Jump to content

ཕི་ལི་པིནས།

Wikipedia ལས།

ཕི་ལི་པིནས་འདི་ ཤར་ལྷོ་ཨེ་ཤི་ཡའི་ཧོངས་ཀྱི་ མཚོ་གླིང་ཆུང་ཀུ་སྡེ་ཚན་སྦེ་ཡོད་མིའི་ རྒྱལ་ཁབ་ཅིག་ཨིན། བསྡོམས་ཀྱིས་མཚོ་གླིང་ཆུང་ཀུ་ ༧༦༠༠ དེ་ཅིག་ ཡོད། རྒྱལ་ཁབ་ཀྱི་མཐའ་བསྐོར་ལུ་ པེ་སི་ཕིཀ་མཐའ་ཡས་རྒྱ་མཚོ་དང་ རྒྱ་ནག་གི་ལྷོ་མཚོ་ དེ་ལས་ སཱེ་ལཱེབསི་མཚོ་ཚུ་ཡོད། རྒྱལ་ཁབ་འདི་ནང་ ལམ་སྲོལ་སྣ་ ཚོགས་ སྔར་སྲོལ་དང་ མཱ་ལཱེ་ ཨིས་པེ་ནཱིཤ་དང་ ཨེ་མི་རི་ཀཱན་ དེ་ལས་ རྒྱ་ནག་གི་སྔར་སྲོལ་ཚུ་ཡོད། སྤྱི་ལོ་ ༡༩༤༦ ལུ་ རང་དབང་མ་ཐོབ་པའི་ཧེ་མ་ ཡུ་ཨེས་ཀྱིས་བདག་དབང་བཟུང་སྡོད་ནུག། དེ་གི་ཧེ་མ་ ལོ་ངོ་ ༣༠༠ དེ་ཅིག་གི་རིང་ལུ་ ཨིས་པེ་ནཱིཤ་གིས་ དབང་འཛིན་འབད་དེ་སྡོད་ཡོདཔ་ཨིན། རྒྱལ་ ཁབ་འདི་ དམངས་གཙོའི་རིང་ལུགས་བརྟེན་མི་ཅིག་དང་ བཙག་འཐུ་ལས་བསྒྲུབས་མི་སྲིད་བློན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཨིན། དཔལ་འབྱོར་ཡང་ སོ་ནམ་ དང་ ཞབས་ཏོག་ལས་སྡེ་ དེ་ལས་ དངུལ་གཏོང་ལེན་དང་ བཟོ་སྐྲུན་གྱི་ནང་ལུ་འབདཝ་ཨིན། གདོང་ལེན་ཆེ་ཤོས་ཅིག་ དབུལ་ཕོངས་དང་ རང་བཞིན་རྐྱེན་ངན་ དེ་ལས་ སྲིད་ཚོགས་དང་འབྲེལ་བའི་ངན་ལྷད་དང་ མཐའ་འཁོར་གྱི་དཀའ་ངལ་ཚུ་ཡོདཔ་ཨིན། ཤེས་རིག་དང་གསོ་བའི་ཞབས་ཏོག་ཚུ་ཡང་ གོང་འཕེལ་འགྱོ་ བའི་བསྒང་ཡོད་རུང་ ས་ཆ་ག་རའི་ནང་ལུ་ འདྲ་མཉམ་མེད་པའི་དཀའ་ངལ་ཅིག་ཡོདཔ་ཨིན།

