ བྱ་ཐབས་ར་མེད་པར་ མི་ཚུ་ ཕྱི་རྒྱལ་ལས་ཕར་འགྱོ་དགོཔ་འཐོནམ་ཨིན། ལྷག་པར་དུ་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་གྱིས་ ཕྱི་རྒྱལ་ལས་ཕར་ གོ་སྐབས་ལེགས་ཤོམ་འཚོལ་འགྱོ་མི་གིས་ མི་རློབས་མར་ཉམས་འགྱོ་བའི་དཀའ་ངལ་ སྦོམ་ར་ཡོདཔ་ཨིན།

རྒྱབ་རྟེན་དཔེ་དེབ། ༡. Wikikedia Foundation, Inc. (ཞུན་དག་ ༢༠༢༥/༠༢/༢༠) པ་ལཱཝ། https://en.wikipedia.org/wiki/Palau. ༢. BBC News. (༢༠༢༤/༡༡/༡༢) Palau Country Profile, https://www.bbc.com/news/world-asia-pacific-67766289. ༣. ཕོས་ཀྲར་ སོ་ཕི། ཤུས་ཀྲར་ དྲོ་ནཱལ་ རཱེ་མཱོནདྲ། “པ་ལཱཝ།” ༠༥/༠༣/༢༠༢༥ https://www.britannica.com/place/Palau. ༤. Google Earth Pro. (2023) Data SIO, NOAA, U.S. Navy, NGA, GEBCO, Image Landsat/Copernicus, Image IBCAO.

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽ Source: Department of Culture and Dzongkha Development.

"https://dz.wikipedia.org/w/index.php?title=པ་ལཱཝ།&oldid=39016" ལས་ སླར་འདྲེན་འབད་ཡོདཔ།