Jump to content

ཕིན་ལེནཌ།

Wikipedia ལས།

ས་ཆ་ཡོངས་བསྡོམས་ ཀི་ལོ་མི་ཊར་གྲུ་བཞི་ ༣༠༣,༨༩༠ ཡོད་པའི་ ཕིན་ལེནཌ་འདི་ ཡུ་རོབ་བྱང་ཕྱོགས་ལུ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་མས། རྒྱལ་ཁབ་འདི་ ནོར་ཝེ་དང་སུའི་ཌེན་ དེ་ལས་ ཨུ་རུ་སུ་གི་ས་མཚམས་ཚུ་རུབ་སྤྱོད་འབད་དེ་ཡོདཔ་ཨིནམ་དང་ རྒྱལ་ཁབ་འདི་གི་ལྷོ་ཕྱོགས་དང་ ལྷོ་ནུབ་ཕྱོགས་ཁ་ཐུག་ལུ་  བཱལ་ཊིག་རྒྱ་མཚོ་གིས་མཐའ་སྐོར་ཏེ་ཡོདཔ་ཨིན། དེ་དང་གཅིག་ཁར་ རྒྱ་མཚོ་གི་མཚོ་མཐའ་ལུ་གླིང་ཕྲན་ཆུང་ཀུ་ ༡༨༠,༠༠༠ དེ་ཅིག་ཡོདཔ་ཨིནམ་དང་ བྱང་ཕྱོགས་ཐག་རིང་ཅིག་ཁར་ ཕིན་ལེནཌ་གི་མཐའ་ཟུར་གྱི་མངའ་སྡེ་ ལེབ་ལེནཌ་ཟེར་མི་ཡོདཔ་ཨིན།

ཕིན་ལེནཌ་གི་ས་ཆ་འདི་ མང་ཤོས་ཅིག་ར་ཐང་ཨིན་རུང་ ཨེས་ཀེན་ཌི་ནཱ་ཝེན་ཟེར་མི་རི་བོ་འདི་ ནུབ་བྱང་ཚུན་ཁྱབ་ཡོདཔ་ཨིན། ཕིན་ལེནཌ་རྒྱལ་ཁབ་འདི་ ནགས་ཚལ་རྒྱ་སྦོམ་སྦེ་ར་ཁྱབ་སྟེ་ཡོད་པའི་ཁར་ ས་ཆ་བརྒྱ་ཆ་ ༧༠ དེ་ཅིག་ ཤིང་གིས་གང་སྟེ་ཡོདཔ་ཨིན། ཕིན་ལེནཌ་ལུ་ མཚོ་ ༡༨༧,༨༨༨ ཡོདཔ་ལས་མིང་ལུ་ མཚོ་སྟོང་ཕྲག་གི་ས་གཞི་ ཟེར་སླབ་སྲོལ་ཡོདཔ་ཨིན།

རྒྱལ་ཁབ་ནང་མི་རློབས་ ༥,༦༢༣,༣༢༩ ཡོདཔ་དང་ རྒྱལ་ཁབ་ནང་སྡོད་མི་མང་ཤོས་ཅིག་ ཕིན་ལེནཌ་ལུ་སྐྱེས་ཏེ་འཚོ་སྐྱོང་འབད་ཡོདཔ་ལས་ ཧ་ལམ་བརྒྱ་ཆ་ ༩༠ དེ་ཅིག་གིས་ ཕིན་ལེནཌ་གི་ཁ་སྐད་ལག་ལེན་འཐབ་ནི་ཡོདཔ་ཨིན། ཕིན་ལེནཌ་འདི་ ས་མི་མི་སེར་ཚུ་གི་ཕ་ཡུལ་ཨིནམ་དང་ ཧེ་མ་འབད་བ་ཅིན་ས་མི་ཚུ་ལུ་ ལེབསི་ཟེར་སླབ་དོ་ཡོདཔ་ཨིན།

