Jump to content

ཕི་ཇི།

Wikipedia ལས།

ཕི་ཇི་རྒྱལ་ཁབ་འདི་ནང་མཚོ་གླིང་ ༣༣༣ དང་ མཚོ་གླིང་ཆུང་བ་ ༥༠༠ ལས་ལྷག་སྟེ་ཡོདཔ་དང་ འདི་ནང་ལས་ མཚོ་གླིང་ ༡༡༠ རྐྱངམ་གཅིག་ནང་མི་གནས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ ཨཱོས་ཊེ་ལི་ཡ་གི་ཤར་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༣,༠༠༠ དེ་ཅིག་གི་ས་ཁར་ཡོདཔ་ཨིན། ཕི་ཇི་ནང་ཡོད་པའི་ ཝི་ཊི་ལེ་བུ་དང་ཝ་ན་ཝ་ལེ་བུ་མཚོ་གླིང་སྦོམ་ཤོས་གཉིསཔོ་འདི་ ཧེ་མ་ མེ་རི་བྱུང་སྟེ་རྒྱ་མཚོའི་ནང་ལས་རི་རྩེ་ཡར་འཕར་ཏེ་ཡོདཔ་ཨིན། ཕི་ཇི་གི་རྒྱལ་ས་སུ་བཱ་དང་རྒྱལ་ཁབ་ཀྱི་རི་བོ་མཐོ་ཤོས་ ཏོ་མ་ནི་ཝི་ཟེར་མི་ མཐོ་ཚད་མི་ཊར་ ༡,༣༢༤ ཡོད་མི་འདི་ ཝི་ཊི་ལེ་བུ་ལུ་ཆགས་ཏེ་ཡོདཔ་ཨིན། ཝི་ཊི་ལེ་བུ་ལུ་ཡོད་པའི་ རི་བ་གཙང་ཆུ་འདི་ ཕི་ཇི་གི་གཙང་ཆུ་རིང་ཤོས་ཅིག་ཨིནམ་དང་ འདི་ནང་མཚོ་འགྲུལ་འབད་ཚུགས་པའི་རིང་ཚད་ཀི་ལོ་མི་ཊར་ ༡༢༨ ཡོདཔ་ཨིན། མཚོ་གླིང་འདི་ནང་ལུ་ནགས་ཚལ་ དེ་ལས་ གཙང་ཆུ་དང་རོང་ཆུ་ དེ་མ་ཚད་ མཚོ་གི་མཐའ་མ་ལུ་ཡོད་པའི་ ལུང་གཤོང་ཚུ་གི་ས་ཆ་འདི་ གནམ་མེད་ས་མེད་དགའ་ཏོག་ཏོ་བཟོ་སྟེ་ཡོདཔ་ཨིན།

ཕི་ཇི་ལུ་ ལོ་གཅིག་གི་རིང་གནམ་གཤིས་ཚ་དྲོད་འདི་ རན་ཏོག་ཏོ་སྦེ་ར་སྡོད་དོ་ཡོདཔ་ཨིནམ་དང་ དྲོད་ཚད་དེ་མང་ཤོས་ར་ ཌིགིརི་སེལ་ཤི་ཡཱསི་ ༢༦ དང་ ༣༡ གི་བར་ན་ཡོདཔ་ལས་ ངལ་གསོའི་སྐབས་མཚོ་མཐའི་བྱེ་ཐང་ལུ་འགྱོ་ནིའི་དོན་ལུ་ ལེགས་ཤོམ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་གནམ་དགུན་གྱི་དུས་ཚོད་དེ་ སྤྱི་ཟླ་ ༥ པ་ལས་ ༡༠ པ་ཚུན་དང་  གནམ་བྱཱར་གྱི་དུས་ཚོད་དེ་ སྤྱི་ཟླ་ ༡༡ པ་ལས་ ༤ པ་ཚུན་ཨིན། གནམ་བྱཱར་གྱི་དུས་ཚོད་དེ་ནང་ ཆརཔ་ཤུགས་སྦེ་རྐྱབ་དོ་ཡོདཔ་མ་ཚད་ རླུང་འཚུབ་ཡང་བྱུང་དོ་ཡོདཔ་མ་ཚད་ མཚོ་གླིང་གི་ས་གནས་ཁག་སོ་སོ་ཚུ་ནང་ གངས་རི་གི་བཀོད་པ་ལུ་བརྟེན་ ཆར་ཆུ་གི་དུས་ཚོད་ཡང་ཁྱད་པར་ཆགས་དོ་ཡོདཔ་ཨིན། འདི་ཡང་ ཤར་ཕྱོགས་ཀྱི་ས་གནས་ཚུ་ནང་ ཆར་ལྡན་ནགས་ཚལ་ཧོ་ལྗོངས་ལྗོངས་སྦེ་ཡོདཔ་དང་ ནུབ་ཕྱོགས་ཀྱི་ས་གནས་ཚུ་ནང་ རྩྭ་ཐང་སྐམ་ཀྲོག་ཀྲོ་སྦེ་མཐོང་དོ་ཡོདཔ་ཨིན།

