པོ་ལེནཌ།
པོ་ལེནཌ་རྒྱལ་ཁབ་འདི་ ཡུ་རོབ་གླིང་ཆེན་གྱི་སྦུག་ལུ་ཡོདཔ་དང་ མཐའ་བསྐོར་ཏེ་ ཇར་མ་ནི་ ཅེཀ་རི་པབ་ལིཀ་ ཨིས་ལོ་ཝ་ཀི་ཡ་ ཡུ་ཀེ་རན་ བྷེ་ལ་རུས་ ལི་ཐུན་ནི་ཡ་དང་ བྷལ་ཏིག་མཚོ་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་ བྱུང་རབས་ཅན་ཅིག་ཨིནམ་དང་ ཧེ་མ་ལས་ར་ རྒྱལ་ཁམས་ཁག་དབྱེ་ནི་དང་ དམངས་ སྙོམས་རིང་ལུགས་ལས་ སྤྱི་ལོ་ ༡༩༨༩ ལུ་ རང་དབང་ཐོབ་ནུག། པོ་ལེནཌ་འདི་ ཡར་རྒྱས་སོང་བའི་དཔལ་འབྱོར་ཨིནམ་མ་ཚད་ བཟོ་གྲྭ་ཁང་དང་ སོ་ ནམ་ ཞབས་ཏོག་ལས་སྡེ་ཚུ་ གལ་ཆེ་ཤོས་ཅིག་སྦེ་ཡོད། གཞུང་ལུགས་ཡང་ མི་སེར་དམངས་གཙོའི་རིང་ལུགས་དང་གཅིག་ཁར་ སྲིད་བློན་ཅན་དང་ སྤྱི་ ཚོགས་ཅན་གྱི་ཚོགས་ཁང་གཉིས་ཡོདཔ་ཨིན། རྒྱལ་ཁབ་ནང་གི་ མི་རིགས་ཡང་ ཁྱབ་ཆེ་བ་ཅིག་ པོ་ལིཤ་ཟེར་ པོ་ལེནཌ་གི་མི་རིགས་དང་ མི་རིགས་ཆུང་སྡེ་ ཡུ་ཀེ་རན་ ཇར་མཱན་དང་ གཞན་ཚུ་ཡང་ཡོད། ཤེས་རིག་འདི་ རིན་མེད་སྟོང་པ་དང་ ངེས་པར་དུ་ལྷབ་དགོཔ་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ གཞུང་ དང་སྒེར་གཉིས་སླ་བསྲེ་སྦེ་ཡོད། གདོང་ལེན་ཚུ་ཡང་ དཔལ་འབྱོར་འདྲ་མཉམ་མེདཔ་ སྲིད་ཚོགས་ཀྱི་དབྱེ་བ་དང་ མཐའ་འཁོར་དཀའ་ངལ་ཚུ་ཨིན།
ས་ཆའི་གནས་སྟངས་དང་ སྦོམ་ཚད་ དེ་ལས་ བདག་སྐྱོང་གི་མངའ་སྡེ། པོ་ལེནཌ་རྒྱལ་ཁབ་འདི་ ཡུ་རོབ་གླིང་ཆེན་གྱི་དབུས་ཕྱོགས་ལུ་གནས་ཏེ་ཡོད། ནུབ་ཕྱོགས་ལུ་ ཇར་མཱན་རྒྱལ་ཁབ་དང་ ལྷོ་ལུ་ ཅེཀ་རི་པབ་ལེཀ་ དེ་ལས་ ཨིས་ལོ་ཝ་ཀི་ཡའི་རྒྱལ་ཁབ་ཡོད། ཡུ་ཀེ་རན་དང་ བྷེ་ལ་རུས་གཉིས་ ཤར་ཕྱོགས་ལུ་དང་ བྱང་ཕྱོགས་ལུ་ བྷལ་ཏིག་མཚོ་ཡོད། རྒྱལ་ཁབ་ཀྱི་ས་ཆའི་ རྒྱ་ཚད་འདི་ ཡུདཔ་ཅིག་ ཀི་ལོ་མི་ཊར་གྲུ་བཞིམ་ ༣༡༢,༦༩༦ ཡོདཔ་ཨིན། པོ་ལེནཌ་འདི་ བདག་སྐྱོང་གི་དོན་ལུ་ མངའ་སྡེ་ ༡༦ ལུ་བགོ་སྟེ་ཡོད། དེ་ལས་ཡང་ ཚོ་ཁག་ (པོ་ཝའི་ཊེ་) ཟེར་མི་དང་ ཁྲོམ་ཚོགས་ (ཇི་མི་ནི་)ཟེར་མི་ལུ་ དབྱེ་བ་ཕྱེས་ཏེ་ཡོད། རྒྱལ་ས་ལྟེ་བ་འདི་ ཝར་སོ་ཨིན།
བྱུང་རབས། པོ་ལེནཌ་རྒྱལ་ཁབ་འདི་ དུས་རབས་ ༩༦༦ ལས་ར་ མའེས་ཟེ་ཀོ་༡གིས་ ཡེ་ཤུ་པའི་ཆོས་ལུགས་དར་ཁྱབ་བཏང་སྟེ་ བདག་འཛིན་འབད་བཞག་མི་ མངའ་སྡེ་ཅིག་ཨིན། ལོ་ངོ་བརྒྱ་ཕྲག་གི་ཤུལ་ལུ་ དབང་ཚད་ཅན་གྱི་རྒྱལ་རྒྱུད་རྒྱལ་ཁབ་ཅིག་ལུ་གྱུར་ཏེ་ དུས་རབས་ ༡༦ པ་ནང་ལུ་ ཧེ་མ་ལས་ལྷག་སྟེ་ དབང་ཤུགས་ཡོད་མི་ཅིག་ལུ་གྱུར་སོ་ནུག། ཨིན་རུང་ དུས་རབས་ ༡༨ པ་ནང་ལུ་ པོ་ལེནཌ་རྒྱལ་ཁབ་འདི་ ར་ཤི་ཡ་ པྲུ་ཤི་ཡ་དང་ ཨཱོས་ཏྲི་ཡ་གསུམ་ ལུ་ བགོ་སྟེ་ མཐའ་མར་ སབ་ཁྲ་ནང་ལས་ར་ ཡལ་སོ་ནུག། སྤྱི་ལོ་ ༡༩༡༨ འཛམ་གླིང་དམག་ཆེན་དང་པ་གི་ཤུལ་ལུ་ ལོག་སྟེ་ར་ རང་དབང་ཐོབ་ནུག། སྤྱི་ལོ་ ༡༩༣༩ ལུ་ པོ་ལེནཌ་རྒྱལ་ཁབ་འདི་ ཇར་མཱན་དང་ སོ་ཝིཏ་ཡུ་ནིཡཱན་གྱིས་ འཕྲོག་བཅོམ་འབད་དེ་ འཛམ་གླིང་དམག་ཆེན་གཉིས་པ་ འགོ་ བཙུགས་ཏེ་ འདྲོག་སི་སི་སྦེ་ ཐལ་བར་བརླག་བཏང་ནུག། དམག་ཆེན་གྱི་ཤུལ་ལུ་ པོ་ལེནཌ་རྒྱལ་ཁབ་འདི་ སོ་ཝིཏ་གི་དབང་འོག་ལུ་ དམངས་སྙོམས་ རིང་ལུགས་པའི་མངའ་སྡེ་ཅིག་ལུ་གྱུར་ནུག། སྤྱི་ལོ་ ༡༩༨༩ ལུ་ ལེཆ་ཝེལ་ས་གིས་ འགོ་ཁྲིད་འབད་དེ་ དམངས་སྙོམས་རིང་ལུགས་འདི་ མཇུག་བསྡུ་བཏང་ སྟེ་ དམངས་གཙོའི་རིང་ལུགས་འདི་ གཞི་བཙུགས་འབད་ནུག། པོ་ལེནཌ་རྒྱལ་ཁབ་འདི་ ཡུ་རོ་པིན་ཡུ་ནི་ཡཱན་ཚོགས་པའི་ནང་ སྤྱི་ལོ་ ༢༠༠༤ ལུ་ གྲལ་ འཛུགས་འབད་ནུག། ད་ལྟོ་ རྒྱལ་ཁབ་འདི་ དཔལ་འབྱོར་དང་ཡར་རྒྱས་གོང་འཕེལ་ཚུ་ འགྱོ་བའི་བསྒང་ར་ཡོད།
