Jump to content

པོརཊ་ཨའུ་པྲིནསི། Port-au-prince

Wikipedia ལས།
པོརཊ་ཨའུ་པྲིནསི་གི་ཁྲོམས་ཚོགས།

༉ པོརཊ་ཨའུ་པྲིནསི་ཟེར་བའི་ས་གནས་འདི་ ཧེ་ཊི་གི་རྒྱལ་ས་ལྟེ་བ་དང་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། རྒྱལ་ཁབ་ནང་ བྱུང་རབས་ཕྱུགཔོ་དང་ ལམ་སྲོལ་མ་འདྲཝ་ དེ་ལས་ དཔལ་འབྱོར་གྱི་གདོང་ལེན་སྦོམ་ཡོད་མི་འདི་གིས་ ཧེ་ཊི་གི་འདས་པའི་དུས་དང་ད་རེས་ཀྱི་ ལོ་རྒྱུས་རྒྱ་ཆེཝ་སྦེ་བཀོད་དེ་ཡོདཔ་ཨིན།

པོརཊ་ཨའུ་པྲིནསི་འདི་ སྤྱི་ལོ་ ༡༧༤༩ ལུ་གཞི་བཙུགས་འབད་ཡོདཔ་དང་ ཧེ་ཊི་རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ལུ་གྱུར་ཡོདཔ་ཨིན། ཁྲོམ་འདི་ གོ་ནེབ་ཀྱི་མཚོ་ཁུག་ལུ་ཆགས་ཡོདཔ་ལས་ རྒྱལ་ཁབ་ཀྱི་ གྲུ་ཁ་གཙོ་བོ་དང་ རྒྱལ་སྤྱིའི་ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན། ཐབས་བྱུས་ཁག་ཆེཝ་ཨིན་རུང་ ཁྲོམ་འདི་ གཞི་རྟེན་མཐུན་རྐྱེན་གྱི་ གྱོང་རྒུད་དང་ སྲིད་དོན་གཏན་ཏོག་ཏོ་མེད་མི་ དེ་ལས་ མི་སྡེ་དཔལ་འབྱོར་གྱི་ ཁྱད་པར་ཚུ་ལུ་བརྟེན་ཏེ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་ཟེར་ [] ནང་བཀོད་ནུག།