ཕི་ཇི་ལུ་ལྟ་སྐོར་འགྱོ་ནིའི་དུས་ཚོད་ལེགས་ཤོམ་འདི་ གནམ་དགུན་གྱི་དུས་ཚོད་ལུ་ཨིནམ་དང་ དེ་བསྒང་ ཤར་ལྷོ་ཁ་ཐུག་གི་རླུང་གིས་ གནམ་གཤིས་འདི་ བསིལ་ཏོང་ཏོ་བཟོ་དོ་ཡོདཔ་ཨིནམ་མ་ཚད་ དུས་ཚོད་འདི་ ལྟ་བཤལཔ་མང་ཤོས་ཅིག་འོང་པའི་དུས་ཚོད་ཅིག་ཡང་ཨིན།

སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༧ པའི་རྩིས་དང་འཁྲིལཝ་ད་ ཕི་ཇི་གི་མི་རློབས་དེ་ མི་གྲངས་ ༩༣༩,༥༣༥ དེ་ཅིག་ཡོདཔ་ཨིནམ་དང་ མི་རློབས་བརྒྱ་ཆ་ ༧༠ དེ་ཅིག་ ཝི་ཊི་ལེ་བུ་མཚོ་གླིང་ལུ་སྡོད་དོ་ཡོདཔ་དང་ ཕྱེད་ཀ་དེ་ཅིག་ སུ་བཱ་ཟེར་མི་ཁྲོམ་གྱི་ས་ཁོངས་ཚུ་ནང་སྡོད་དོ་ཡོདཔ་ཨིན།

ཕི་ཇི་གི་ལམ་སྲོལ་འདི་ རྒྱལ་ཁབ་གི་ལམ་སྲོལ་དང་ ཨིན་ཌོ་ཕི་ཇེཡན་གྱི་མི་སྡེ་ལས་ ཤན་ཞུགས་འབད་དེ་ ལམ་སྲོལ་ཕྱུགཔོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། ཕི་ཇི་གི་མི་སེར་ཚུ་གིས་ མི་རློབས་ཀྱི་བརྒྱ་ཆ་ ༥༦.༨ དེ་ཅིག་བཟོ་དོ་ཡོདཔ་དང་ མང་ཤོས་ར་མི་ལི་ནཱི་ཤི་ཡཱན་གྱི་རིགས་རྒྱུད་དང་ པོ་ལི་ནཱི་ཤི་ཡཱན་གཅིག་ཁར་སླ་བསྲེས་ཏེ་ཡོདཔ་ཨིན། ཁོང་རའི་ལུགས་སྲོལ་འདི་ མི་སྡེ་ནང་གནམ་མེད་ས་མེད་བརྩི་བཀུར་བསྐྱེད་དོ་ཡོདཔ་མ་ཚད་  རང་བཞིན་གནས་སྟངས་ལུ་ བརྩི་མཐོང་སྦོམ་སྦེ་ར་བསྐྱེདཔ་ཨིན། རྒྱལ་ཁབ་ཀྱི་སྔར་སྲོལ་དང་འབྲེལ་བའི་མཛད་སྒོ་ དཔེར་ན་ ཀཱ་བ་ཟེར་ཆང་འཐུང་ནི་དང་ མི་ཀི་ཟེར་ཞབས་ཁྲ་རྐྱབ་ནིའི་སྲོལ་འདི་  ཕི་ཇི་གི་མི་སྡེ་ནང་ སྲོལ་གནམ་མེད་ས་མེད་ལེགས་ཤོམ་ཅིག་ཨིནམ་མ་ཚད་ གཞན་དང་མ་འདྲ་བའི་སྲོལ་སྤྲོ་བ་ཅན་ཅིག་སྦེ་ཆ་བཞགཔ་ཨིན།