ས་ཆའི་གནས་སྟངས་དང་ སྦོམ་ཚད་ དེ་ལས་ བདག་སྐྱོང་གི་མངའ་སྡེ།

ཕི་ལི་པིནས་འདི་ ཤར་ལྷོ་ཨེ་ཤི་ཡའི་ཕྱོགས་ལུ་དང་ ནུབ་ཕྱོགས་པེ་སི་ཕིཀ་མཐའ་ཡས་རྒྱ་མཚོའི་ནང་ལུ་ གནས་ཡོད་པའི་མཚོ་གླིང་ཅན་གྱི་རྒྱལ་ཁབ་ཅིག་ཨིན། ནུབ་ཕྱོགས་ཁ་ཐུག་ལུ་ རྒྱ་ནག་གི་ལྷོ་མཚོ་དང་ ཤར་ལུ་འབད་བ་ཅིན་ ཕི་ལི་པིནས་གི་མཚོ་ དེ་ལས་ ལྷོ་ལུ་ཨིན་པ་ཅིན་ སཱེ་ལཱེབསི་མཚོ་གིས་བསྐོར་ཏེ་ཡོད། རྒྱལ་ཁབ་འདི་ནང་ མཚོ་གླིང་ ༧༦༤༡ ཡོད་མི་གིས་ ས་ཆའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞིམ་ ༣༠༠,༠༠༠ དེ་ཅིག་ཡོདཔ་ཨིན། ཕི་ལི་པིནས་རྒྱལ་ཁབ་འདི་ ལུང་ཕྱོགས་གསུམ་ལུ་དབྱེ་སྟེ་ཡོད། འདི་ཡང་ ལཱུ་ཟཱོན་ ཝི་ས་ཡཱས་དང་ མཱིན་དཱ་ནའོ་ཚུ་ཨིན། ཨིན་རུང་ བདག་སྐྱོང་གི་དོན་ལུ་ ལུང་ཕྱོགས་ ༡༧ དང་ མངའ་སྡེ་ ༨༢ ལུ་ བགོ་སྟེ་ཡོད། རྒྱལ་ས་ལྟེ་བ་འདི་ མ་ནི་ལ་ཟེར་སླབ་ཨིན། མཚོ་གླིང་ཚུ་ གཅིག་ཁར་ མཉམ་བསྡེབ་འབད་དེ་ མངའ་སྡེ་དང་ ཁྲོམ་ཚོགས་ དེ་ལས་ ཁྲོམ་སྡེ་ཟེར་བཟོ་ཞིནམ་ལས་ གཞུང་ལུགས་གཅིག་གི་འོག་ལུ་ ས་གནས་གཞུང་གིས་འཛིན་སྐྱོང་འབད་དེ་ཡོད།