པོརཊ་ཨའུ་པྲིནསི་འདི་ ཧིས་པ་ནི་ཨོ་ལ་གི་ནུབ་ཕྱོགས་མཚོ་འགྲམ་ལུ་ཆགས་ཏེ་ཡོདཔ་དང་ ནུབ་ཕྱོགས་ལུ་ ཀེ་རི་བི་ཡན་མཚོ་དང་ ཤར་ཕྱོགས་ལུ་ གངས་རིའི་ས་ཁོངས་ཚུ་ཡོདཔ་མ་ཚད་ ཁྲོམ་གྱི་ས་ཆའི་གནས་སྟངས་ནང་ མཚོ་མཐའི་ཐང་དང་ མཐའ་འཁོར་གྱི་གངས་རི་ཚུ་ཡོདཔ་ལས་ རང་བཞིན་གྱི་རྐྱེན་ངན་ཚུ་ འབྱུང་སྲིད་པའི་ཉེན་ཁ་ཡོདཔ་ཨིན་པས། གནམ་གཤིས་ཀྱི་ཐད་ཁར་ སྤྱི་ཟླ་ ༤ པ་ལས་ ༡༠ པ་ཚུན་ ཆརཔ་གི་དུས་ཚོད་དང་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༣ པ་ཚུན་ སྐམ་པའི་དུས་ཚོད་ཨིན་པས། སྤྱིར་སྙོམས་དྲོད་ཚད་འདི་ བསིལ་དྲོད་ཀྱི་ཟླཝ་ཚུ་ནང་༢༥°C (༧༧°F) ལས་ ཚ་དྲོད་ཀྱི་ཟླཝ་ཚུ་ནང་༣༠°C (༨༦°F) ཚུན་ཨིན། ཁྲོམ་འདི་ནང་ རླུང་འཚུབ་དང་ ས་ཡོམ་ཚུ་ འབྱུང་སྲིད་པའི་ ཉེན་ཁ་ཡོདཔ་དང་ སྤྱི་ལོ་་༢༠༡༠ ལུ་ ས་ཡོམ་སྦོམ་སྦེ་ རྐྱབ་མི་བརྩིས་ཏེ་ གལ་གནད་ཅན་གྱི་བྱུང་རིམ་ཚུ་ཡང་ བྱུང་ཡོདཔ་ཨིན་པས། པོརཊ་ཨའུ་པྲིནསི་ལུ་ལྟ་བཤལ་འོང་ནི་གི་དུས་ཚོད་འོས་འབབ་ཅན་འདི་ སྤྱིར་བཏང་ལུ་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༣ པ་ཚུན་ཨིནམ་དང་ དུས་ཚོད་འདི་ནང་ གནམ་གཤིས་བརྟན་ཏོག་ཏོ་དང་ དྲོད་ཚད་བསིལ་དྲགས་ཡོདཔ་ལས་ ལྟ་བཤལ་དང་ལམ་སྲོལ་གྱི་དུས་སྟོན་ཚུ་གི་དོན་ལུ་ ལེགས་ཤོམ་ཅིག་ཨིན་པའི་ཁར་ དུས་ཚོད་འདི་ནང་ ལྟ་སྐོར་འབད་བ་ཅིན་ འགྲུལ་སྐྱོད་དང་ལས་རིམ་ཚུ་ལུ་ བར་ཆད་རྐྱབ་མི་ ཨེཊ་ལེན་ཊིག་རླུང་འཚུབ་ཀྱི་དུས་ཚོད་ (སྤྱི་ཟླ་༦པ་ལས་༡༡པ་ཚུན་) ལས་ཡང་གཟུར་ཚུགས་ནི་ཨིན་མས།

ཝི་ཀི་པི་ཌི་ཡ་[] དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༢ ཚུན་ པོརཊ་ཨའུ་པྲིནསི་ལུ་ མི་རློབས་ས་ཡ་ ༡.༢ ཡོད་པའི་ཚོད་དཔག་ཡོདཔ་དང་ ཁྲོམ་ཆེན་ས་ཁོངས་ནང་ མི་རློབས་ས་ཡ་ ༢.༦ དེ་ཅིག་ཡོདཔ་ཨིན། ཁྲོམ་འདི་ནང་ མི་རློབས་མང་ཚད་མཐོ་དྲགས་སྦེ་ཡོདཔ་ལས་ སྡོད་ཁྱིམ་དང་ གཙང་སྦྲ་འཕྲོད་བསྟེན་ དེ་ལས་ མི་མང་ཞབས་ཏོག་ཚུ་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་ཟེར་བཀོད་དེ་འདུག། མི་རློབས་འདི་ མང་ཤོས་ར་ ཨཕ་རི་ཀ་གི་རིགས་བརྒྱུད་ལས་ཨིནམ་ལས་ ཧེ་ཊི་གི་རྒྱལ་རབས་འདི་ མི་ནགཔོ་སྤྱི་མཐུན་རྒྱལ་ཁབ་འགོ་དང་པ་ཅིག་ཨིནམ་སྦེ་ གསལ་སྟོན་འབདཝ་ཨིན། ཁྲོམ་ཚོགས་འདི་ནང་ལུ་ ཤར་ཕྱོགས་བར་མ་དང་ ཡུ་རོ་པིན་ དེ་ལས་ ཨེ་ཤི་ཡ་གི་མི་རྒྱུད་ཀྱི་མི་སྡེ་ཆུང་ཀུ་ཚུ་ཡང་ཡོདཔ་ལས་ ལམ་སྲོལ་གྱི་ཁྲ་བཀོད་ལུ་ ཕན་ཐོགས་དོ་ཡོདཔ་ཨིན།

