Jump to content

ཕོ་ཤཱན། རྒྱ་ནག། Foshan, China

Wikipedia ལས།
རེན་ཤཱའུ་ལྷ་ཁང་།

༉ ཕོ་ཤཱན་འདི་ གུའང་ཌོང་མངའ་སྡེའི་སྦུག་གི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་ཚོགས་འདི་ གུའང་ཇུ་ལས་ ཀི་ལོ་མི་ཊར་ ༡༦ དེ་ཅིག་གི་ས་ཁར་ཡོདཔ་ཨིནམ་དང་ པརལ་གཙང་ཆུ་གྱེས་སའི་ནུབ་ཕྱོགས་ལུ་ཆགས་ཏེ་ཡོདཔ་ཨིན། པརལ་གཙང་ཆུ་གྱེས་སར་ཆགས་པའི་ནང་ལས་མི་རློབས་མང་ཤོས་ཡོད་སར་ཨིནམ་དང་ ལྷ་ཕྱོགས་རྒྱ་ནག་གི་བྱུང་རབས་ནང་ ཁྲོམ་ལྟེ་བ་ཅིག་ཨིན་པས། ཁྲོམ་ཚོགས་ནང་སྤྱི་ལོ་ ༢༠༢༠ གི་སྙན་ཞུ་དང་འཁྲིལ་ མི་རློབས་ ༩,༤༩༨,༨༦༣ ཡོདཔ་དང་ སའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་ ༣,༨༤༨ དེ་ཅིག་ཡོདཔ་ཨིན། ཁྲོམ་ཚོགས་ནང་བདག་སྐྱོང་གི་རྫོང་ཁག་ ལྔ་ཡོདཔ་ཨིན།  []སྤྱི་ལོ་  ༦༢༨ ལུ་ ཏང་རྒྱལ་བརྒྱུད་(༦༡༨ ལས་ ༩༠༧)ཀྱི་སྐབས་ལུ་ སངས་རྒྱས་ཤཱཀྱ་ཐུབ་པའི་ལི་གི་སྐུ་འདྲ་གསུམ་ གཡུས་མི་ཚུ་གིས་འཚོལ་ཐོབ་ཡོདཔ་ཨིན། []ད་ལྟོ་ཁྲོམ་ཡོད་སར་སྐུ་འདྲ་འཚོལ་ཐོབ་ལས་ ས་གནས་ཀྱི་མིང་ལུ་ཕོ་ཤཱན་ཟེར་བཏགས་མི་དེ་ཡང་ སངས་རྒྱས་ཀྱི་གངས་རི་ཟེར་བའི་དོན་ཨིན་པས།