རྒྱལ་ཁབ་ནང་ ཨིན་ཌོ་ཕི་ཇིཡན་མི་རློབས་ཀྱི་བརྒྱ་ཆ་ ༣༧.༥ དེ་ཅིག་ཡོདཔ་ཨིན། ཁོང་ཚུ་གིས་དུས་རབས་ ༡༩ པ་མཇུག་ཁམས་ཅིག་ཁར་  བིརི་ཊིཤ་གིས་དབང་འོག་འབད་བའི་སྐབས་ལུ་ རང་སོའི་ལམ་སྲོལ་ཚུ་མར་ཉམས་མ་བཅུག་པར་བདག་འཛིན་འབད་དེ་ ལག་ལེན་འཐབ་སྟེ་ར་སྡོད་ཡོདཔ་ཨིན། ཧིན་དུ་གི་དུས་སྟོན་ དཔེར་ན་ དི་ཝཱ་ལི་འདི་རྒྱལ་ཁབ་ནང་རྒྱ་ཆེ་དྲགས་སྦེ་ བརྩི་སྲུང་འབད་དོ་ཡོདཔ་མ་ཚད་ ཡེ་ཤུ་པའི་ངལ་གསོ་ དཔེར་ན་ ཡེ་ཤུའི་འཁྲུངས་སྟོན་དང་ མ་ཤི་ཀ་འདས་ལོག་བྱོན་པའི་དུས་དྲན་ཚུ་ཡང་བརྩི་སྲུང་འབདཝ་ཨིན། དེ་མ་ཚད་ ཕི་ཇི་ནང་ལམ་སྲོལ་སྣ་ཚོགས་ཡོད་པའི་ མི་སྡེ་འདི་ནང་ལུ་རོ་ཊུ་མཱན་མི་སེར་ བརྒྱ་ཆ་ ༡.༢ དང་ ཡུ་རོ་པི་ཡན་མི་སེར་དང་རྒྱ་ནག་གི་མི་སེར་ དེ་ལས་ རྒྱ་མཚོ་གླིང་གི་མི་སེར་ཚུ་ཡོདཔ་ཨིན། མི་སྡེ་ནང་ མི་རིགས་མ་འདྲཝ་ལེ་ཤ་ཡོད་མི་དང་ རང་སོའི་ཁྱད་རིག་མ་འདྲཝ་ཚུ་ དཔེར་ན་ བཞེས་སྒོ་དང་སྙན་ཆ་ དེ་ལས་ སྒྱུ་རྩལ་དང་དུས་སྟོན་ཚུ་ནང་མཐོང་ཚུགསཔ་ཨིན།