པོརཊ་ཨའུ་པྲིནསི་གི་རྒྱལ་རབས་འདི་ དུས་རབས་ ༡༨ པའི་ནང་ ཕཱརནསི་གིས་གཞི་བཙུགས་འབད་མི་ལུ་བརྟེན་ ཕཱརནསི་གི་དབང་འོག་སེནཊ་ཌོ་མིང་གུ་གི་རྒྱལ་ས་ལྟེ་བ་ལུ་གྱུར་ཡོདཔ་དང་ ཁྲོམ་ཚོགས་འདི་གིས་ ཧེ་ཊི་ཡན་གཞུང་རྒོལ་ནང་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ སྤྱི་ལོ་ ༡༨༠༤ ལུ་ ཧེ་ཊི་རང་དབང་ཐོབ་ཡོདཔ་ཨིན། དུས་རབས་ ༡༩ པ་དང་ ༢༠ པའི་ནང་ པོརཊ་ཨའུ་པྲིནསི་ལུ་ སྲིད་དོན་གྱི་ཟིང་འཁྲུག་དང་ ཕྱི་རྒྱལ་གྱི་བར་འཛུལ་ དེ་ལས་ རང་བཞིན་གྱི་རྐྱེན་ངན་ཚུ་བྱུང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༠ ལུ་ རྐྱེན་ངན་ཚབས་ཆེན་གྱི་ས་ཡོམ་འདི་གིས་ མི་མང་ལུ་ གནོད་སྐྱོན་སྦོམ་སྦེ་ར་བྱུང་སྟེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

ཕོརཊ་ཨའུ་པྲིན་སི་འདི་ ཧེ་ཊི་གི་བདག་སྐྱོང་ལྟེ་བ་ཅིག་སྦེ་ཕྱག་ཞུ་སྟེ་ རྒྱལ་ཡོངས་གཞུང་དང་ ལྷན་ཁག་མ་འདྲཝ་ཚུ་ གདན་འདྲེན་ཞུཝ་ཨིན། ཁྲོམ་སྡེའི་གཞུང་སྐྱོང་ལུ་ སྲིད་དོན་གཏན་ཏོག་ཏོ་མེད་མི་ལུ་བརྟེན་ འགོ་ཁྲིད་དང་ གཞུང་སྐྱོང་གཞི་བཀོད་ཚུ་ འཕྲལ་འཕྲལ་སྦེ་ར་ འགྱུར་བཅོས་འགྱོ་དོ་ཡོདཔ་ལས་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཇིན་མི་ཤེལ་ཧའུ་ཊི་ཝེལ་གིས་ ཉེ་བའི་ལོ་ནང་ ཁྲོམ་སྡེ་འདི་ནང་ མཚོན་ཆ་ཅན་གྱི་སྡེ་ཚན་ཚུ་གིས་ ཁྱིམ་ཚང་མ་འདྲཝ་ཚུ་ དབང་འཛིན་འབད་དེ་ ཉེན་སྲུང་གི་གནད་དོན་སྦོམ་སྦེ་ར་ཐོན་ཡོདཔ་དང་ ལམ་ལུགས་སླར་གསོ་འབད་ནིའི་དོན་ལུ་ རྒྱལ་སྤྱིའི་བར་འཛུལ་དང་ གནས་སྐབས་གཞུང་གཞི་བཙུགས་འབད་ནིའི་ ལཱ་ཚུ་འབད་ཡོདཔ་ཨིན་ཟེར་བཀོད་ནུག།[]