ཕོ་ཤཱན་འདི་ཚོང་འབྲེལ་གྱི་ལྟེ་བ་ཕུན་སུམ་འཚོག་མི་ཅིག་སྦེ་སྡོད་ཡོདཔ་དང་ཚོང་འབྲེལ་མང་ཤོས་ཆུ་ཐོག་འཐབ་ཡོདཔ་ཨིན། ཁྲོམ་འདི་འཐབ་འཛིང་གི་ལུས་རྩལ་གྱི་གཞི་ཁུངས་ཅིག་ཨིནམ་ལས་ ཀོང་ཕུ་ལྷབ་ས་དང་ཀོང་ཕུའི་མཁས་མཆོག་ཚུ་དེ་ཁར་ལས་གླ་ཁར་ལེན་ཚུགས་ནི་ཨིན། ལམ་སྲོལ་ཡང་ལེགས་ཤོམ་ཡོད་པའི་ཁར་ བཞེས་སྒོ་ཟ་འདོད་ཡོད་མི་ཚུ་གི་དོན་ལུ་ ཁྲོམ་ལེགས་ཤོམ་ཅིག་ཨིན་པས། སེང་གེའི་ཞབས་ཁྲ་དང་ གྲུ་ཐོག་འབྲུག་གི་རྩེདམོ་ཚུ་ཡང་རྐྱབ་སྲོལ་འདུག། རང་ལུགས་སྔར་སྲོལ་གྱི་བཟོ་བཀོད་ཚུ་ཡོད་པའི་དང་ཕུའི་ལྷ་ཁང་ཚུ་ཡོདཔ་མ་ཚད་ བཟོ་བཀོད་ཧ་ལས་སི་སི་ཡོད་པའི་ལིག་ན་ཊེན་ཌི་ཡ་ཡང་དེ་ཁར་ཡོདཔ་ཨིན།་དེ་བཟུམ་སྦེ་སའི་རྫམ་བཟོ་ས་དང་ ཁམས་གསོ་ནིའི་ཡུལ་ ལི་ཡང་ལྡུམ་ར་མཛེས་ཏོག་ཏོ་ཚུ་ཡོདཔ་ཨིན། ལག་བཟོའི་བཟོ་གྲྭ་གི་ཐད་ཁར་རྒྱ་ནག་གི་སི་ར་མིག་ལ་སོགས་པ་ཚུ་བཟོ་སྟེ་ གནམ་མེད་ས་མེད་ཕུན་སུམ་ཚོགས་ཏོག་ཏོ་བྱུང་སྟེ་ཡོདཔ་ཨིན་པས།[] དེ་ལས་ས་གནས་དེ་ཁར་ འཁྲབ་སྟོན་གྱི་དོན་ལུ ཀེན་ཊོ་ནིསི་གི་རོལ་གར་ཡང་ཡོདཔ་ཨིན། དེ་བཞིན་དུ་ ཚོང་ཉོ་བར་འགྱོ་ནི་ཨིན་པ་ཅིན་ ཟུ་མི་བོ་ཚོང་འབྲེལ་གྱི་ཁྲོམ་ལམ་ཟེར་སར་དགའ་ཏོག་ཏོ་དང་གདམ་ཁ་ཆེཝ་སྦེ་ཡོདཔ་ཨིན། དེ་ལས་ སྡེབ་སྤུངས་ཚོང་ཁང་སྦོམ་ཡོད་ས་ལས་རང་གི་མཁོ་འདོད་ལྟར་ ནང་འཁོད་ཀྱི་ལག་བཟོ་དང་ཅ་ཆས་གཞན་ཚུ་ཉོ་འབག་ཚུགས་ནི་ཨིན། དེ་ལས་བཞེས་སྒོ་ཟ་འཐུང་གི་དོན་ལུ་ ཟ་ཁང་ དང་ཇ་ཁང་ འཕྲལ་སྤྱོད་ཟང་ཚུ་ཡང་ཡོདཔ་ཨིན། ཕན་རེལ་ལི་དང་མེ་ ཊོ་ གནམ་གྲུའི་ཐོག་ལས་ཁྲོམ་ཚོགས་དེ་ནང་འགྱོ་ཚུགས་ནི་ཨིན། ཁྲོམ་ཚོགས་ལུ་གནམ་གཤིས་བསིལ་ཏོང་ཏོ་ཡོད་པའི་ཁར་ཆརཔ་འབོལ་དྲགས་སྦེ་རྐྱབ་དོ་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་ཁུངས་དཔེ་དེབ།

  1. ཝི་ཀི་པི་ཌི་ཡ། (༢༠༢༤) ཕོ་ཤཱན། https://simple.wikipedia.org/wiki/Foshan ནང་ལས་ཐོབ་ཡོདཔ་ཨིན།
  2. ཝི་ཀི་པི་ཌི་ཡ། (༢༠༢༥) ཕོ་ཤཱན། https://en.wikipedia.org/wiki/Foshan  ནང་ལས་ཐོབ་ཡོདཔ་ཨིན།
  3. ཅཱའེ་ན་ཧའེ་ལའེཊ། (ལོ་མེད།) ཕོ་ཤཱན་འགྲུལ་སྐྱོད་ལམ་སྟོན།  https://www.chinahighlights.com/foshan/ ནང་ལས་འཐབ་ཡོདཔ་ཨིན།