ཕི་ཇི་རྒྱལ་ཁབ་ནང་ གཞུང་འབྲེལ་གྱི་སྐད་ཡིག་གསུམ་ཡོདཔ་དང་ འདི་ཡང་ དབྱིན་སྐད་དང་ ཕི་ཇེཡན་ དེ་ལས་ ཕི་ཇི་ཧིན་དི་ཨིན། གཞུང་དང་ཚོང་འབྲེལ་ དེ་ལས་ ཤེས་རིག་ཚུ་གི་ནང་ལུ་ དབྱིད་སྐད་འདི་གལ་ཆེ་ཤོས་ཅིག་ཨིན། ཕི་ཇི་གི་མི་སེར་ཚུ་གིས་ ཕི་ཇེཡན་འདི་ ཁོང་རའི་ཁ་སྐད་དང་པ་སྦེ་ ལག་ལེན་འཐབ་དོ་ཡོདཔ་དང་  ཨིན་ཌོ་ཕི་ཇེཡན་ཚུ་གིས་ ཕི་ཇི་ཧིན་དི་ལག་ལེན་འཐབ་དོ་ཡོདཔ་ཨིན། རྒྱ་ཁབ་ནང་ཁ་སྐད་གཞན་ཡང་རོ་ཊུ་མན་དང་ རྒྱ་ནག་གི་ཁ་སྐད་ཚུ་སླབ་དོ་ཡོདཔ་ཨིན། ཕི་ཇི་ནང་ཁ་སྐད་ལེ་ཤ་ཡོད་མི་དེ་གིས་ མི་རློབས་འདྲ་མི་འདྲ་ཚུ་གི་བར་ན་ ལམ་སྲོལ་བརྗེ་སོར་འབད་ནི་ལུ་ ཡར་དྲག་གཏང་ཚུགས་ཏེ་འདུག།

ཕི་ཇིའི་དཔལ་འབྱོར་གྱི་འོང་འབབ་ཀྱི་འབྱུང་ཁུངས་ངོ་མ་ཅིག་ ལྟ་བཤལ་ལས་བརྟེན་བཟོ་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ལུ་  མཚོ་མཐའི་བྱེ་ཐང་དགའ་ཏོག་ཏོ་དང་ཧིང་སངས་ས་ དེ་ལས་ སྐྱིད་གནས་དལ་ཉམས་ཅན་དང་ འོག་རྩལ་རྐྱབ་ནིའི་ས་གོ་ལེགས་ཤོམ་དང་ སྤྲོ་ཉམས་ཆེ་བའི་ལམ་སྲོལ་ཚུ་ཡོདཔ་ལས་ རྒྱལ་ཁབ་ནང་ལྟ་བཤལཔ་ལེ་ཤ་འོང་དོ་ཡོདཔ་ཨིན།  དེ་མ་ཚད་ རྒྱལ་ཁབ་ནང་ ཁག་ཆེ་བའི་ལས་སྡེ་གཞན་ཚུ་ཡང་ ཉ་བཟུང་ནི་དང་བཟོ་སྐྲུན་ཐགས་རིགས་ཚུ་ཨིན། འདས་པའི་ལོ་ཚུ་ནང་ ཕི་ཇི་རྒྱལ་ཁབ་འདི་ ཤིང་དང་ས་སྣུམ་རྡོ་སོལ་ལ་སོགས་ཚུ་ ནང་འདྲེན་འབད་ནི་ཚུ་མར་ཕབ་འབད་ཐབས་ལུ་ སླར་འབྱུང་བཏུབ་པའི་ནུས་ཤུགས་ཚུ་  གོང་འཕེལ་གཏང་ནི་ལུ་ གཙོ་བོར་བཏོན་ཏེ་ཡོདཔ་ཨིན། ཕི་ཇི་གིས་ འཛམ་གླིང་དཔལ་འབྱོར་གྱི་འགྱུར་བ་ལ་སོགས་པའི་ གདོང་ལེན་དང་ རླུང་འཚུབ་ཀྱི་ཉེན་ཁ་ཚུ་ཡོད་རུང་ ཕི་ཇི་འདི་དཔལ་འབྱོར་གོང་འཕེལ་སྦོམ་སྦེ་འགྱོ་མི་ཅིག་ཨིན།