མི་རློབས་དང་མི་རིགས། པོ་ལེནཌ་རྒྱལ་ཁབ་ནང་ལུ་ མི་རློབས་ ས་ཡ་ ༣༨ ཡོད་མི་གིས་ ཡུ་རོབ་པི་ཡན་གླིང་ཆེན་ནང་ལུ་ མི་རློབས་ལེ་ཤ་ཡོད་པའི་རྒྱལ་ཁབ་ཅིག་ཡང་ཨིན། མི་ རིགས་ཡང་ བརྒྱ་ཆ་ ༩༧ དེ་ཅིག་ པོ་ལིཤ་ཟེར་ པོ་ལེནཌ་གི་མི་རིགས་ཚུ་ར་ཡོདཔ་ཨིན། ད་རུང་ མི་སྡེ་ཆུང་བའི་རིགས་ ཡུ་ཀེ་རན་ བྷེ་ལ་རུས་ ཇར་ མཱན་དང་ རཱ་ཤི་ཡན་ཚུ་ཡང་ཡོད། གཡུས་གཞུང་ནང་ལུ་ སྔོན་མ་ལས་ཡོད་པའི་ མི་རིགས་ཚུ་ཡོདཔ་དང་ མཐའ་མཚམས་ལས་ཕར་ཨིན་པ་ཅིན་ མི་རིགས་ དང་ ལམ་སྲོལ་མ་འདྲ་བའི་མི་སྡེ་ཚུ་ཡོདཔ་ཨིན། པོ་ལིཤ་ཁ་སྐད་འདི་ གཞུང་སྐད་ཨིནམ་དང་ རཱོ་མཱན་ཀེ་ཐོ་ལི་སི་སམ་ཟེར་ ཡེ་ཤུའི་ཆོས་ལུགས་འདི་ ཁྱབ་ཆེཝ་སྦེ་ར་གནས་ཏེ་ཡོད། མ་གཞི་གི་ རྒྱལ་ཁབ་ནང་ལུ་ ཁ་ཆེའི་ཆོས་འབད་མི་ཚུ་ཡོད་རུང་ དམག་ཆེན་གཉིས་པ་གི་ཤུལ་ལས་ གྱངས་ཁ་འདི་ མ་ར་ བབས་སོང་སྟེ་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན།
གཞུང་ལུགས་དང་ སྲིད་དོན། པོ་ལེནཌ་འདི་ མི་སེར་དམངས་གཙོའི་ལམ་ལུགས་ སྤྱི་ཚོགས་ཅན་གྱི་ཚོགས་ཁང་ཡོད་མི་ཅིག་ཨིན། རྒྱལ་ཁབ་ཀྱི་གཞུང་གི་གཞི་འདི་ དབང་ཚད་བགོ་བཤའ་ རྐྱབ་སྟེ་ སྤྲོད་དགོ་ཟེར་བའི་ལྟ་བ་འདི་ཨིནམ་དང་ འདི་ནང་ལུ་ འཛིན་སྐྱོང་ལྷན་སྡེ་ བཀོད་ཁྱབ་ཚོགས་སྡེ་དང་ དྲང་ཁྲིམས་ཡན་ལག་ཚུ་ཡོད། ལོ་ལྔ་གི་ ཤུལ་ལས་ བཙག་འཐུ་འབད་དེ་བསྒྲུབས་ཡོད་པའི་ སྲིད་བློན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཨིན། ཁོང་གི་ དབང་ཚད་ངོ་མ་ར་ ཕྱི་རྒྱལ་དང་འབྲེལ་བ་ བཟོ་ནི་དང་དམག་སྡེ་གཉིསཔོ་འདི་ཨིན། མ་གཞི་གི་ སྲིད་བློན་ལུ་ བསྟོད་པར་འོས་པའི་དབང་ཚད་ཡོདཔ་ལས་ ཁག་ཆེ་བའི་གཞུང་གི་འགོ་དཔོན་ཚུ་ བཀོ་ བཞག་གནངམ་ཨིན། སྲིད་བློན་གྱིས་བཀོ་བཞག་གནང་མི་ བློན་ཆེན་ཡང་ གཞུང་གི་དབུ་ཁྲིདཔ་ཨིནམ་ལས་ བློན་པོ་ལྷན་སྡེ་ཚུ་ འགོ་ཁྲིད་མཛདཔ་ཨིན། ཚོགས་ཁང་འོག་མ་ (Sejm) ཟེར་ ཁྲིམས་བཟོའི་ལྷན་སྡེ་གི་དབང་ཚད་ཡོདཔ་དང་ ཚོགས་ཁང་གོང་མ་ (Senate) ཟེར་མི་འདི་ ལོ་ངོ་བཞི་གི་རྒྱབ་ལས་ མི་སེར་ཚུ་ གིས་ བཙག་འཐུ་འབད་དེ་ བཀོ་བཞག་གནངམ་ཨིན། པོ་ལེནཌ་འདི་ སྲིད་ཚོགས་སྣ་མང་ལམ་ལུགས་ཨིནམ་དང་ སྲིད་དོན་གྱི་གནས་སྟངས་ཚུ་ སྲིད་ཚོགས་ཤུགས་ཅན་ཚུ་གི་བར་ན་ ལྷད་ཞུགས་ཏེ་སྡོད་མི་དེ་ཡང་ གཙོ་ བོ་ར་ རང་དབང་ཅན་གྱི་དྲང་ཁྲིམས་ལྷན་སྡེ་གིས་ བཅའ་ཁྲིམས་ཀྱི་ལམ་ལུགས་ལུ་བརྟེན་ཏེ་ཨིན།
ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་བའི་གནས་སྟངས་ ཆོས་ལུགས་དང་ ཐུན་མིན་གྱི་ཁྱད་ཆོས། པོ་ལེནཌ་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ཁ་སྐད་འདི་ པོ་ལིཤ་ཟེར་ མི་སེར་མང་སུ་ཅིག་གིས་ སླབ་མི་འདི་ཨིན། སྔར་ཁྱུན་ལམ་སྲོལ་ཡང་ དུས་རབས་བར་ མཚམས་ཀྱི་སྔར་སྲོལ་དང་ ཕྱི་རབས་ཀྱི་དུས་ཚོད་ལུ་དར་ཡོད་པའི་ སྒྱུ་རྩལ་གཉིས་སླ་བསྲེ་སྦེ་ཡོད་རུང་ དེང་ལུགས་ཀྱི་དབང་འོག་ལུ་ཚུད་དེ་ཡོདཔ་ཨིན། པོ་ ལེནཌ་གི་བཞེས་སྒོ་ཚུ་ བག་སེམས་འཇོམ་ཏོག་ཏོ་སྦེ་ཡོདཔ་དང་ དཔེར་ན་ པའེ་རོ་གི་ བཱའི་གོས་དང་ ཟ་པའི་ཀང་ཀ་ཚུ་ཨིན། མི་སྡེའི་འཚོ་གནས་ཡང་ མང་སུ་ཅིག་ར་ བཟའ་ཚང་མཐུན་ལམ་དང་ ཧེ་མའི་ལུགས་སྲོལ་གྱི་ མི་སྡེའི་དུས་སྟོན་འཛོམས་འདུ་ཚུ་འབད་ནི་ཡོད། ད་རུང་ དུས་སྟོན་གཞན་ མི་ག་ར་ གིས་འབད་མི་འདི་ ཡེ་ཤུ་པའི་ལུགས་ཀྱི་ཕྱི་རུའི་ཚོགས་སྟོན་དང་ ཨིས་ཊར་ ཨཱོལ་སཱེནཏ་དྲེ་ཟེར་མི་ཚུ་ རྩིས་སྲུང་འབདཝ་ཨིན། ཆོས་ལུགས་ཁྱབ་ཆེ་ཤོས་འདི་ཡང་ རཱོ་མཱན་ཡེ་ཤུ་པའི་ཆོས་ཀྱིས་ པོ་ལེནཌ་གི་མི་སྡེ་དང་ལམ་སྲོལ་ནང་ལུ་ གལ་ཅན་ཅིག་སྦེ་བརྩིཝ་ཨིན། ཉིནམ་ཨ་རྟག་ར་ ཡེ་ཤུའི་ལྷ་ཁང་ནང་ལུ་ མི་ལེ་ཤ་འཛོམས་ དད་པ་དང་ཡིད་ཆེས་ཀྱི་ཐོག་ལས་ ཐུན་གཏང་ནི་དང་ སྨོན་ལམ་ཚུ་བཏབ་ཨིན། པོ་ལེནཌ་གི་མི་ཚུ་ ག་ཅི་གི་ ནང་འབད་རུང་ བཟོད་བསྲན་འབད་ཚུགས་མི་ཅིག་དང་ དུས་འཚུབ་ག་ཅི་གི་ནང་འབད་རུང་ ལམ་སྲོལ་ངོ་རྟགས་ཚུ་ ཉམས་སྲུང་འབད་དེ་ར་སྡོད་མི་ཅིག་ཨིན། ད་རེས་ དེང་འགྱུར་གྱི་རྒྱལ་ཁབ་ཅིག་འབདཝ་ལས་ སྔར་སྲོལ་དང་ དེང་ལུགས་ཀྱི་ཡར་རྒྱས་ཀྱི་འགྱུར་བ་ཚུ་ འདྲ་མཝམ་སྦེ་ལག་ལེན་འཐབ་ཨིན། རྒྱལ་ ཁབ་ནང་ལུ་ ཡོངས་གྲགས་ཆེ་བའི་ བྱུང་རབས་ཅན་གྱི་ལྟ་གནས་དང་ མཛེས་པའི་རང་བཞིན་ཚུ་ཡོདཔ་ཨིན།
གནམ་གཤིས་དང་མཐའ་འཁོར། རྒྱལ་ཁབ་ནང་ལུ་ གནམ་ཟླ་དུས་བཞི་སྦེ་ཡོདཔ་ཨིན། གྱང་ཤུགས་ཆེ་བའི་གནམ་དགུན་ ཚ་དྲོད་མཉམ་པའི་སོ་ཁ་ ཚ་དྲོད་རན་པའི་གནམ་བྱཱ་དང་ གནམ་སེར་ ཁ་ལུ་ཨིན་པ་ཅིན་ དྲོད་ཤུགས་ཡར་མར་སྦེ་ར་གནསཔ་ཨིན། ཤར་ཕྱོགས་ཀྱི་གངས་རི་ཚུ་ནང་ལུ་ཨིན་པ་ཅིན་ གནམ་དགུན་ལུ་ ཁཝ་དང་བ་མོ་རྐྱབ་སྦེ་གྱང་ ནི་དང་ གནམ་བྱཱ་ལུ་འབད་བ་ཅིན་ དྲོད་ཤུགས་ཀྱི་ཚད་ དྲི་གི་རི་སེལ་ཤི་ཡས་ ༡༨-༢༥ གི་བར་ལུ་གནས་ཏེ་ ཚ་དྲོད་རན་ཏོག་ཏོ་སྦེ་སྡོདཔ་ཨིན། རང་བཞིན་མཐའ་འཁོར་ནང་ལས་ཕར་ ནགས་ཚལ་དང་ མཚོ་དང་གཙང་ཆུ་ འདི་ནང་དོན་ཉིད་ལས་ ཝིས་ཏུ་ལ་དང་ གཙང་ཆུ་ཨོ་ཌར་ཚུ་ཡོདཔ་ཨིན། རྒྱལ་ སྤྱིའི་སྲོལ་ཁྱུན་ ཡུ་ནེས་ཀོ་གིས་བདག་འཛིན་འབད་མི་ ནགས་ཚལ་ བཱའེ་ལོ་ཝི་ཟ་འདི་ རི་དྭགས་སྣ་ཚོགས་འཁྱམས་སའི་ས་གོ་ཅིག་ཨིན།