ཕི་ནི་ཤི་གི་ལམ་སྲོལ་མང་ཤོས་ཅིག་ར་ རྒྱལ་ཁབ་འདི་ནང་ལུ་ཡོད་པའི་ ནགས་ཚལ་དང་འབྲེལ་བ་སྦོམ་ཡོདཔ་ཨིན། ཡུ་རོབ་པཱན་གྱི་ལམ་སྲོལ་དང་འཁྲིལཝ་ད་ ཕི་ནིཤི་གི་ནགས་ཚལ་འདི་གནག་དུང་དུ་དང་ འདྲོག་སི་སི་ཅིག་སྦེ་མཐོང་དོ་ཡོདཔ་ཨིན་རུང་ ཕིན་ལེནཌ་གི་མི་སེར་ཚུ་གིས་ ནགས་ཚལ་འདི་ཉེན་སྲུང་ཅན་དང་ དགའ་ཏོག་ཏོ་ཅིག་སྦེ་ བརྩི་མཐོང་དང་ཆ་བཞག་སྦོམ་སྦེ་ར་བསྐྱེད་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ལུ་ ད་རེས་ནངས་པར་ཡང་ ཕིན་ལེནཌ་གི་མི་སེར་མང་ཤོས་ཅིག་གིས་ ཁྲོམ་ཚོགས་ཀྱི་གནས་སྟངས་དང་ འར་འུར་ཡོད་པའི་ས་ཁོངས་ནང་ལས་སྤོ་འགྱོ་ནིའི་དོན་ལུ་ ཤིང་ཁྱབ་ཆེཝ་སྦེ་ཡོད་པའི་ནགས་ཚལ་ནང་ ཁྱིམ་གཉིས་པ་སྦེ་བཟོ་སྟེ་སྡོད་སྲོལ་ཡོདཔ་ཨིན།

ཕིན་ལེནཌ་གི་ལམ་ལུགས་སྲོལ་དགའ་ཤོས་གཅིགཔོ་འདི་ སའུ་ན་ཟེར་མི་འདི་ཨིནམ་དང་ ཕིན་ནིཤ་གི་སའུ་ན་འདི་མང་ཤོས་ར་ སྟག་ཤིང་གི་བཟོ་དོ་ཡོདཔ་ཨིན། མ་གཞི་སའུ་ན་ཟེར་མི་འདི་ མི་ཚུ་ཁང་མིག་གནམ་མེད་ས་མེད་དྲོད་ཡོད་མི་ཅིག་ནང་སྡོད་དེ་ ཆུ་གནམ་མེད་ས་མེད་ཁོད་སི་སི་ཡོད་མི་ནང་མཆོངས་ཞིནམ་ལས་ གཟུགས དྲོད་གྱང་བཅུགཔ་ཨིན། རྒྱལ་ཁབ་འདི་ནང་མི་རློབས་ས་ཡ་ ༥ དེ་ཅིག་འབད་རུང་ ཕིན་ལེནཌ་ནང་ སའུ་ན་ས་ཡ་ ༡.༥ དེ་ཅིག་ཡོདཔ་ཨིན། མི་མང་ཤོས་ཀྱི་ཁྱིམ་ནང་ སའུ་ན་གི་མཐུན་རྐྱེན་འདི་ཡོདཔ་མ་ཚད་ ལས་སྡེ་སྦོམ་ཚུ་གིས་ཡང་ཁོང་རའི་ལཱ་འབད་མི་ཚུ་ལུ་ སའུ་ན་གི་ཞབས་ཏོག་བྱིན་དོ་ཡོདཔ་ཨིན།

ཕིན་ལེནཌ་འདི་ བྱང་ཕྱོགས་ལུ་ཐག་རིང་སར་ཡོདཔ་ལས་ རྒྱལ་ཁབ་ནང་མང་ཤོས་ཅིག་ནང་རང་ ཉིན་མའི་འོད་ཆུ་ཚོད་ ༢༤ དེ་ཅིག་ཐོབ་དོ་ཡོདཔ་ཨིན། དེ་འབདཝ་ད་ གནམ་དགུན་འདི་ གནམ་མེད་ས་མེད་བསིལ་དྲགས་ཡོདཔ་དང་ དུས་ཚོད་འདི་ སྤྱི་ཟླ་ ༡༢ པའི་ནང་ལས་འགོ་བཙུགས་ཏེ་ འཕྲལ་འཕྲལ་སྐབས་སྤྱི་ཟླ་ ༥ པ་ཚུན་ཚོད་ ཉིནམ་མང་ཤོས་ར་ གནག་དུང་དུ་སྦེ་སྡོད་དོ་ཡོདཔ་ཨིན།