བྱུང་རབས།

ཕི་ལི་པིནས་གི་བྱུང་རབས་ཡང་ སྔར་ལུགས་ཀྱི་ལམ་སྲོལ་དང་ བཙན་དབང་གི་སྲོལ་རྒྱུན་ དེ་ལས་ རང་དབང་གི་དཀའ་སྡུག་ཚུ་གིས་ བཟོ་ཡོདཔ་ཨིན། ཧེ་མ་ བྷ་རཱང་གེས་ལུ་སྡོད་མི་ ཕི་ལི་པི་ནཱོས་ཟེར་(མི་སྡེ་ཆུང་ཀུ)མི་ཚུ་ ས་གནས་ནང་གི་དཔོན་པོ་ཚུ་གིས་ དབུ་ཁྲིད་འབད་དེ་སྡོད་ནུག། སྤྱི་ལོ་ ༡༥༢༡ ལུ་ ཨིས་པེ་ ནཱིཤ་གི་ ཕར་དྲི་ནཱན་ མེག་ལཱན་ཟེར་མི་གིས་ འགོ་ཐོག་དང་པ་ ས་གཞི་ཚུ་ དབང་འོག་ལུ་བཙུགས་ནུག། རྒྱལ་ཁབ་འདི་ ལོ་ངོ་ ༣༠༠ གི་རིང་ལུ་ འཛིན་ སྐྱོང་འབད་དེ་ ཡེ་ཤུ་པའི་ཆོས་ལུགས་དང་ ཨིས་པེ་ནཱིཤ་གི་ལམ་སྲོལ་ དེ་ལས་ གཞུང་ལུགས་ཡང་ གཞི་བཙུགས་འབད་ནུག། སྤྱི་ལོ་ ༡༨༩༨ ལུ་ ཕི་ལི་ པིནས་ཀྱིས་ གཞུང་རྒོལ་འབད་བའི་ཤུལ་ལུ་ ཨིས་པེན་གྱིས་ ཡུ་ཨེས་དང་གཅིག་ཁར་ དམག་འཐབ་སྟེ་ ཐབས་ར་མེད་པར་ ཡུ་ཨེས་ལུ་ རྩིས་སྤྲོད་ དགོཔ་བྱུང་ནུག། རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༤༦ ལུ་ རང་དབང་ཧྲིལ་པོ་མ་ཐོབ་ཚུན་ཚོད་ར་ ཕི་ལི་པིནས་ཀྱིས་ ཡུ་ཨེས་དང་ (༡༨༩༩-༡༩༠༢) དམག་ འཐབ་སྟེ་ར་སྡོད་ནུག། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལུ་ ཕི་ལི་པིནས་འདི་ (༡༩༤༡-༡༩༤༥) ཇ་པཱན་གྱིས་བདག་སྲུང་འབད་དེ་སྡོད་ནུག། དེ་ འབདཝ་ད་ ཡུ་ཨེས་ཀྱིས་གྲོགས་རམ་འབད་དེ་ རང་དབང་ཐོབ་ཚུགས་ནུག། དམག་ཆེན་གྱི་ཤུལ་ལས་ དཔལ་འབྱོར་ཡར་རྒྱས་སོང་ཡོདཔ་དང་ སྲིད་དོན་གྱི་གདོང་ ལེན་བྱུང་ནུག། སྤྱི་ལོ་ ༡༩༧༢-༡༩༨༡ བར་ ཕར་དྲི་ནཱན་ མཱར་ཀོས་ཀྱི་འོག་ལུ་ དམག་ཁྲིམས་དབང་ལུ་གནས་པའི་དུས་ཚོད་ཨིན། ད་རེས་ ཕི་ལི་པིནས་འདི་ དམངས་གཙོའི་རིང་ལུགས་ལུ་གནས་པའི་ རྒྱལ་ཁབ་ཅིག་དང་ དེང་འགྱུར་དང་ སྔོན་སྲོལ་གཉིས་འབྲེལ་མ་སྦེ་ཡོདཔ་ཨིན།

མི་རློབས་དང་མི་རིགས།

ཕི་ལི་པིནས་ལུ་ མི་རློབས་ ས་ཡ་ ༡༡༣ ཡོདཔ་དང་ ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་གྲས་ལས་ མི་རློབས་མངམ་ཡོད་མི་ཅིག་ཨིན། ཁྱབ་ཆེ་དྲགས་སྦེ་ ཡོད་མི་ ཕི་ལི་པི་ནོས་འདི་ རིགས་རྒྱུད་ ཨོས་ཏྲོ་ནེ་སི་ཡཱན་ལས་ཨིནམ་དང་ གཞན་ཡང་ མི་རིགས་མ་འདྲཝ་ལེ་ཤ་ཅིག་ར་ཡོད། འདི་ནང་ལས་ མི་རིིགས་ སྦོམ་ཤོས་གཅིགཔོ་འདི་ ཏ་ག་ལོཀ་ སི་བུ་ཝ་ནོ་ ཨི་ལོ་ཀ་ནོ་ བི་ས་ཡ་ ཧི་ལི་གེ་ནོན་དང་ ཝ་རེ་ཚུ་ཨིན། ད་རུང་ སྔོན་ལས་ཡོད་པའི་རིགས་སྡེ་ དཔེར་ན་ ཨེཨི་ཏྲསི་དང་ ཨའི་གོ་རོཏསི་ ལུ་མཱེདསི་ཚུ་དང་ རྒྱ་ནག་གི་མི་རིགས་ ཨིས་པེ་ནཱིཤ་དང་ ཨེ་མི་རི་ཀཱན་ཚུ་ཡང་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ ལམ་སྲོལ་ སྣ་ཚོགས་ཚུ་ཡང་ མི་ཚུ་ཕྱི་ནང་འགྲོ་བསྐྱོད་ ཚོང་འབྲེལ་དང་ དབང་འོག་གི་སྲོལ་ཚུ་ཡོད་རུང་ ཕི་ལི་པི་ནོ་འདི་ རྒྱལ་ཡོངས་ཀྱི་ཁ་སྐད་ཨིན།