ས་གནས་འདི་གི་ གཞུང་འབྲེལ་གྱི་སྐད་ཡིག་འདི་ ཧེ་ཊི་ཡན་ཀིརི་ཨོལ་དང་ ཕཱརེནཆི་སྐད་ཡིག་འདི་ཨིན། ཧེ་ཊི་ཡན་ཀིརི་ཨོལ་སྐད་ཡིག་འདི་ ཉིན་བསྟར་གྱི་མི་ཚེ་ནང་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་དང་ ཕེརེནཆི་སྐད་ཡིག་འདི་ ལུགས་མཐུན་གྱི་གནས་སྟངས་དང་ ཤེས་ཡོན་ནང་ལག་ལེན་འཐབ་དོ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ ཆོས་ལུགས་ཁྱབ་ཆེ་ཤོས་འདི་ རོ་མཱན་ཀེ་ཐོ་ལིག་ཆོས་ལུགས་ཨིནམ་དང་ འདི་ཡང་ འཕྲལ་འཕྲལ་སྐབས་ ཝུ་ཌུ་གི་ལམ་ལུགས་དང་གཅིག་ཁར་ སླ་བསྲེ་རྐྱབ་དོ་ཡོདཔ་མ་ཚད་ ཁྲོམ་སྡེ་འདི་ནང་ལུ་ ཆོས་ལུགས་གཞན་ཚུ་ཡང་ཡོདཔ་ཨིན། པོརཊ་ཨའུ་པྲིནསི་འདི་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིནམ་དང་ དེ་ཡང་ སྒྱུ་རྩལ་གྱི་མཐོང་སྣང་དང་ སྙན་ཆ་ དེ་ལས་ དུས་སྟོན་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་མ་ཚད་ ཁྲོམ་ཚོགས་འདི་ནང་ལུ་ ཧེ་ཊི་ཡན་གྱི་གསར་གཏོད་ཚུ་སྟོན་མི་ འགྲེམས་སྟོན་ཁང་དང་ གློག་བརྙན་ཁང་ དེ་ལས་ ལམ་སྲོལ་གྱི་གཙུག་སྡེ་ལེ་ཤ་ཅིག་ཡོདཔ་ཨིན། དེ་ལས་ ཀོམ་པ་དང་ར་ར་བཟུམ་གྱི་རང་ལུགས་སྙན་ཆའི་རིགས་ཚུ་ ཁྲོམ་སྡེ་གི་ལམ་སྲོལ་གྱི་ངོ་རྟགས་ལུ་ གལ་ཆེ་ཤོས་ཅིག་ཨིན་པའི་ཁར་ དུས་སྟོན་ཚུ་ ཀར་ནི་ཝལ་བརྩིས་ཏེ་ སྤྲོ་བ་བསྐྱེད་དེ་ བརྩི་སྲུང་འབད་དོ་ཡོདཔ་ལས་ ཁྲོམ་སྡེ་གི་ སྲོལ་རྒྱུན་ཕྱུགཔོ་ཚུ་ གསལ་སྟོན་འབདཝ་ཨིན་པས།