ལེབ་རེནཌ་ནང་ ཕིན་ལེནཌ་གི་རྒྱལ་ཡོངས་གླིང་ག་སྦོམ་ཤོས་ཅིག་ཡོདཔ་ཨིནམ་དང་ ལུང་ཕྱོགས་འདི་ནང་ལུ་ བརྒྱ་ཆ་ ༣༠ དེ་ཅིག་ གཞུང་གིས་སྲུང་སྐྱོབ་འབད་དོ་ཡོདཔ་ཨིན། ཕིན་ལེནཌ་གི་ནགས་ཚལ་འདི་ སིཀོཊས་སྟོང་ཕུ་དང་ནོར་ཝེ་ནགས་ཤིང་ དེ་ལས་ སྟག་ཤིང་ཚུ་གི་གང་སྟེ་ཡོདཔ་ཨིན། ས་ཆ་འདི་མང་ཤོས་ཅིག་ར་སྟོངམ་ཡོདཔ་ཨིན་རུང་ ཤཝ་དང་སཱ་མི་མི་སེར་ཚུ་མ་གཏོགས་གཞན་མེདཔ་ཨིན།

ཕིན་ལེནཌ་འདི་ བཙག་འཐུའི་གཞུང་ལྡན་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཅིག་ཨིན། ཨི་ཌུས་ཀུན་ཊ་ཟེར་མིའི་སྤྱི་ཚོགས་འདི་གིས་ ཁྲིམས་བཟོ་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ སྲིད་འཛིན་གྱིས་འགོ་ཁྲིད་འབད་དོ་ཡོདཔ་དང་ སྲིད་འཛིན་འདི་མི་སེར་དང་སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་བཙག་འཐུ་འབད་དོ་ཡོདཔ་ཨིན། དེ་ལས་ སྲིད་འཛིན་གྱིས་ ལྷན་རྒྱས་གཞུང་ཚོགས་ཀྱིས་འགོ་ཁྲིད་འབད་ནིའི་དོན་ལུ་ བློན་ཆེན་བཙག་འཐུ་འབད་དོ་ཡོདཔ་དང་ ལྷན་རྒྱས་གཞུང་ཚོགས་ཀྱིས་གཞུང་སྐྱོང་དོ་ཡོདཔ་ཨིན། བློན་ཆེན་འདི་ གཞུང་སྐྱོང་གི་འགན་ཁུར་འབག་མི་ཅིག་ཨིནམ་དང་ སྲིད་འཛིན་གྱིས་དམག་སྡེའི་འགོ་ཁྲིད་འབདཝ་ཨིན། སྤྱི་ལོ་ ༢༠༠༣ ལུ་ ཡུ་རོབ་ནང་ ཕིན་ལེནཌ་རྒྱལ་ཁབ་འདི་ནང་ སྲིད་འཛིན་དང་བློན་ཆེན་གཉིས་ཆ་ར་ འགོ་དང་པ་ཨམ་སྲུ་ བཙག་འཐུ་གྲུབ་ཡོདཔ་ཨིན།

སྤྱི་ལོ་ ༢༠༠༩ གི་ཧེ་མ་ ཡུ་རོབ་རྒྱལ་ཁབ་ནང་ ཕིན་ལེནཌ་གི་དཔལ་འབྱོར་འདི་ སྒྲིང་སྒྲི་ཅིག་སྦེ་ཡོད་རུང་ རྒྱལ་ཁབ་ནང་ལོ་ན་རྒས་པའི་མི་རློབས་མངམ་ཡོད་མི་ལུ་བརྟེན་ ཚོང་ལཱ་དང་ཚོང་འབྲེལ་ཚུ་མར་ཉམས་ཏེ་ཡོདཔ་ཨིན། ད་རེས་ནངས་པར་ ལས་མི་བརྒྱ་ཆ་ ༧༥ དེ་ཅིག་གིས་ ཞབས་ཏོག་དང་ཚོང་འབྲེལ་གི་ལཱ་ཚུ་འབད་དོ་ཡོདཔ་དང་ དེ་ཡང་ ཟ་ཁང་ཚུ་ནང་ལཱ་འབདཝ་ཨིན། ཨིན་རུང་ རྒྱལ་ཁབ་འདི་ནང་ལུ་བཟོ་སྐྲུན་གི་ལཱ་ གལ་ཆེ་ཤོས་ར་ཤིང་དང་ལྕགས་རིགས་ དེ་ལས་ གློག་འཕྲུལ་གི་ལཱ་ཚུ་འབད་དོ་ཡོདཔ་ཨིན།