གཞུང་ལུགས་དང་སྲིད་དོན།

ཕི་ལི་པིནས་འདི་ མི་སེར་གྱི་སྲིད་བློན་གཅིག་གིས་དབང་བའི་རྒྱལ་ཁབ་དང་ དབང་ཚད་འདི་ དབུས་གཞུང་ལུ་ཡོད་མི་ཅིག་ཨིན། སྲིད་བློན་འདི་ རྒྱལ་ཁབ་དང་ གཞུང་གི་དབུ་ཁྲིདཔ་ཨིན། ལོ་དྲུག་གི་རྒྱབ་ལས་ སྲིད་བློན་བཙག་འཐུ་འབད་བའི་ཤུལ་ ཡན་ལག་བཀོད་ཁྱབ་གཞན་མི་ཚུ་ འགོ་ཁྲིད་མཛད་དེ་ འདི་གི་གྲས་ལུ་ སྲིད་བློན་འོགམ་དང་ ལྷན་རྒྱས་འཐུས་མི་ཡང་ཡོདཔ་དང་ གཞུང་འབྲེལ་གྱི་ལས་སྡེ་གཞན་ཚུ་ཡང་ཚུདཔ་ཨིན།

འཛིན་སྐྱོང་ལྷན་སྡེ་ནང་ལུ་ ཚོགས་ཁང་གཉིས་ལྡན་སྦེ་ཡོདཔ་དང་ འདི་ནང་ལུ་ ཚོགས་ཁང་གོང་མ་ འཐུས་མི་ ༢༤ སྦེ་མི་དང་ ཚོགས་ཁང་འོག་མ་གི་ནང་ལུ་ ཨིན་པ་ཅིན་ རྫོང་ཁག་རེ་རེ་ལས་ བཙག་འཐུ་འབད་མི་དང་ ཚོགས་པའི་ཐོ་ཚུ་ཡོད། དྲང་ཁྲིམས་ལྷན་སྡེ་འདི་ མངོན་མཐོ་ཁྲིམས་འདུན་གྱིས་ རྒྱལ་ཁབ་ནང་ལུ་ འདྲ་མཉམ་ཐོག་ལས་ ཁྲིམས་ལུགས་ཚུ་ ལག་ལེན་འཐབ་བཅུགཔ་ཨིན།

རྒྱལ་ཁབ་ནང་ལུ་ དམངས་གཙོའི་རིང་ལུགས་འདི་ ལག་ལེན་འཐབ་སྟེ་ར་ཡོད་རུང་ ངན་ལྷད་ཞུགས་ནི་དང་ སྲིད་ཚོགས་གཅིག་ར་གནས་སྡོད་ནི་ བཙག་འཐུའི་ རིམ་པ་ནང་ལུ་ དཀའ་ངལ་ཚུ་ཡོདཔ་ཨིན། མ་གཞི་གི་ དམངས་གཙོའི་རིང་ལུགས་འདི་ སྒྲིང་སྒྲི་ཡོད་རུང་ འགྲོ་བ་མིའི་དབང་ཆ་འདི་ ཚ་གྱང་ཅན་དང་ བརྟན་ བརྟན་མེད་པའི་སྲིད་ཚོགས་དང་ གཞུང་གི་གདོང་ལེན་ཚུ་གིས་ རྒྱལ་ཁབ་ཀྱི་མ་འོངས་པའི་ གནས་སྟངས་འདི་ལུ་ དཀའ་ངལ་བྱུང་སྟེ་ར་ཡོད།

ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་གནས་ ཆོས་ལུགས་དང་ ཐུན་མིན་གྱི་ཁྱད་ཆོས།

