པེརམ

པེརམ་ (རཱ་ཤི་ཡའི་སྐད་ནང་ Пермь) འདི་ རཱ་ཤི་ཡ གི་ པེརམ་ཀྲའི་གི་བདག་སྐྱོང་ལྟེ་བ་དང་ བཟོ་གྲྭ་ ཚན་རིག་ ཤེས་རིག་ དེ་ལས་ལམ་སྲོལ་གྱི་ལྟེ་བ་གལ་ཆེན་ཅིག་ཨིན། གྲོང་ཁྱེར་འདི་ རཱ་ཤི་ཡའི་ཡུ་རོབ་ཆ་ཤས་ཀྱི་ཤར་ཁ་ཐུག་ ཡུ་རལ་རི་རྒྱུད་ཀྱི་ནུབ་ཕྱོགས་དང་ ཀ་མ་གཙང་ཆུའི་མཐའ་མར་ཆགས་ཡོདཔ་ཨིན།
སྤྱི་ལོ་༢༠༢༥ ལུ་ པེརམ་གྱི་མི་རློབས་ ༡,༠༢༧,༥༡༨ དེ་ཅིག་ཡོདཔ་ལས་ རཱ་ཤི་ཡའི་མི་རློབས་ས་ཡ་གཅིག་ལས་བརྒལ་བའི་གྲོང་ཁྱེར་ཚུ་གི་གྲས་ཁར་ཚུདཔ་ཨིན།[༡]
ས་ཆའི་གནས་སྟངས།
[ཞུན་དག]པེརམ་འདི་ ཀ་མ་གཙང་ཆུ་བདའ་སྟེ་ ས་ཁོངས་རིངམོ་སྦེ་ཁྱབ་སྟེ་ཡོད། ཀ་མ་འདི་ ཝོལ་ག་གཙང་ཆུའི་ཆུ་ལག་སྦོམ་ཤོས་ཅིག་ཨིནམ་དང་ པེརམ་གྱི་བྱུང་རབས་དང་ ཚོང་འབྲེལ་ བཟོ་གྲྭ་གོང་འཕེལ་ཚུ་ལུ་ གལ་ཆེ་བའི་འགན་ཁུར་འབག་ཡོདཔ་ཨིན།[༢]
ས་ཁོངས་འདི་གི་དགུན་འདི་ རིངམོ་དང་གྱང་དྲགས་ཡོདཔ་དང་ ཁཝ་ཡང་མང་སུ་སྦེ་རྐྱབ་ཨིན། དབྱར་འདི་ ཐུང་ཀུ་ཨིན་རུང་ ཉིནམ་རིངམོ་དང་ དྲོད་ཚད་འཇམ་ཏོང་ཏོ་ཡོདཔ་ཨིན།
བྱུང་རབས།
[ཞུན་དག]པེརམ་གྱི་དེང་སང་གྲོང་ཁྱེར་གྱི་བྱུང་རབས་འདི་ སྤྱི་ལོ་༡༧༢༣ ལུ་ ཡེ་གོ་ཤི་ཁ་ཟངས་བཞུ་ཁང་གཞི་བཙུགས་འབད་མི་ལས་འགོ་བཙུགས་ནུག། བཟོ་གྲྭ་འདི་ གཙང་ཆུའི་ཉེ་འདབས་ལུ་ཆགས་ཡོདཔ་ལས་ མི་སྡེ་དང་ཚོང་འབྲེལ་མགྱོགས་པར་གོང་འཕེལ་སོང་ནུག། སྤྱི་ལོ་༡༧༨༡ ལུ་ ས་གནས་འདི་ལུ་ གྲོང་ཁྱེར་གྱི་གནས་ཚད་དང་ པེརམ་ཟེར་བའི་མིང་ཐོབ་ནུག།[༣]
སོ་ཝེཊ་དུས་སྐབས་ཀྱི་ སྤྱི་ལོ་༡༩༤༠ ལས་༡༩༥༧ ཚུན་ གྲོང་ཁྱེར་འདི་གི་མིང་ མོ་ལོ་ཏོཕ་ ཟེར་བཏགས་ཡོདཔ་ཨིན། སྤྱི་ལོ་༡༩༥༧ ལུ་ པེརམ་ཟེར་བའི་སྔོན་གྱི་མིང་འདི་ ལོག་སྟེ་བཏགས་ནུག།[༤]
འགྲུལ་ལམ་དང་བཟོ་གྲྭ།
[ཞུན་དག]
པེརམ་འདི་ ཡུ་རོབ་དང་ཨེ་ཤི་ཡ་གཉིས་ཀྱི་བར་ན་ འགྲུལ་ལམ་གལ་ཆེན་ཅིག་གུ་ཆགས་ཡོད། ཊྲཱནསི་-སའི་བི་རི་ཡཱན་རེལ་ལི་ (Trans-Siberian Railway) གི་ལམ་ཕྱོགས་ཅིག་ གྲོང་ཁྱེར་འདི་བརྒྱུད་དེ་འགྱོཝ་ཨིན། རེལ་ལི་འདི་གིས་ པེརམ་འདི་ མོསི་ཀོ་ སའི་བི་རི་ཡ་ དེ་ལས་རཱ་ཤི་ཡའི་ཤར་མཐའི་ས་ཁོངས་ཚུ་དང་མཐུདཔ་ཨིན།
ཀ་མ་གཙང་ཆུ་འདི་ རཱ་ཤི་ཡའི་ཡུ་རོབ་ཆ་ཤས་ཀྱི་ཆུ་ལམ་གཙོ་བོ་ཚུ་དང་མཐུད་དེ་ཡོདཔ་ལས་ པེརམ་ལས་ བཱལ་ཊིག་མཚོ་ དཀར་པོའི་མཚོ་ ནག་པོའི་མཚོ་ ཨ་ཟོཕ་མཚོ་ དེ་ལས་ཀསི་པི་ཡཱན་མཚོའི་གྲུ་ཁ་ཚུ་ལུ་ ཅ་ཆས་སྐྱེལ་ཚུགསཔ་ཨིན།[༥]