པོརཊ་ཨའུ་པྲིནསི་ལུ་ཡོད་པའི་ ཧེ་ཊི་ཡན་གྱི་བཟའ་འཐུང་འདི་ ཨཕ་རི་ཀ་དང་ ཕེརེནཆི་ དེ་ལས་ ས་གནས་ཀྱི་ཤན་ཞུགས་ཚུ་ མཉམ་བསྡོམས་འབད་དེ་ཡོདཔ་ཨིན། ཟས་རིགས་གཙོ་བོ་ཚུ་ཡང་ གྷི་རིའོཊ་ཟེར་ ཕག་ཤ་བརྔོ་བརྔོཝ་འདི་ སིཊ་རཱསི་གི་ཁུ་བ་རྫས་སྦྱོར་ནང་སྒྱེས་མི།  ཆུམ་དང་གཅིག་ཁར་སྲནམ་ཅུམ་དམརཔོ་སླ་བསྲེ་སྟེ་ འཕྲལ་འཕྲལ་ཤ་ཡང་ན་ཉ་དང་གཅིག་ཁར་ བཞེས་སྒོ་སྦེ་དྲང་ནི། དེ་ལས་ ཤ་དང་ཚོད་བསྲེ་ རྫས་སྦྱོར་ཚུ་སླ་བསྲེ་སྟེ་བཟོ་མི་ ཟ་བའི་སྐབས་ལུ་བྲོཝ་ཞིམ་ཏོང་ཏོ་སྦེ་ཡོད་མི་ ཤ་ཐུག་འདི་ཨིན་མས། དེ་དང་གཅིག་ཁར་ ཁྲོམ་ལམ་གྱི་བཟའ་འཐུང་ཚུ་ཡང་ ཡོངས་གྲགས་ཅན་ཅིག་ཨིནམ་དང་ ཚོང་པ་ཚུ་གིས་ བཞེས་སྒོ་དང་ མངར་ཆབ་མ་འདྲཝ་ཚུ་ བཙོང་དོ་ཡོདཔ་ཨིན། [] ཟེར་བཀོད་ནུག། ཁྲོམ་འདི་ནང་ རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་དང་ ས་གནས་ཀྱི་སྡེ་ཚན་ ཧེ་ཊི་ཡན་རེ་སིང་སྡེ་ཚན་དང་ ཝའི་ཨོ་ལེཊ་ཨེ་སི་ཚུ་ རྒྱལ་རབས་ནང་གལ་གནད་ཅན་ཅིག་ཨིནམ་དང་ སྤྱི་ལོ་ ༡༩༧༤ ལུ་ ཧེ་ཊི་གིས་ ཕི་ཕ་འཛམ་གླིང་རྐང་རྩེད་འགྲན་བསྡུར་ནང་ ཡུད་ཙམ་ཅིག་རྩེ་བའི་སྐབས་ ཁྲོམ་སྡེ་འདི་གིས་རྩེད་འགྲན་ཚུ་འགོ་འདྲེན་འཐབ་ནུག། དྲྭ་རིལ་འདི་ ཁྲོམ་ཚོགས་ནང་ལུ་ཡོངས་གྲགས་ཡོདཔ་དང་ ཨིན་ཧེ་ཊི་ཡན་གྱི་སྔར་སྲོལ་གྱི་རྩེདམོ་ ཨོ་སི་ལེཊ་ (ཇེག་དང་ཅོག་འཐདཔ་) བཟུམ་ཚུ་ ད་ལྟོ་ཡང་ ཉེ་འདབས་ས་ཁོངས་ཚུ་ནང་ ཨ་ལོ་ཚུ་གིས་རྩེད་དོ་ཡོདཔ་ཨིན་མས། ཁྲོམ་འདི་ནང་ རྩེད་རིགས་འདི་ ན་གཞོན་ཚུ་ འབྲེལ་གཏོགས་འབད་ནི་དང་ རྩུབ་སྤྱོད་བཀག་ཐབས་ལུ་ ལག་ཆ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་དང་ དེ་ཡང་ གཞུང་མིན་ཚོགས་པ་དང་ ས་གནས་ཀྱི་ལས་རིམ་ཚུ་གིས་རྒྱབ་སྐྱོར་འབདཝ་ཨིན་པས།