ཕི་ལི་པིནས་འདི་ ཁ་སྐད་སྣ་ཚོགས་ཀྱི་ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་དང་ ཕི་ལི་པི་ནོ་འདི་ རྒྱལ་ཡོངས་ཀྱི་ཁ་སྐད་ཅིག་ཨིན་རུང་ ཨིང་སྐད་འདི་ གཞུང་འབྲེལ་ གྱི་ཁ་སྐད་ཨིན། ཡུདཔ་ཅིག་ ཁ་སྐད་དང་སྐད་རིགས་ ༡༧༠ དེ་ཅིག་ཡོད། ལམ་སྲོལ་འབད་བ་ཅིན་ སྔར་སྲོལ་ལམ་ལུགས་དང་ མཱ་ལེ་ ཨིས་པེ་ནཱིཤ་ ཨེ་ མི་རི་ཀཱན་དང་ རྒྱ་ནག་གི་སྔར་སྲོལ་ཚུ་ཡང་ཡོད། ཕི་ལི་པི་ནོ་གི་མི་སྡེའི་འཚོ་བའི་གནས་སྟངས་ཡང་ བཟའ་ཚང་དང་དུས་སྟོན་ དེ་ལས་ མི་སྡེའི་མཐུན་ལམ་ཆེ་ཤོས་ཅིག་སྦེ་ཡོད། ཡོངས་གྲགས་ཅན་གྱི་དུས་སྟོན་ སཱི་ནུ་ལོཀ་ པཱ་ཧི་ཡསི་དང་ ཨ་ཏི་ཨ་ཏི་ཧཱན་ཚུ་ཨིན། ཕི་ལི་པི་ནོ་ཚུ་ མགྱོནམ་ལུ་སྐྱོང་བཞག་ཅན་ ག་དང་ཡང་ མཐུན་ཏོག་ཏོ་དང་ སྙན་ཆ་ ཁྲབ་གཞས་དང་ བཟའ་འཐུང་ནང་ལུ་ རྩིས་ཁུངས་ཅན་ཅིག་ཡོདཔ་ཨིན་པས།

རཱོ་མཱན་གྱི་ཡེ་ཤུའི་ཆོས་ལུགས་འདི་ ཁྱབ་ཆེ་སུ་ཅིག་དང་ ཁ་ཆེ་པའི་ཆོས་ལུགས་འབད་མི་ཡང་ཡོདཔ་མ་ཚད་ ཧེ་མ་ལས་ཡོད་པའི་ སྔར་ཁྱུན་གྱི་དད་པ་ཡིད་ཆེས་ ཀྱི་ འགྲོ་ལུགས་ཚུ་ཡང་ཡོདཔ་ཨིན། ཕི་ལི་པིནས་འདི་ ཨེ་ཤི་ཡའི་གླིང་ཆེན་གྱི་རྒྱལ་ཁབ་ཚུ་གི་གྲས་ལས་ ས་གནས་ག་ར་གི་ནང་ལུ་ ཡེ་ཤུ་པའི་ཆོས་ལུགས་ ཀྱིས་ གང་ཡོད་མི་ཅིག་ཨིན། རྒྱལ་ཁབ་ནང་ལུ་ རང་བཞིན་གྱི་མཛེས་ཆ་ ཡ་མཚན་ཅན་གྱི་བྱེ་ཐང་དང་ གངས་རི་ དེ་ལས་ རི་དྭགས་སྣ་ཚོགས་ཡོད་པའི་ས་ཆ་ ཅིག་ཨིན། རྒྱལ་ཁབ་ཀྱི་ བྱུང་རབས་ཅན་དང་ སེམས་ལེགས་ཤོམ་ཡོད་པའི་མི་སྡེ་ དེ་ལས་ སྔར་སྲོལ་སྒྲིང་སྒྲི་ཡོད་མི་གིས་ གཞན་དང་མ་འདྲཝ་ཅིག་སྦེ་ ར་མཐོངམ་ཨིན།

