ཕོ་ལེགས་མོ་ལེགས།

Wikipedia ལས།

འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་ འབད་རྩོལ་མེད་པའི་རང་ལུགས་གར་འཆམ་འདི་ སྤྱིར་འབྲུག་རྒྱལ་ཁབ་ནང་རྐྱངམ་གཅིག་ཡོདཔ་ཨིན། གར་འཆམ་དེ་ཚུ་ཡང་ མང་ཆེ་ཤོས་ཅིག་དུས་ཆེན་ཁྱད་འཕགས་ཅན་དང་རྫོང་ཁག་རང་རང་སོ་སོའི་ལམ་སྲོལ་དང་འཁྲིལ་ཏེ་ ཚེས་བཅུའི་སྐབས་གནངམ་མ་གཏོགས་ ་ག་དགའཝ་སྦེ་་གནང་ནི་མེདཔ་ཨིན་མས། ཆོ་ག་གནང་བའི་སྲོལ་འདི་ ཞབས་དྲུང་མ་བྱོན་པའི་ཧེ་མ་ལས་ཡོདཔ་མ་ཚད་ ད་ལྟོ་ཡང་མ་ཉམས་པར་གཞུང་འབྲེལ་གྱི་ཐོག་ལས་གནང་སྟེ་ཡོད།