པོརཊ་ཨའུ་པྲིནསི་འདི་ ཧེ་ཊི་གི་དཔལ་འབྱོར་ལྟེ་བ་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་ནང་འདྲེན་དང་ཕྱིར་ཚོང་བརྒྱ་ཆ་ ༨༠ ལྷགཔ་ཅིག་ལུ་ མཐུན་རྐྱེན་བྱིནམ་ཨིན། དེ་ལས་ དཔལ་འབྱོར་གྱི་གཙོ་གནད་ལས་རིགས་ཁག་ཡང་ བགོ་ལ་དང་གྱོན་ཆས་ཨིནམ་ལས་ ཁྲོམ་སྡེ་འདི་ནང་ བགོ་ལ་བཟོ་གྲྭ་ལེ་ཤ་ཡོདཔ་ལས་ ཕྱིར་ཚོང་ལུ་ ཕན་ཐོགས་སྦོམ་སྦེ་ར་ཡོདཔ་ཨིན། དེའི་ཤུལ་ལས་ སོ་ནམ་འདི་ ཁྲོམ་གྱི་ནང་འཁོད་ལུ་ ཚད་འཛིན་འབད་དེ་ཡོད་རུང་ མཐའ་འཁོར་གྱི་ས་གནས་ཚུ་ནང་ལས་ སོ་ནམ་ཐོན་སྐྱེད་ཚུ་ པོརཊ་ཨའུ་པྲིནསི་ལུ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན། ཞབས་ཏོག་ཚུ་ཡང་ ཚོང་འབྲེལ་དང་ མགྲོན་བསུ་ དེ་ལས་ ལུགས་མཐུན་མིན་པའི་ཚོང་འབྲེལ་ཚུ་ ཁྱབ་ཆེཝ་སྦེ་ཡོདཔ་ལས་ ལཱ་གཡོག་གི་གོ་སྐབས་བྱིནམ་ཨིན་མས། ཁྲོམ་སྡེ་འདི་ནང་ ནང་འདྲེན་གཙོ་བོ་ རྡོ་སྣུམ་དང་བཟའ་འཐུང་ འཕྲུལ་ཆས་ དེ་ལས་ བཟོ་སྐྲུན་ཅ་ཆས་ཚུ་ཨིནམ་དང་ གྱོན་ཆས་དང་ མེ་ཏོག་ ཁག་ཆེ་བའི་མར་ཁུ་ ཀོ་ཀོ་ དེ་ལས་ ཀོ་ཕི་ཚུ་ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན། ཚོང་འབྲེལ་གྱི་མཉམ་འབྲེལ་པ་ ཡུ་ཨེས་ཨེ་ (མཉམ་འབྲེལ་པ་སྦོམ་ཤོས) དང་ ཌོ་མི་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ རྒྱ་ནག་ དེ་ལས་ ཡུ་རོ་པིན་མཉམ་འབྲེལ་ཚུ་ཨིན་པས།

པོརཊ་ཨའུ་པྲིནསི་གིས་ གོང་འཕེལ་ལུ་བར་ཆད་རྐྱབ་མི་ གདོང་ལེན་ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན། དེ་ཡང་ རྒྱལ་སྤྱིའི་ཚོང་འབྲེལ་བདག་སྐྱོང་ []གིས་ ཉེན་སྲུང་གི་གནད་དོན་ དཔེར་ན་ མཚོན་ཆ་ཅན་གྱི་སྡེ་ཚན་མང་སུ་ཐོན་མི་ལུ་བརྟེན་ གནོདཔ་བཀལ་ནི་དང་ མི་བཙན་ཁྲིད་འབད་ནི་ དེ་ལས་ མི་སེར་ཚུ་ གནས་སྤོ་འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན། དེ་ལས་ གཞུང་ནང་ འཕྲལ་འཕྲལ་སྦེ་ར་ འགྱུར་བ་འགྱོ་མི་དང་ གཞུང་སྐྱོང་ལེགས་ཤོམ་མེད་མི་ལུ་བརྟེན་ སྲིད་བྱུས་ལག་ལེན་འཐབ་ནི་དང་ མི་མང་གི་བློ་གཏད་ལུ་ ཐོ་ཕོག་དོ་ཡོདཔ་དང་། ས་གནས་མང་ཤོས་ཅིག་ནང་ ཆུ་གཙང་ཏོག་ཏོ་དང་ གཙང་སྦྲ་འཕྲོད་བསྟེན་ དེ་ལས་ བློ་གཏད་ཅན་གྱི་གློག་མེ་བཟུམ་གྱི་ གཞི་རྟེན་ཞབས་ཏོག་ཚུ་ མེདཔ་ཨིན་པས། དེ་མ་ཚད་ དཔལ་འབྱོར་འདྲ་མཉམ་མེད་མི་ལུ་བརྟེན་ མི་རློབས་མང་ཤོས་ཅིག་ར་ དབུལ་ཕོངས་ཀྱི་གནས་སྟངས་ནང་སྡོད་དོ་ཡོདཔ་ལས་ ཤེས་ཡོན་དང་གསོ་བའི་ཞབས་ཏོག་ཚུ་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་ཟེར་བཀོད་ནུག། པོརཊ་ཨའུ་པྲིནསི་འདི་ ས་ཡོམ་གྱི་ཤུགས་རྐྱེན་ཅན་གྱི་ས་ཁོངས་ནང་ཡོདཔ་ལས་ སྤྱི་ལོ་ ༢༠༡༠ ལུ་ ས་ཡོམ་གྱིས་ མི་སྟོང་ཕྲག་ ༢ ལྷགཔ་ཅིག་ ཤི་རྐྱེན་བྱུང་མི་ལུ་བརྟེན་ ཡུན་རིངམོ་སྦེ་ སེམས་ཕམ་དང་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས། ད་རུང་ རླུང་འཚུབ་དང་ དུས་ཚོད་ཀྱི་ཆུ་རུད་ཚུ་གིས་ དུས་རྒྱུན་དུ་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་བཟའ་ཚང་ཚུ་ གནས་སྤོ་འགྱོ་དོ་ཡོདཔ་ཨིན་པས།