ཕི་ཇི་གི་རང་བཞིན་མཛེས་སྡུག། ལམ་སྲོལ། ཁ་སྐད་ལེ་ཤ། དེ་ལས་ དཔལ་འབྱོར་གྱི་ནུས་ཤུགས་ཚུ་ གཞན་དང་མ་འདྲཝ་ཡོདཔ་ལས་ རྒྱལ་ཁབ་འདི་ཞིབ་འཚོལ་དང་ལྟ་བསྐོར་འབད་ནི་ལུ་ སྤྲོ་བ་ཅན་གྱི་ས་ཆ་ཅིག་ཨིན།

རྒྱལ་ས་ལྟེ་བ། སུ་བཱ།

ཕི་ཇི་གི་རྒྱལ་ས་སུ་བཱ་འདི་ ཤར་ལྷོ་ལུ་ཡོད་པའི་ ཝི་ཏི་ལེ་བུའི་མཚོ་གླིང་གི་མཚོ་མཐའ་ལུ་ཡོདཔ་ཨིན། སྤྱི་ལོ་ ༡༨༨༢ ཚུན་ ཕི་ཇི་གི་རྒྱལ་ས་སྦེ་ངོས་འཛིན་མ་འབད་བའི་ཧེ་མ་ སུ་བཱ་འདི་ ཕི་ཇི་གི་སྲིད་དོན་དང་དཔལ་འབྱོར་གྱི་ལྟེ་བ་སྦེ་གནས་ཏེ་ཡོདཔ་ཨིན། སུ་བཱ་འདི་ ལྷོ་པེ་སི་ཕིག་གི་ཁྲོམ་ཚོགས་ལྟེ་བ་སྦོམ་ཤོས་ཅིག་ཨིནམ་དང་ སྤྱི་ལོ་ ༢༠༡༧ ལུ་ མི་རློབས་ ༩༣,༩༧༠ དེ་ཅིག་དང་ ཁྲོམ་གྱི་ས་ཁོངས་ནང་ མི་རློབས་ ༣༣༠,༠༠༠ ལྷགཔ་ཅིག་གནས་ཏེ་ཡོདཔ་ཨིན།

སུ་བཱ་འདི་ ཕི་ཇི་རྒྱལ་ཁབ་ཀྱི་དཔལ་འབྱོར་དབང་ལྡན་ལས་ཚོགས་ཅིག་ཨིནམ་དང་ འདི་ནང་ལུ་ དངུལ་ཁང་དང་གཞུང་གི་ལས་ཁུངས་ དེ་ལས་ རྒྱལ་སྤྱིའི་ལས་སྡེ་ཁག་གི་ཡན་ལག་ཡིག་ཚང་ཚུ་ཡོདཔ་ཨིན། ཀིངས་ཝརཕ་ཟེར་མི་འདི་ རྒྱལ་སྤྱིའི་གྲུ་ནང་ལྟ་བཤལ་འབད་བར་འགྱོ་ནིའི་དོན་ལུ་ གྲུ་ཆགས་སའི་ལྟེ་བ་ཁག་ཆེ་ཤོས་ཅིག་ཨིན། སུ་བཱ་ནང་ ལས་སྡེ་གཙོ་བོ་གཞན་ཚུ་ཡང་ ལྟ་བཤལ་དང་བཟོ་སྐྲུན་གྱི་ལཱ་ དཔེར་ན་ གླང་ལེབ་བཟོ་ནི་དང་ཆང་བཟོ་ནི་ དེ་ལས་ གྲུ་གཏང་ནི་ཚུ་ཨིན་པས། ཁྲོམ་འདི་རང་དབང་ཅན་གྱི་གྲུ་ཚུགས་ཡོད་པའི་ཁྲོམ་ཅིག་འབདཝ་ལས་ རྒྱལ་སྤྱིའི་ཚོང་འབྲེལ་དང་ མ་དངུལ་གྱི་འོང་འབབ་བཟོ་ཚུགས་པའི་ཁེ་ཕན་ཡོདཔ་ཨིན།