གནམ་གཤིས་དང་མཐའ་འཁོར།

ཕི་ལི་པིནས་ལུ་ ཚ་དྲོད་ཆེ་བའི་གནམ་གཤིས་ཡོདཔ་ཨིན། འདི་ནང་ལུ་ དྲོད་ཤུགས་མཐོ་ཤོས་དང་ རློན་གཤེར་ཅན་ དེ་ལས་ ཆར་ཆུ་ཡང་ དུས་ཚོད་ཁར་རྐྱབ་ ཨིན། རྒྱལ་ཁབ་འདི་ནང་ གནམ་དུས་ངོ་མ་གཉིས་ཡོད། རློན་གཤེར་ཅན་གྱི་དུས་ཚོད་ (སྤྱི་ཟླ་ ༦ པ་ལས་ ༧ པ་ཚུན)དང་ ས་སྐམ་རྡོ་སྐམ་གྱི་དུས་ཚོད་ (སྤྱི་ཟླ་ ༡༢ པ་ལས་ ༥ པ་ཚུན) ཨིན། རྒྱལ་ཁབ་འདི་ པེ་སི་ཕིཀ་གི་ མེ་སྒོར་ (Ring of Fire) ནང་ཚུད་དེ་ཡོདཔ་ལས་ འཕྲལ་འཕྲལ་ར་ མཚོའི་རླུང་འཚུབས་དང་ ས་ཡོམས་ དེ་ལས་ བསྐལ་པའི་མེ་རི་གིས་ གནོདཔ་བཀལཝ་ཨིན།

རང་བཞིན་གནས་སྟངས་ནང་ སྐྱེ་ལྡན་རིགས་སྣ་ལེགས་ཤོམ་ཡོདཔ་དང་ ཆར་ཆུ་འབོལ་བའི་ནགས་ཚལ་ བྱུ་རུའི་ཕུང་པོ་དང་ རི་དྭགས་སྣ་ཚོགས་འཁྱམས་ས་ཅིག་ ཨིན། ཨིན་རུང་ གདོང་ལེན་གཅིགཔོ་འདི་ ནགས་ཚལ་ཉམས་པའི་དཀའ་ངལ་ བཙོག་རླུང་གི་དཀའ་ངལ་ ཁྲིམས་འགལ་གྱི་ས་གཏེར་བཏོན་ནི་ཚུ་དང་ གནམ་ གཤིས་འགྱུར་བ་ཚུ་འཐོནམ་ཨིན།  

དཔལ་འབྱོར་དང་ཚོང་འབྲེལ།

ཕི་ལི་པིནས་ལུ་ དཔལ་འབྱོར་ཚུ་ སླ་བསྲེས་ཏེ་ཡོདཔ་ཨིན། འདི་ཡང་ སོ་ནམ་དང་ བཟོ་སྐྲུན་འབད་ནི་ ཞབས་ཏོག་དང་ དངུལ་གཏོང་ལེན་ཚུ་ཨིན། འདི་ནང་ ལས་ ཁྱབ་ཆེ་ཤོས་གཅིགཔོ་འདི་ གློག་ཆས་ཀྱི་བཟོ་གྲྭ་ཁང་དང་ ཚོང་འབྲེལ་བྱ་སྒོའི་འཐོན་ཁུངས་ དེ་ལས་ ལྟ་བཤལ་དང་ གྲུ་ཆེན་བཟོ་སྐྲུན་འབད་ནི་ཚུ་ཨིན། རྒྱལ་ཁབ་ནང་ལས་ ཕྱིར་ཚོང་ཡང་ གཙོ་བོ་ར་ གློག་ཆས་དང་ འཕྲུལ་རིག་ནང་ལུ་དགོ་པའི་ ཅ་ཆས་ཉེ་གློག་ལེན་འཕྲུལ་ (semiconductor)ཚུ་གིས་མ་ ཚད་པར་ གོ་ལའི་རིགས་དང་ ཤིང་འབྲས་བེ་ཏའི་ཐོན་སྐྱེད་ དེ་ལས་ སོ་ནམ་གྱི་འཐོན་ཁུངས་ ཆུམ་དང་ ངང་ལག་ རྒྱ་ནག་ཀོང་ཙེ་ཚུ་ཨིན། ནང་འདྲེན་ ཚོང་རིགས་ཡང་ ས་སྣུམ་དང་ འཕྲུལ་ཆས་ སྐྱེལ་འདྲེན་མཁོ་ཆས་དང་ རང་བཞིན་གྱི་རྩ་བའི་རྒྱུ་ཆ་ཚུ་ཨིན། ཚོང་འབྲེལ་འཐབ་སའི་རྒྱལ་ཁབ་ཡང་ རྒྱ་ནག་དང་ ཡུ་ཨེས་ ཇ་པཱན་དང་ ཡུ་རོབ་ཀྱི་རྒྱལ་ཁབ་ཚུ་ཨིན།