ཕོ་ལེགས་མོ་ལེགས།

གར་འཆམ་གྱི་ནང་ལས་ ཕོ་ལེགས་མོ་ལེགས་ཀྱི་འཆམ་འདི་ བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐུ་ཚེ་སྔ་མ་ལུ་ ཁོ་རའི་བཙུནམོ་འདི་རྒྱལ་པོ་ནོར་བཟང་ལུ་ཕུལ་ རྒྱལཔོ་དམག་ལུ་འབྱོནམ་ད་ ཡིད་འཕྲོག་ལྷ་མོ་ཡང་གཅིག་ཁར་འགྱོ་ནི་གི་རེ་འདོད་ཡོད་རུང་ རྒྱལཔོགིས་མ་ཁྱིད་པར་སེམས་རྟེན་ཚུ་གནང་སྟེ་ ཕོ་བྲང་ནང་བཞག་པའི་སྐོར་ལས་ ཕོ་མོའི་བར་ན་བརྩེ་གདུང་གི་ཁྱད་ཆོས་སྟོན་པའི་གར་འཆམ་ཅིག་ཨིན་པས། མཁན་པོ་ཉི་མ་ཤར། (༢༠༡༨ ཤོགས་གྲངས་ ༦༤)
འཆམ་འདི་རྐྱབ་པའི་སྐབས་ལུ་ མཛེས་པའི་གྱོན་ཆས་ཚུ་བཞེས་ཏེ་ འཇིག་རྟེན་མཐུན་འཇུག་སྦེ་ཕོ་མོ་ལེགས་པའི་གནམ་འགྱུར་གྱི་ཐོག་ལས་རྐྱབ་དོ་ཡོདཔ་ཨིན། གར་འཆམ་འདི་ དང་པ་ སྐྱེལ་འཆམ་གྱིས་འགོ་བཙུགས་དོ་ཡོདཔ་ཨིན། དེ་ཡང་ ཆོས་རྒྱལ་ནོར་བཟང་དམག་ལུ་འབྱོནམ་ད་ དངོས་ཅན་མི་གིས་ཞབས་སྐྱེལ་དང་དངོས་མེད་བཀའ་སྲུང་དམག་གིས་སྡོང་གྲོགས་ལུ་བྱོན་པའི་ཚུལ་དང འཆམ་མཇུག་སྐྱེལ་འཆམ་གྱིས་མཇུག་བསྡུ་མི་དེ་ཡང་ རྒྱལ་པོ་དམག་ལས་རྒྱལ་ཁ་ཐོབ་སྟེ་འབྱོནམ་ད་ ལྷ་མི་ཡོངས་ཀྱིས་བསུ་བ་འབད་བའི་ཚུལ་སྟོནམ་ཨིན་མས།
ཕོ་ལེགས་མོ་ལེགས་འདི་ ངོ་མ་ར་ བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་སྔ་མ་ མཁན་པོ་ཉི་མ་ཤར། (༢༠༡༨ ཤོག་གྲངས་ ༦༦) ཆོས་རྒྱལ་ནོར་བཟང་དང་ཡིད་འཕྲོག་ལྷ་མོ་གཉིས་ཀྱི་བར་ན་ བརྩེ་བ་ག་དེ་ཅིག་ཡོདཔ་ཨིན་ན་སྟོན་པའི་ཁུངས་དང་ ཚེས་བཅུའི་སྐབས་ཕོ་ལེགས་མོ་ལེགས་གཉིས་སྦེ་ཡོད་མི་འདི་ཡང་ མི་དམངས་ལྟདམོ་ཆེ་ནིའི་དོན་ལུ་དང་ དེ་མ་ཚད་ སྲིད་པའི་རྒན་རྒས་གཉིསཔོ་དེ་ འཇིག་རྟེན་ནང་འབྱུང་སྲིད་པའི་འཛོལ་བ་ ཕོ་མོའི་བར་ན་ཕུང་དཀྲུག་ལས་བརྟེན་འཁོན་གཞི་ཚུད་ནིའི་ཉེན་ཁ་ཡོདཔ་ལས་བརྟེན་ བརྟག་དཔྱད་ལེགས་ཤོམ་སྦེ་འབད་དགོཔ་གལ་ཆེ་བའི་སྐོར་ལས་ དེང་སང་ཕོ་མོ་ཡོངས་ལུ་བསླབ་བྱའི་དོན་སྟོན་པའི་གར་འཆམ་ཅིག་ཨིན་པས། གར་འཆམ་འདི་ལས་བརྟེན་ཏེ་ ང་བཅས་ར་ཕོ་དང་མོ་གི་བར་ན་ བརྩེ་བ་དང་དམ་ཚིག་ཚུ་ངམ་ངམ་ཤུགས་ཀྱིས་སྦེ་ ཚེས་བཅོ་ལྔའི་ཟླཝ་ ལ་ལས་ཤར་ཤརཝ་བཟུམ་སྦེ་ ཚར་གཅིག་བ་ཚར་གཅིག་ཡར་འཕེལ་འགྱོ་ནི་དང ནང་འཁོད་ཀྱི་སྡུག་རྩུབ་ཚུ་རང་བཞིན་གྱིས་ཉམས་འགྱོ་ཚུགས་པའི་ནུས་པ་སྦོམ་ཡོདཔ་ཨིན།
གར་འཆམ་འདི་གིས་ མི་སྡེའི་ནང་ལུ་ཕན་ཐོགས་སྦོམ་ཡོད་པའི་ཁར་ རྒྱལ་ཁབ་ཀྱི་གཞི་རྩ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ཡང་དེ་གིས་འགྲུབ་ཨིན་པས། གར་འཆམ་འདི་ལས་བརྟེན་ཏེ་ ཕོ་མོའི་བར་ན་གི་བརྩེ་བ་དང་ཐ་དམ་ཚིག་བསྐྱེད་དགོཔ་ཁག་ཆེ་ཧེང་དང་ འཆམ་མཐུནམ་གྱི་བར་ན་དཀྲོག་གཏམ་སླབ་སྟེ་ བཟའ་ཚང་ཁ་འཕྱལ་བཏང་བའི་ཉེས་དམིགས་དེ་ལས་ ཕོ་མོ་སོ་སོར་སྦེ་ཁ་བྱལ་ཏེ་ཡུན་རིངམོ་སྦེ་སྡོདཔ་ད་ སྤྱིར་བཟའ་ཚང་དང་ལྷག་པར་དུ་ཨ་ལུ་་ཚུ་ལོག་པའི་ལམ་ལུ་འཇུག་་སྟེ་མི་ཚེ་འཕྲོ་བརླག་གཏང་ནིའི་ཉེན་ཁ་ཡོདཔ་དང་མེད་པའི་རྣམ་གཞག་ཚུ་སྟོན་དོ་ཡོདཔ་ཨིན་པས།
ལྷག་པར་དུ་ ང་བཅས་རའི་ཨའི་འདི་ག་དེ་ཅིག་ཁག་ཆེཝ་ཨིན་ན་ དེ་ཡང་གར་འཆམ་འདི་ནང་ལས་ཧ་གོ་ཚུགས་པས། དེ་ཡང་ འཕགས་པ་བརྒྱད་སྟོང་པ་ལས་ མ་འདིས་བདག་ཅག་བསྐྱེད་པ། འདིས་ནི་བཀའ་བ་བྱེད་པ། བདག་ཅག་གི་སྲོག་བྱིན་པ། འཇིག་རྟེན་ཀུན་སྟོན་པ་ཡིན་ནོ།། ཆོས་རྗེ་བསོད་ནམས་རིན་ཆེན། (༢༠༠༨ ཤོག་གྲངས་ ༡༠༢) ཟེར་གསུང་དོ་བཟུམ་སྦེ། རང་གི་ཨའི་འདི་གིས་ ང་བཅས་ཆུང་པའི་བུ་ཅུང་ལས་་ཆེཝ་གླང་པོ་ཚུན་ ཟས་ཀྱི་ཕུད་དང་བརྩེ་བའི་གོས་བྱིན། རང་ཟ་མ་ནུམ་འཐུང་མ་ནུམ་པར་དཀའ་སྡུགསྲིད་དེ་ བཅུད་མེད་གཉིད་མེད་སྦེ་ཟ་ཁ་འཐུང་ཁ་སླབ་ནི་ཚུ་སྟོན་ཏེ་ བུ་གཞི་མི་གྲལ་ཚུད་ཚུགས་ཚུགས་ ལཱ་ཁག་བཏང་དོ་ཡོདཔ་ཨིན། དེ་འབདཝ་ལས་ གར་འཆམ་ཚུ་ལེགས་ཤོམ་སྦེ་མཇལ་བ་ཅིན་རང་གི་མི་ཚེའི་ནང་ལུ་ དུས་ནམ་ཡང་བླངས་མ་ཚུགས་པའི་ཡོན་ཏན་དང་བྱིན་བརླབས་ཚུ་ཞུ་ཚུགས་པའི་ནུས་པ་སྦོམ་ཡོདཔ་ཨིན་པས།

ཁུངས་གཏུག།[ཞུན་དག།]

  1. མཁན་པོ་ཉི་མ་ཤར། (༢༠༡༨) འབྲུག་གི་ཚེས་བཅུའི་གར་འཆམ་གྱི་བཤད་པ།
  2. ཆོས་རྗེ་བསོད་ནམས་རིན་ཆེན། (༢༠༠༥) ཐར་པ་རིན་པོ་ཆེའི་རྒྱན།
  3. མཁན་པོ་ཉི་མ་ཤར། (༢༠༡༨) འབྲུག་པའི་གར་འཆམ་གྱི་ངོ་སྤྲོད་འཁོར་འདས་ལམ་སྟོན།
"https://dz.wikipedia.org/w/index.php?title=ཕོ་ལེགས་མོ་ལེགས།&oldid=30954" ལས་ སླར་འདྲེན་འབད་ཡོདཔ།