དཔལ་འབྱོར་དང་ཚོང་འབྲེལ། པོ་ལེནཌ་ལུ་ དཔལ་འབྱོར་སྣ་ཚོགས་ཡོད། བཟོ་སྐྲུན་དང་ ཞབས་ཏོག་ དེ་ལས་ སོ་ནམ་གྱི་རིགས་ཚུ་ཨིན། འདི་ནང་ལས་ མང་ཆེ་ཤོས་ར་ སྣུམ་འཁོར་ གློག་ཆས་ འཕྲུལ་རིག་དང་ རྫས་སྦྱོར་ཚུ་ཨིན། ཕྱིར་ཚོང་ནང་ལུ་ སྣུམ་འཁོར་ ཤིང་ཆས་དང་ འཕྲུལ་ཆས་ཚུ་ཨིན་པས། རྒྱལ་ཁབ་ནང་ལུ་ གཞན་དང་མ་ འདྲ་བའི་ སོ་ནམ་འཐོན་ཁུངས་ལེ་ཤ་དང་ འདི་གི་གྲས་ལུ་ ཀར་དང་ ཀེ་བ་ ཨོམ་གྱི་འཐོན་ཁུངས་དང་ ཤའི་རིགས་ཚུ་ཨིན། པོ་ལེནཌ་རྒྱལ་ཁབ་ཀྱི་ ཚོང་འབྲེལ་རྒྱལ་ཁབ་ངོ་མ་ར་ ཇར་མ་ནི་དང་ ཡུ་ཀེ་ ཅེཀ་རི་པབ་ལེཀ་དང་ ར་ཤི་ཡ་ཚུ་ཨིན། ནང་འདྲེན་ཡང་ གཙོ་བོ་ར་ ས་ སྣུམ་དང་ འཕྲུལ་ཆས་ དེ་ལས་ རང་བཞིན་གྱི་རྒྱུ་ཆ་ཚུ་ཨིན་པས།
ཤེས་རིག་དང་གསོ་བའི་ལམ་ལུགས། པོ་ལེནཌ་ལུ་ ཤེས་རིག་ལམ་ལུགས་འདི་ སྒྲིང་སྒྲི་སྦེ་ཡར་རྒྱས་འགྱོ་ཡོདཔ་ཨིན། ཨ་ལུ་ ལོ་ངོ་ ༦-༡༨ ཚུན་ གཞི་རིམ་ཤེས་ཡོན་འདི་ ཨིན་ཅི་མིན་ ཅི་ལྷབ་དགོཔ་ཨིན། ལམ་ལུགས་ནང་ལུ་ གཞི་རིམ་ འབྲིང་རིམ་དང་ གོང་རིམ་སྦེ་ཡོདཔ་ཨིན། འདི་ཚུ་གི་ནང་ལུ་ གཙོ་བོ་ར་ ཚན་རིག་ འཕྲུལ་རིག་དང་ ནང་རིག་ནང་ལུ་ ཤུགས་བཏོནམ་ཨིན། སྤྱིར་བཏང་ གཞུང་གི་ཤེས་ཡོན་འདི་ རིན་མེད་སྟོངམ་སྦེ་ཨིན་རུང་ གཙུག་ལག་སློབ་སྡེ་ དཔེར་ན་ ཇ་གའི་ལོ་ནི་ཡན་ གཙུག་ལག་སློབ་སྡེ་འདི་ རྒྱལ་སྤྱི་ནང་ར་ ངོས་ལེན་ཆེ་ཤོས་ཅིག་སྦེ་ཡོད། གསོ་བའི་ལམ་ལུགས་ཡང་ གཞི་རྟེན་ཞབས་ཏོག་ཚུ་ གཞུང་གིས་སྦེ་ འཕྲོད་བསྟེན་ཉེན་སྲུང་འབད་བྱིནམ་ཨིན། མ་གཞི་གི་ གཞུང་གི་གསོ་བའི་ཞབས་ ཏོག་ཚུ་ རིན་མེདཔ་དང་ རིན་ཉུང་སྦེ་ཡོད་རུང་ སྒེར་གྱི་འཕྲོད་བསྟེན་ཞབས་ཏོག་ཚུ་ཡང་ཡོདཔ་ཨིན།