ཁྲོམ་ཚོགས་འདི་ནང་ལུ་ མི་རློབས་མགྱོགས་དྲགས་སྦེ་ཡར་སེང་འགྱོ་མི་དང་ ཁྲིམས་ལུགས་མེད་པར་ ཁྲོམ་ཚོགས་རྒྱ་སྐྱེད་འགྱོ་མི་ལུ་བརྟེན་ གཞིས་ཆགས་ཆུང་བ་ སྤྲང་སྒར་ལ་སོགས་པ་ཚུ་ གཙང་སྦྲ་དང་གསོ་བའི་ཞབས་ཏོག་ དེ་ལས་ ཉེན་སྲུང་མེདཔ་སྦེ་འགྱོ་དོ་ཡོདཔ་ཨིན། དེ་ལས་ ཁྲོམ་སྡེའི་འཆར་གཞི་ཉུང་ཤོས་དང་ སྡོད་ཁྱིམ་མ་ལངས་པའི་དཀའ་ངལ་ལུ་བརྟེན་ ཁྲིམས་འགལ་གྱི་བཟོ་སྐྲུན་ཚུ་ ཁྱབ་ཆེཝ་སྦེ་ འགྱོ་དོ་ཡོདཔ་ཨིན་པས། དེ་མ་ཚད་ ཆུ་གཙང་ཏོང་ཏོ་དང་ གཙང་སྦྲ་འཕྲོད་བསྟེན་གྱི་ ཐོབ་ལམ་ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ སྤྱི་ལོ་ ༢༠༡༠ ལུ་ ས་ཡོམ་རྐྱབ་པའི་ཤུལ་ལུ་ ཀོ་ལེ་ར་བཟུམ་གྱི་ ནད་གཞི་ཚུ་ཐོན་ཡོདཔ་དང་ སྨན་ཁང་ཚུ་ནང་ ཅ་ཆས་ཚུ་ ལངམ་སྦེ་མེདཔ་ལས་ སྨན་བཅོས་ཀྱི་ ཞབས་ཏོག་ཚུ་ དུས་རྒྱུན་དུ་ ཐོབ་ཚུགསཔ་བཟོ་ནི་འདི་ གནད་དོན་གལ་ཅན་ཅིག་ལུ་གྱུར་ནུག། ས་ཁོངས་འདི་ནང་ ཤེས་རིག་འདི་ རིན་མེད་སྟོང་པ་དང་ མཐའ་གཅིག་ཏུ་ བྱིན་དོ་ཡོད་རུང་ དབུལ་ཕོངས་དང་ ཐག་རིང་ཐུང་ དེ་ལས་ སློབ་གྲྭའི་མཁོ་ཆས་མེད་མི་ལུ་བརྟེན་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་འདི་ ཚད་ཅིག་ལས་བརྒལ་མེདཔ་ཨིན་མས། སྒེར་གྱི་སློབ་གྲྭ་ཚུ་ ཁྱབ་ཆེཝ་སྦེ་ཡོད་རུང་ གོང་ཚད་མཐོ་དྲགས་ནི་འདི་གིས་ ཟད་འགྲོ་གཏང་མ་ཚུགས་པར་ལུས་དོ་ཡོདཔ་དང་ ན་གཞོན་གྱི་མི་རློབས་བརྒྱ་ཆ་མང་ཤོས་ར་ ལཱ་གཡོག་མེད་མི་ལུ་བརྟེན་ ས་གནས་ཀྱི་ངོ་བརྒལ་དང་ རྒྱལ་སྤྱིའི་གནས་སྤོ་འགྱོ་མི་གཉིས་ཆ་ར་ དམིགས་བསལ་གྱིས་ ཌོ་མི་ནི་ཀན་སྤྱི་མཐུན་རྒྱལ་ཁབ་དང་ རྒྱ་ནག་ དེ་ལས་ ཀེ་ན་ཌ་ལུ་འགྱོ་དོ་ཡོདཔ་ཨིན་པས།[]