སྤྱི་ལོ་ ༧༩༣ ལས ༡༠༦༦ ཝའི་ཀིང་གི་དུས་ལུ་ རྒྱལ་ཁབ་མང་ཤོས་ཅིག་ ཕིན་ཕེནཌ་གི་དོན་ལུ་ དམག་རྐྱབ་ཡོདཔ་དང་ དེ་བསྒང་ ཕིན་ལེནཌ་གི་མི་སེར་ཚུ་གིས་ རཱ་ཤི་ཡ་ལུ་འགྱོ་མི་ ཝའི་ཀིང་ཚུ་དང་གཅིག་ཁར་ པགས་ཀོ་སྤུ་ཅནམ་ཚུ་ཚོང་འབྲེལ་འཐབ་ཡོདཔ་ཨིན། དུས་རབས་ ༡༡ པའི་ནང་ ཝའི་ཀིང་གི་དུས་བསྐལ་འདི་ མཇུག་བསྡུ་བའི་ཤུལ་ལུ་ རཱ་ཤི་ཡ་དང་སུའི་ཌེན་རྒྱལ་ཁབ་གཉིས་ཆ་ར་གིས་ ཕིན་ལེནཌ་འདི་དབང་འཛིན་འབད་ནི་ལུ་དཔའ་བཅམ་ཡོདཔ་ཨིན། ཨིན་རུང་ སྤྱི་ལོ་ ༡༡༢༠ ལུ་ ཀེ་ཐོ་ལིག་ ཡེ་ཤུའི་ལྷ་ཁང་གི་འགོ་འཛིན་གྱིས་ ཕིན་ལེནཌ་རྒྱལ་ཁབ་འདི་ སུའི་ཌེན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་ཨིན་ཟེར་ གསལ་བསྒྲགས་འབད་ནུག། ཕིན་ལེནཌ་རྒྱལ་ཁབ་འདི་ རཱ་ཤི་ཡ་གི་དབང་གཟུང་མ་འབད་བའི་ཧེ་མ་ སྤྱི་ལོ་ ༡༨༠༩ ཚུན་ཚོད་ སུའི་ཌེན་རྒྱལ་ཁབ་ཀྱི་མངའ་འོག་ལུ་སྡོད་ནུག།

ལོ་ངོ་ ༡༠༠ ལྷགཔ་ཅིག་གི་ཤུལ་ལས་ སྤྱི་ལོ་ ༡༩༡༧ ལུ་ རཱ་ཤི་ཡ་གཞུང་རྒོལ་གྱི་ཤུལ་ལས་ ཕིན་ལེནཌ་འདི་ རཱ་ཤི་ཡ་ལས་ རང་དབང་འཐོབ་ཡོདཔ་དང་ དེ་བསྒང་ རཱ་ཤི་ཡ་མི་སེར་ཚུ་གིས་ བཙག་འཐུ་གྲུབ་པའི་གཞུང་གཞི་བཙུགས་འབད་ནིའི་དོན་ལུ་ ཁོང་གི་དབུ་ཁྲིད་འདི་བཏོན་བཏང་ཡོདཔ་ཨིན། དེ་ལས་ཚུར་ ཕིན་ལེནཌ་འདི་ རང་དབང་ཅན་གྱི་རྒྱལ་ཁབ་ཅིག་སྦེ་ར་ལུས་ཡོདཔ་ཨིན།

ཧེལ་སིང་ཀི། Helsinki

ཧེལ་སིང་ཀི་འདི་ ཕིན་ལེནཌ་གི་རྒྱལ་ས་ལྟེ་བ་ཨིནམ་དང་ རྒྱལ་ཁབ་ནང་གྲུ་ཆགས་སའི་ས་གོ་གཙོ་བོ་ཅིག་ཨིནམ་མ་ཚད་ བཟོ་གྲྭ་ལྟེ་བ་ཅིག་ཡང་ཨིན། ཧེལ་སིང་ཀི་འདི་ ཕིན་ལེནཌི་གི་ལྷོ་ཕྱོགས་ལུ་ཆགས་ཡོདཔ་དང་ ཡུ་རོབ་རྒྱལ་ཁབ་ཀྱི་ས་གནས་གཙོ་བོ་ནང་ བྱང་མཐའ་ལུ་ཡོད་པའི་རྒྱལ་ས་ཅིག་ཨིན། ཁྲོམ་ཚོགས་ནང་ཡོད་པའི་ཁྱིམ་མང་ཤོས་ཅིག་ར་ ས་གནས་ཀྱི་ རྡོ་ཁྲ་ཅནམ་ཚུ་ལས་བཟོ་སྟེ་ཡོད་ནི་དེ་གིས་ ཁྲོམ་ཚོགས་འདི་འཕྲལ་འཕྲལ་ར་ བྱང་ཕྱོགས་ཀྱི་ཁྲོམ་དཀརཔོ་ཟེར་སླབ་དོ་ཡོདཔ་ཨིན། ཁྲོམ་གྱི་ས་ཁོངས་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༣,༦༩༧.༥༠ དང་ མི་རློབས་འབད་བ་ཅིན་ ༡,༥༣༦.༨༡༠ ཡོདཔ་ཨིན།

