པེ་ཏ་ལིང་ཇ་ཡ། མ་ལེ་ཤི་ཡི། Petaling Jaya, Malaysia

༉ པེ་ཏ་ལིང་ཇ་ཡ་འདི་ མ་ལེ་ཤི་ཡ་གི་མངའ་སྡེ་སེ་ལེང་གོར་གི་ཁྲོམ་ཅིག་ཨིན། ཁྲོམ་འདི་སེ་ལེང་གོར་གྱི་འོག་གི་རྫོང་ཁག་པེ་ཏ་ལིང་གི་ནང་ཚུདཔ་ཨིན་པས། ཁྲོམ་འདི་བིརི་ཊིཤ་གིས་ ༡༩༥༠ ང་གྲངས་ནང་བཟོ་སྐྲུན་འབད་ཡོདཔ་དང་ དེ་ཡང་ ཀོོ་ལ་ལམ་པུར་ལུ་མི་རློབས་ཚད་ལས་བརྒལ་འགྱོ་མི་འདི་བཀག་ཐབས་ལུ་ཨིན་པས།[༡] ཁྲོམ་འདི་འགོ་ཐོག་པེ་ཏ་ལིང་ཇ་ཡ་ལས་ ཀི་ལོ་མི་ཊར་ ༡༠ དེ་ཅིག་ཡོད་པའི་ རྒྱལ་ཁབ་ཀྱི་རྒྱལ་ས་ཀོོ་ལ་ལམ་པུར་གི་ཡན་ལག་གི་ཁྲོམ་ཅིག་སྦེ་ཆགས་ཆགསཔ་ཨིན་པས། དེ་ཡང་མི་ཉམས་ཆུང་ཚུ་གི་ཁང་གླ་ཕོག་མ་དགོ་པར་ སྦ་སྒོར་དང་ཁྱིམ་ཆུང་ཀུ་བཟོ་སྟེ་ཀོོ་ལ་ལམ་པུར་གྱི་ཁྲོམ་གྱི་མཐའ་མར་ གཞིས་ཆགས་ཏེ་སྡོད་པའི་ཚེ་ མི་རློབས་ཡར་འཕར་འགྱོ་མི་ལས་བརྟེན་མ་ཤོང་པར་ པེ་ཏ་ལི་ཇ་ཡ་འདི་་ཡན་ལག་གྱི་ཁྲོམ་ཆགས་དགོཔ་ཐོན་ནུག། ཇ་ཡ་ཟེར་མི་འདི་མཐར་འཁྱོལ་མི་དེ་ལུ་གོ་ནི་ཨིན་པས། [༢]ཁྲོམ་དེ་ནང་ ༢༠༡༤ ལུ་ མི་རློབས་ ༦༡༣,༩༧༧ ཡོདཔ་དང་ ས་ཆའི་རྒྱ་ཁྱོན་འདི་ གྲུ་བཞི་ཀི་ལོ་མི་ཊར་ ༥༡.༤ ཨིན་པས།
པེ་ཏ་ལིང་ཇ་ཡ་འདི་ཁྲོམ་ཅིག་སྦེ་ སྤྱི་ལོ་ ༢༠༠༦ ཟླཝ་ ༦ པའི་ཚེས་ ༢༠ ལུ་ཁྲོམ་ཚོགས་ཅིག་སྦེ་ཆ་འཇོག་གནང་ཡོདཔ་ཨིན། ཁྲོམ་འདི་ལུ་སའི་རྒྱ་ཁྱོན་གྲུ་བཞི་ཀི་ལོ་མི་ཊར་ ༩༧.༢ ཡོདཔ་ཨིན། པེ་ཏ་ལིང་གི་ཤར་ཁ་ཐུག་ལུ་ཀོོ་ལ་ལམ་པུར་གྱི་བསྐོར་ཏེ་ཡོདཔ་དང་ བྱང་ལུ་སུང་གའེ་བུ་ལོ་དང་ ནུབ་ཁ་ཐུག་ལུ་ སེ་ལེང་གོར་གི་ལྟེ་བ་ཤ་ཨ་ལམ་དང་ སུ་བང་ཇ་ཡ་གིས་བསྐོར་ཏེ་ཡོདཔ་དང་ དེ་ལས་ ལྷོ་ཕྱོགས་ལུ་བཱན་བར་ཀིན་ར་ར་(པུ་ཆོང་)ཡོདཔ་ཨིན།[༣] ཁྲོམ་འདི་ཡར་རྒྱས་འགྱོ་བའི་བསྒང་གི་ཁྲོམ་དང་ཕུན་སུམ་ཚོགས་པའི་ཁྲོམ་སྡེ་ཅིག་ཨིན་པས།
ཁྲོམ་འདི་རློན་གཤེར་ཅན་གྱི་ས་གོ་ཅིག་ཨིན། ས་གནས་འདི་ཚ་དྲོད་ཡོད་པའི་ཁར་ དྲོད་ཤུགས་ཀྱི་ཚད་ མཐོ་ཤོས་ ཌིག་རི་སེལ་སིཡསི་ ༣༠ ཨིན་པས། དེ་བཟུམ་སྦེ་ལོ་གཅིག་ར་ཆརཔ་རྐྱབ་དོ་ཡོདཔ་དང་ ལོ་བསྟར་ཆར་པའི་སྤྱིར་སྙོམས་ཚད་གཞི་ མི་ལི་མི་ཊར་ ༣༣༠༠ ཨིན་པས། མ་གཞི་ས་ཁོངས་ནང་ སྐམ་ཀྲག་ཀྲ་སྡོད་པའི་གནམ་དུས་མེད་རུང་ གཞན་མི་སྤྱི་ཟླ་དང་ཕྱདཔ་ད་ སྤྱི་ཟླ་ ༦ པ་དང་ ༧ པ་འདི་སྐམ་ཤོས་ཅིག་ཨིན་པས། དེ་ལས་ གློག་ཆར་དང་ཆར་རླུང་ཚུ་ཤུགས་སྦེ་ར་འོང་དགོ་ཡོདཔ་དང་ འཛམ་གླིང་ནང་ཚུདཔ་པའི་མཐོ་དྲགས་སྦེ་གློག་འཁྱུག་པའི་ས་གོ་ཅིག་ཨིན་པས། ཨིན་རུང་ གནམ་གཤིས་འགྱུར་བགྲོད་དང་ཚ་དྲོད་ཡར་སེང་ལས་བརྟེན་ ཆརཔ་དཀོན་པའི་དུས་ཚོད་ཡང་ཤར་དོ་ཡོདཔ་པའི་ཁར་ ཉེ་འདབས་ཁྲོམ་དང་རྫོང་ཁག་ཚུ་ལས་ ཆུ་ཚུ་བཀྲམ་སྤེལ་འབད་དགོ་པའི་དུས་ཚོད་ཡང་འབྱུང་དོ་ཡོདཔ་ཨིན། [༣]