གྲོང་ཁྱེར་ནང་ འཕྲུལ་ཆས་བཟོ་སྐྲུན་ གནམ་གྲུའི་འཕྲུལ་ཆས་ སྣུམ་བཙག་བཟོ་གྲྭ་ རྫས་སྦྱོར་བཟོ་གྲྭ་ དེ་ལས་ཤིང་ཆས་བཟོ་སྐྲུན་ཚུ་ གལ་ཆེ་བའི་ལས་སྡེ་ཨིན།
ཚན་རིག་དང་ལམ་སྲོལ།
[ཞུན་དག]པེརམ་གྱི་མིང་འདི་ འཛམ་གླིང་གི་ས་ཆགས་རིག་པའི་དུས་ཚོད་ཐིག་ཁྲམ་ནང་ཡང་ཡོདཔ་ཨིན། སྤྱི་ལོ་༡༨༤༡ ལུ་ ས་ཆགས་རིག་པ་མཁས་པ་ རོ་ཌེ་རིག་མཱར་ཅི་སཱན་གྱིས་ པེརམ་ས་ཁོངས་ནང་ཞིབ་འཚོལ་འབད་ཞིནམ་ལས་ པེར་མི་ཡཱན་དུས་རབས་ (Permian Period) ཟེར་བའི་མིང་བཏགས་ནུག།[༦]

པེརམ་མཛེས་རིས་འགྲེམས་སྟོན་ཁང་ནང་ ས་ཁོངས་ཀྱི་ཁྱད་ཆོས་ཅན་གྱི་ ཤིང་བརྐོས་ཆོས་ལུགས་ཀྱི་སྐུ་བརྙན་༥༠༠ ལས་ལྷགཔ་ཅིག་བཞག་ཡོད། འདི་ རཱ་ཤི་ཡ་ནང་གི་ ཡེ་ཤུའི་ཆོས་ལུགས་ཀྱི་ཤིང་བརྐོས་སྐུ་བརྙན་གྱི་བསྡུ་གསོག་སྦོམ་ཤོས་ཨིན།[༧]
པེརམ་གྱི་ཨོ་པེ་ར་དང་བྷ་ལེཊ་ཟློས་གར་ཁང་འདི་ སྤྱི་ལོ་༡༨༧༠ ལས་འགོ་བཙུགས་ཡོདཔ་དང་ ཡུ་རལ་ས་ཁོངས་ཀྱི་རྙིང་ཤོས་སྙན་ཆའི་ཟློས་གར་ཁང་ཚུ་གི་གྲས་ཁར་ཚུདཔ་ཨིན།[༨] གྲོང་ཁྱེར་འདི་ནང་ ཨོ་པེ་ར་ བྷ་ལེཊ་ དེང་སང་གི་ཞབས་ཁྲ་ སྙན་ཆ་དང་ཟློས་གར་གྱི་ལམ་སྲོལ་སྣ་ཚོགས་ཡོདཔ་ཨིན།
རྒྱབ་རྟེན།
[ཞུན་དག]- ↑ "Оценка численности населения Пермского края на 1 января 2025 года" (in ཨུ་རུ་སུའི་ཁ). Пермьстат. Retrieved 2026-07-17.
- ↑ "Река Кама". Пермь. Три столетия (in ཨུ་རུ་སུའི་ཁ). Администрация города Перми. Retrieved 2026-07-17.
- ↑ "История возникновения Перми" (in ཨུ་རུ་སུའི་ཁ). Администрация города Перми. Retrieved 2026-07-17.
- ↑ "Переименование Молотова в Пермь" (in ཨུ་རུ་སུའི་ཁ). Государственный архив Пермского края. Retrieved 2026-07-17.
- ↑ "Транспортная инфраструктура" (in ཨུ་རུ་སུའི་ཁ). Администрация города Перми. Retrieved 2026-07-17.
- ↑ Michael J. Benton དང་ Andrey G. Sennikov. “The naming of the Permian System”. Journal of the Geological Society. དེབ་ཨང་ 179, ཨང་ 1. 2022.
- ↑ "Пермская деревянная скульптура" (in ཨུ་རུ་སུའི་ཁ). Пермская государственная художественная галерея. Retrieved 2026-07-17.
- ↑ "История театра" (in ཨུ་རུ་སུའི་ཁ). Пермский театр оперы и балета. Retrieved 2026-07-17.