ཧེལ་སིང་ཀི་གི་མཐའ་འཁོར་ལུ་ མི་སེར་ཚུ་ལོ་སྟོང་ཕྲག་ལས་བཅད་དེ་ གཞི་ཆགས་ཏེ་སྡོད་ཡོདཔ་ཨིན། སྤྱི་ལོ་ ༡༥༥༠ ལུ་ སུའི་ཌེན་གྱི་རྒྱལཔོ་ གཱུས་ཊཕ་ཝ་སཱ་གི་བཀའ་རྒྱ་དང་འཁྲིལ་ ཧེལ་སིང་ཀི་ཁྲོམ་སྡེ་འདི་ གཞི་བཙུགས་འབད་ཡོདཔ་ཨིན། སྤྱི་ལོ་ ༡༨༠༨ ལུ་ རཱ་ཤི་ཡ་གིས་ ད་རེས་ནངས་པའི་ ཕིན་ལེནཌ་ལུ་ཡོད་པའི་ས་ཁོངས་ཆ་མཉམ་ དབང་བཟུང་འབད་ཡོདཔ་དང་ ཧེལ་སིང་ཀི་འདི་ རང་དབང་ཅན་གྱི་ལུང་ཕྱོགས་གསརཔ་ཅིག་གི་ རྒྱལ་ས་ལྟེ་བ་སྦེ་བཟོ་ཡོདཔ་ཨིན། སྤྱི་ལོ་ ༡༩༡༧ ལུ་ འཛམ་གླིང་དམག་འཁྲུག་དང་པ་དང་ ར་ཤི་ཡ་གཞུང་རྒོལ་འབད་བའི་སྐབས་ལུ་ ཕིན་ལེནཌ་རྒྱལ་ཁབ་འདི་རང་དབང་ཐོབ་ནུག། དེ་བསྒང་ ཧེལ་སིང་ཀི་འདི་ རྒྱལ་ས་ལྟེ་བ་རྐྱངམ་གཅིག་མེན་པར་ ཕིན་ལེནཌ་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་སྦེ་གནས་ཡོདཔ་ཨིན། སྤྱི་ལོ་ ༡༩༥༢ ལུ་ ཨོ་ལིམ་པིག་རྩེད་འགྲན་འབད་མི་དེ་གིས་ ཧེལ་སིང་ཀི་འདི་ རྒྱལ་སྤྱི་ནང་སྙན་གྲགས་འཐོན་སྟེ་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་མིང་གཏམ་ཡང་ དར་ཁྱབ་སོང་ཡོདཔ་ཨིན།

ཧེལ་སིང་ཀི་ལུ་མཚོ་གླིང་ ༣༡༥ ཡོདཔ་ལས་ གནམ་གཤིས་ཚ་དྲོད་ཡང་ རན་ཏོག་ཏོ་ཡོད་མི་ལུ་བརྟེན་ འཛམ་གླིང་ནང་གི་མི་མང་ཤོས་ཅིག་ར་ ལྟེ་བ་འདི་ནང་འོངམ་ཨིན། ཧེལ་སིང་ཀི་གི་ལྟ་བཤལ་དང་ དཔལ་འབྱོར་ཡར་རྒྱས་འགྱོ་མི་དེ་གིས་ ཁྲོམ་འདི་ གོང་འཕེལ་གཏང་ནི་ལུ་ཕན་ཐོགས་དོ་ཡོདཔ་དང་ ཧེལ་སིང་ཀི་འདི་ཕིན་ལེནཌི་རྒྱལ་ཁབ་ནང་ མི་རློབས་མང་ཤོས་དང་ཁྲོམ་སྦོམ་ཤོས་ཅིག་ཨིནམ་ལས་ ལྟ་བཤལ་དང་མགྲོན་སྐྱོང་གི་ཚོང་འབྲེལ་ནང་ ལཱ་འབད་ནི་གི་དམིགས་གཏད་འགྲུབ་ནི་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོདཔ་ཨིན།[]

  1. https://www.britannica.com/place/Helsinki https://www.myhelsinki.fi/visit/history-of-helsinki/ https://www.youth-hostel.si/en/travelogues/FI/helsinki-or-the-white-city-of-the-north?linksubid=PPC- https://www.helsinki.com/v/city-info/
"https://dz.wikipedia.org/w/index.php?title=ཕིན་ལེནཌ།&oldid=38380" ལས་ སླར་འདྲེན་འབད་ཡོདཔ།