ཁྲོམ་གྱི་དབུ་ཁྲིད་སྦེ་བདག་སྐྱོང་གི་ནང་ལུ་ ཁྲོམ་དཔོན་ཡོདཔ་ཨིན། ད་ལྟོ་ཚུན་ཁྲོམ་དཔོན་ཚར་དྲུག་སོར་ཡོདཔ་ཨིན། ཁྲོམ་ཚོགས་ནང་ཚོང་སྣ་ཚོགས་ཚུ་ཡོདཔ་ཨིན། རེལ་དང་སྣུམ་འཁོར་གྱི་རྒྱུན་འགྲུལ་འཐབ་ས་ཡང་ཡོདཔ་ཨིན། དེ་བཟུམ་སྦེ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ གཙུག་ལག་སློབ་སྡེ་ཚུ་ཡང་ཡོདཔ་ཨིན། རྩེད་རིགས་ཚུ་རྩེ་ནི་གི་དོན་ལུ་ མི་ངོམ་སྟོང་ཕྲག་སྦེ་ཤོང་པའི་པེ་ཏ་ལིང་ཇ་ཡ་རྩེད་ར་ཟེར་མི་འདི་ཡོདཔ་ཨིན། མ་ལེ་ཤི་ཡ་གི་རྐང་རྩེད་ཚོགས་པའི་ལྟེ་བ་ཡང་ ཁྲོམ་དེ་ཁར་ཆགས་ཡོདཔ་ཨིན། དེ་བཟུམ་སྦེ་གསར་ཤོག་དང་གནས་ཚུལ་ཁང་གི་ལྟེ་བ་ཡང་དེ་ཁར་ཡོདཔ་ཨིན། དེ་དང་འདྲཝ་སྦེ་ཆོས་ལུགས་སོ་སོ་དཔེར་ན་ ཁ་ཆེ་ ཡེ་ཤུ་པའི་ཆོས་ལུགས་ ནང་པ་དང་ སི་ཀི་ཟམ་ཚུ་གི་གསོལཝ་བཏབ་སའི་ལྷ་ཁང་དང་འཛོམས་འདུ་ཁང་ཚུ་ཡང་ཡོདཔ་ཨིན། ཁྲོམ་འདི་ལམ་སྲོལ་གྱི་ཕྱུག་པའི་ཁྲོམ་ཅིག་ཨིནམ་དང་ སྒྲིང་ཁྱིམ་དང་གཞི་བཀོད་མཐོ་དྲགས་དང་ཁྱད་འཕགས་ཅན་ཚུ་མཐོང་སར་ཡོདཔ་ཨིན། སྔར་གྱི་ལམ་སྲོལ་དང་དེང་སང་གི་ལམ་སྲོལ་ཚུ་སླ་བསྲེ་རྐྱབ་སྟེ་ལག་ལེན་འཐབ་སྲོལ་མཐུང་ཚུགས་ནི་ཨིན་པས། དེ་ལས་ཁྲོམ་ཁར་ ནགས་ཚལ་གླིང་ག་དང་མཚོའི་གླིང་ག་ཚུ་ཡང་ཡོདཔ་ཨིན། ཁྲོམ་འདི་ཡར་རྒྱས་འགྱོ་བའི་བསྒང་གི་ཁྲོམ་དང་ཕུན་སུམ་ཚོགས་པའི་ཁྲོམ་སྡེ་ཅིག་ཨིན་པས།[༤]
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་ཁུངས་དཔེ་དེབ།
- ↑ ཝི་ཀི་པི་ཌི་ཡ། (༢༠༢༣) པེ་ཏ་ལིང་ཇ་ཡ། https://simple.wikipedia.org/wiki/Petaling_Jaya ནང་ལས་ཐོབ་ཡོདཔ་ཨིན།
- ↑ པེ་ཏ་ལིང་ཇ་ཡ་ལྷབ་སྦྱང་གི་ཁྲོམ་ཚོགས། (༢༠༢༢) པེ་ཏ་ལིང་ཇ་ཡ་གི་སྐོར། https://pjlearningcity.my/petaling-jaya/ ནང་ལས་ཐོབ་ཡོདཔ་ཨིན།
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) པེ་ཏ་གླིང་ཇ་ཡ། https://en.wikipedia.org/wiki/Petaling_Jaya ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཨེ་ཤི་ཡ་ཀིང་ཊ་ཝཱལ། (༢༠༢༥) པེ་ཏ་གླིང་ཇ་ཡ། https://www.asiakingtravel.com/attraction/petaling-jaya ནང་ལས་ཐོབ་ཡོདཔ་ཨིན།