པོརཊ་ཨའུ་པྲིནསི་གི་ཁྲོམ་ཚོགས་ནང་ ལམ་སྲོལ་དང་བྱུང་རབས་ཕྱུགཔོ་ཡོད་རུང་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ མི་སྡེ་སྲིད་དོན་དང་དཔལ་འབྱོར་གྱི་གདོང་ལེན་ཚུ་གིས་ དཀའ་ངལ་བྱུང་མི་ཁྲོམ་ཚོགས་ཅིག་ཨིན། ཨིན་རུང་ རྒྱལ་ཁབ་འདི་ལོག་སྟེ་ཨ་རྟག་བཟུམ་བསྐྱར་སྐྲུན་འབད་ནི་ལུ་རྩ་འགེངས་དོ་ཡོདཔ་ལས་ འདི་གིས་ ཧེ་ཊི་ཡན་གྱི་མི་སེར་ཚུ་གི་ བཟོད་བསྲན་དང་ རྒྱལ་ཁབ་ཀྱི་ནུས་པ་ཚུ་ གསལ་སྟོན་འབདཝ་ཨིན། རང་བཞིན་གྱི་རྐྱེན་ངན་དང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ དེ་ལས་ དབུལ་ཕོངས་ཚུ་ལུ་བརྟེན་ཏེ་ དཀའ་ངལ་སྦོམ་སྦེ་ར་བྱུང་རུང་ པོརཊ་ཨའུ་པྲིནསི་འདི་ ཧེ་ཊི་གི་སེམས་ཁམས་དང་སྒྱུ་རྩལ་ དེ་ལས་ ངོ་རྟགས་ཚུ་གི་ལྟེ་བ་ཅིག་སྦེ་ར་ལུས་ཡོདཔ་ཨིན། ཁྲོམ་འདི་ཡར་རྒྱས་འགྱོ་ནི་གི་དོན་ལུ་ གཞུང་སྐྱོང་དང་གཞི་རྟེན་ ཤེས་རིག་ དེ་ལས་ ཉེན་སྲུང་ཚུ་ནང་ ཡུན་བརྟན་གྱི་ བསྒྱུར་བཅོས་འབད་དགོཔ་འདི་ ཁག་ཆེ་ཤོས་ཅིག་ཨིནམ་དང་ འདི་གི་འགྲུལ་སྐྱོད་འདི་གིས་ ཧེ་ཊི་གི་གདོང་ལེན་རྒྱ་ཆེ་བ་དང་ མ་འོངས་པ་ལེགས་ཤོམ་གྱི་རེ་བ་ཚུ་ གསལ་སྟོན་འབདཝ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

  1. 1 2 3 4 Wikipedia. (2025). Port-au-Prince. Published by: Creative Commons. Retrieved from:      https://en.wikipedia.org/wiki/Port-au-Prince
  2. Hauteville, M, J. (2024). Haiti’s justice system powerless to deal with gangs.      Published by: Le Monde. Retrieved from: https://www.lemonde.fr/en/international/article/2024/08/17/haiti-s-justice-system-   powerless-to-deal-with-gangs_6717483_4.html#
  3. International Trade Administration. (2024). Market Challenges. Retrieved from:        https://www.trade.gov/country-commercial-guides/haiti-market-challenges