སུ་བཱ་འདི་ ལམ་སྲོལ་དང་འབྲེལ་བའི་མཐུན་རྐྱེན་ཡོད་མི་ཅིག་ཨིནམ་དང་ འདི་ནང་ལུ་ ཕི་ཇི་གི་མི་རྒྱུད་ཀྱི་ལམ་སྲོལ་དང་ རྒྱ་གར་གྱི་སྲོལ་བརྒྱུན་ དེ་ལས་ ནུབ་ཕྱོགས་ཀྱི་ལམ་སྲོལ་ཚུ་ལས་ འགྱུར་བ་འབག་འོང་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་འདི་ རིག་རྩལ་ཅན་གྱི་ལཱ་དང་ ཧེ་བིས་ཀཱསི་དུས་སྟོན་ཚུ་ལས་བརྟེན་ རྒྱལ་ཁབ་ནང་ཡོངས་གྲགས་ཡོདཔ་ཨིན། ཕི་ཇི་གི་འགྲེམས་སྟོན་ཁང་ནང་ལུ་ ཕི་ཇི་གི་བྱུང་རབས་བཟང་པོ་དང་ཕྱུགཔོ་གི་བརྡ་མཚོན་ལུ་ རྒྱལ་རབས་ཅན་གྱི་ཅ་ལ་ཚུ་ གསལ་སྟོན་འབད་ཡོདཔ་ཨིན། སུ་བཱ་གི་བཞེས་སྒོ་འབད་ཐངས་ཚུ་ ཕི་ཇན་གྱི་སྔར་སྲོལ་གྱི་བཟའ་ཆས་ལས་ རྒྱལ་སྤྱིའི་བཟའ་ཆས་ཚུ་ཚུད་དོ་ཡོདཔ་དང་ དེ་གི་ཕྱི་རུ་ ཟ་ཁང་དང་ནུབ་མོའི་སྤྲོ་ཁང་ཚུ་ནང་ལུ་ སྤྲོ་བ་ཆེ་ཏོག་ཏོ་གི་ལས་རིམ་དང་ལྟདམོ་ཚུ་སྟོནམ་ཨིན།

སུ་བཱ་ནང་ མི་རློབས་མ་འདྲཝ་ལེ་ཤ་ཡོདཔ་ལས་ དེ་ནང་ ཁ་སྐད་གཙོ་བོ་གསུམ་སླབ་སྲོལ་ཡོདཔ་དང་ འདི་ཡང་ ཕི་ཇན་དང་ཧིན་དྷི་ དེ་ལས་ཨིང་ལིཤ་ཚུ་ཨིན། ཁ་སྐད་འདི་ཚུ་བརྡ་བརྒྱུད་དང་ཤེས་རིག་ དེ་ལས་ ཉིན་བསྟར་མི་ཚུ་གི་བར་ན་འབྲེལ་བ་འཐབ་པའི་སྐབས་ ལག་ལེན་འཐབ་དོ་ཡོདཔ་ཨིན།

སུ་བཱ་འདི་ ཕི་ཇི་རྒྱལ་ཁབ་ཀྱི་རྒྱལ་ས་རྐྱངམ་གཅིག་མེན་པར་ འདི་གི་ཆགས་གནས་དང་ སྣ་འདུས་མི་སྡེའི་གནས་སྟངས་ལེགས་ཤོམ་ཡོད་མི་ལུ་བརྟེན་  ལྷོ་ཕྱོགས་པེ་སི་ཕིག་གི་ལམ་སྲོལ་དང་ དཔལ་འབྱོར་གྱི་ལྟེ་བ་ནང་གལ་གནད་ཅན་ཅིག་ཨིན།[]

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source: Department of Culture and Dzongkha Development.

  1. [1] https://www.worldatlas.com/articles/what-is-the-capital-of-fiji.html [2] https://fijiguide.com/destination-fiji/suva/ [3] https://www.britannica.com/place/Fiji-republic-Pacific-Ocean [4] https://www.fiji.travel/places-to-go/suva-and-surrounds

རྒྱབ་རྟེན་དཔེ་དེབ།

"https://dz.wikipedia.org/w/index.php?title=ཕི་ཇི།&oldid=38378" ལས་ སླར་འདྲེན་འབད་ཡོདཔ།