ཤེས་རིག་དང་གསོ་བའི་ལམ་ལུགས།

ཕི་ལི་པནསི་གི་ཤེས་རིག་ལམ་ལུགས་ཡང་ བློ་གསར་ལས་ བཅུ་གཉིས་པ་ཚུན་དང་ གཞི་རིམ་དང་ འབྲིང་རིམ་འདི་ གཞུང་གིས་ རིན་མེད་སྟོང་པ་དང་ ངེས་ པར་དུ་ལྷབ་དགོཔ་ཨིན། གོང་རིམ་གྱི་ཤེས་ཚད་འདི་ གཞུང་སྒེར་གཉིས་ཆ་རའི་ གཙུག་ལག་སློབ་སྡེ་དང་ འཕྲུལ་རིག་སྤེལ་ཁང་ནང་ལས་ཐོབ་ཚུགསཔ་ཨིན། ཨིན་རུང་ ཤེས་རིག་དང་འབྲེལ་བའི་ལས་རིམ་ཚུ་གི་སྤུས་ཚད་འདི་ སྣ་ཚོགས་སྦེ་ཡོདཔ་ལས་ མཐའ་ཟུར་གྱི་ས་གནས་ནང་ལས་ཕར་འདི་ ཧེང་སྐལ་ར་ འཐོན་ ཁུངས་ཉུང་བའི་དཀའ་ངལ་ཡོདཔ་ཨིན།

གསོ་བའི་ལམ་ལུགས་ནང་འབད་རུང་ གཞུང་སྒེར་གྱི་ཞབས་ཏོག་གཉིས་ཆ་ར་ཡོད། གཞི་རྟེན་གྱི་གསོ་བའི་ཞབས་ཏོག་ཚུ་ གཞུང་གིས་གནང་ཡོད་རུང་ སྤུས་ཚད་ ཅན་དང་ འདྲ་མཉམ་སྦེ་མ་འཐོབ་པའི་དཀའ་ངལ་ཚུ་ ཐོན་ཏེ་ར་ཡོད། སྤྱིར་བཏང་ འཕྲོད་བསྟེན་ནང་སྦེ་བ་ཅིན་ ཟས་བཅུད་མེད་མི་དང་ གཅིག་གིས་གཅིག་ལུ་ འབུ་ཉེན་ཆེ་བའི་ནད་གཞི་ དེ་ལས་ མ་བུའི་འཕྲོད་བསྟེན་ཚུ་ཡང་ ཚ་གྱང་ཅན་ཅིག་སྦེ་ར་ཡོད།