དཀའ་ངལ་དང་གདོང་ལེན། པོ་ལེནཌ་རྒྱལ་ཁབ་ནང་ལུ་ གདོང་ལེན་ལེ་ཤ་ཅི་ར་ཡོད། འདིའི་གྲས་སུ་ སྲིད་ཚོགས་ཕྱོགས་ལྷུང་དང་ རང་དབང་དྲང་ཁྲིམས་ཚུ་ རྩོད་བསྡུར་གྱི་གཞི་ཅིག་ལུ་ གྱུར་ཡོད། པར་སྐྲུན་དལ་དབང་དང་ དམངས་གཙོའི་རིང་ལུགས་ནང་ལུ་ བྱ་ངན་བསྐྱར་ལོག་ཚུ་འཐོན་ཏེ་ར་ཡོད། རྒྱལ་ཁབ་ནང་གི་ཁྲོམ་ཚོགས་ཚུ་ནང་ལུ་ བཙོག་ རླུང་མང་བའི་དཀའ་ངལ་གྱི་ སྤྱིར་བཏང་མི་ཚུ་ལུ་ གནོད་དེ་ར་ཡོད། ཁྲོམ་ཚོགས་དང་མཐའ་ཟུར་གཉིས་ཀྱི་བར་ན་ འདྲ་མཉམ་མེད་པའི་དཀའ་ངལ་ཡོད། རྒྱལ་ཁབ་ནང་ལུ་ རྒན་རྒས་མང་སུ་ཅིག་ཡོདཔ་ལས་ གསོ་བའི་ཞབས་ཏོག་ནང་ལུ་ དཀའ་ངལ་དང་ ལཱ་གཡོག་འབད་མི་མེད་པར་ གཞོནམ་ཚུ་ ཕྱིར་ འགྲུལ་འབད་མི་གིས་ ཧེང་སྐལ་ར་ ལཱ་འབད་ནིའི་ནང་ལུ་ གདོང་ལེན་འབྱུངམ་ཨིན། གནམ་གཤིས་འགྱུར་བ་གིས་ སོ་ནམ་ནང་ལུ་གནོད་ཉེན་བྱུང་སྟེ་ རང་བཞིན་མཐའ་འཁོར་ཉམས་འགྱོ་ནི་དང་ ནགས་ཚལ་ཉམས་པའི་དཀའ་ངལ་གྱིས་ ཆུ་ནང་ལུ་ བཙོག་པ་ཞུགས་ནི་ཚུ་ལུ་ ན་འཐེན་འབད་དགོཔ་ཡོད།
རྒྱབ་རྟེན་དཔེ་དེབ། ༡. Wikikedia Foundation, Inc. (ཞུན་དག་ ༢༠༢༥/༠༢/༢༨) པོ་ལེནཌ། https://en.wikipedia.org/wiki/Poland#References. ༢. BBC News. (༢༠༢༤/༠༡/༢༠) Poland Country Profile, https://www.bbc.com/news/world-europe-17753718. ༣. ཇ་སིའུ་ཝིཀཛ་ ཀིརི་ཛིས་ཏོཕ། དྲེ་ཝིས་ ནོར་མཱན། “པོ་ལེནཌ།” ༠༨/༠༣/༢༠༢༥ https://www.britannica.com/place/Poland. ༤. Google Earth Pro. (༢༠༢༣) Data SIO, NOAA, U.S. Navy, NGA, GEBCO, Image Landsat/Copernicus, Image IBCAO.
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽ Source: Department of Culture and Dzongkha Development.