དཀའ་ངལ་དང་གདོང་ལེན།

ཕི་ལི་པིནས་རྒྱལ་ཁབ་ནང་ལུ་ དཀའ་ངལ་དང་གདོང་ལེན་ ལེ་ཤ་ཅིག་ར་ཡོད། དཔེར་ན་ དབུལ་ཕོངས་ཀྱི་དཀའ་ངལ་ ལཱ་གཡོག་མེད་པའི་དཀའ་ངལ་དང་ འོང་འབབ་འདྲ་མཉམ་མེད་པའི་དཀའ་ངལ་གྱིས་ མི་ས་ཡ་ལས་བཅསཔ་ལུ་ ཐོ་ཕོགཔ་མ་ཚད་ མཐའ་ཟུར་ནང་ལས་ཕར་ ཧེང་སྐལ་ར་ དཀའ་ངལ་འབྱུངམ་ཨིན། སྲིད་ཚོགས་ནང་ངན་ལྷད་དང་ འཇོན་སྟབས་མེད་པའི་གཞུང་ཚུ་གིས་ ཡར་རྒྱས་གོང་འཕེལ་ནང་ལུ་ ལྷོད་ལྷོད་སྦེ་ལུས་ཏེ་ ཚ་གྱང་ཅན་ཅིག་སྦེ་སྡོདཔ་ཨིན། ལྷག་པར་དུ་ རང་བཞིན་རྐྱེན་ངན་ དཔེར་ན་ མཚོའི་རླུང་འཚུབས་དང་ ས་ཡོམས་ ཆུ་རུད་ ས་རུད་ཚུ་ འཕྲལ་འཕྲལ་སྦེ་ར་ཐོན་ཏེ་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ གནོད་རྐྱེན་རྐྱབ་སྟེ་ མིའི་ཚེ་སྲོག་ལུ་ཡང་བར་ཆད་འབྱུངམ་ཨིན། ད་རུང་ རང་བཞིན་མཐའ་འཁོར་གྱི་དཀའ་ངལ་ ནགས་ཚལ་མར་ཉམས་ནི་དང་ བཙོག་རླུང་ཡར་སེང་འགྱོ་ནི་ དེ་ལས་ གནམ་གཤིས་འགྱུར་བ་ཚུ་གིས་ སྐྱེ་ལྡན་རིགས་སྣ་དང་ འཐོན་ཁུངས་ཚུ་ལུ་ གནོད་ཉེན་སྦོམ་སྦེ་ར་ཡོདཔ་ཨིན། དཀའ་ངལ་སོ་སོ་གཅིགཔོ་འདི་ མི་རློབས་མང་བའི་གདོང་ལེན་ སྣུམ་འཁོར་ཚད་ལས་བརྒལ་བའི་གདོང་ལེན་དང་ སྤྱིར་བཏང་ མི་དམངས་སྐྱེལ་འདྲེན་ཞབས་ཏོག་ མ་ལང་པའི་གདོང་ལེན་ཚུ་ཡོད། གསོ་བའི་ནང་ཨིན་པ་ཅིན་ ག་ར་གིས་ ཞབས་ཏོག་འདྲན་འདྲ་མ་ཐོབ་པའི་དཀའ་ངལ་ཚུ་ཡང་ཡོད།

རྒྱབ་རྟེན་དཔེ་དེབ།

༡. Wikikedia Foundation, Inc. (ཞུན་དག་ ༢༠༢༥/༠༣/༢) ཕི་ལི་པནསི། https://en.wikipedia.org/wiki/Philippines.

༢. BBC News. (༢༠༢༣/༠༧/༥) Philippines Country Profile, https://www.bbc.com/news/world-asia-15521300.

༣. བྷོར་ལ་ཟ་ སི་ གེ་རེ་གོ་རི་ཡ། ཀཱལ་ལི་ནཱེན་ མཱའི་ཀཱལ། “ཕི་ལི་པནསི།” ༡༡/༠༣/༢༠༢༥ https://www.britannica.com/place/Philippines.

༤. Google Earth Pro. (2023) Data SIO, NOAA, U.S. Navy, NGA, GEBCO, Image Landsat/Copernicus, Image IBCAO.

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source: Department of Culture and Dzongkha Development.

"https://dz.wikipedia.org/w/index.php?title=ཕི་ལི་པིནས།&oldid=38439" ལས་ སླར་འདྲེན་འབད་ཡོདཔ།