ཕྱགས་སྙིགས་འཛིན་སྐྱོང་།

Wikipedia ལས།

སྤྱིར་བཏང་ཕྱགས་སྙིགས་ཟེར་མི་འདི་ འཛམ་བུ་གླིང་འདི་ནང་ལུ་ མི་གིས་འབད་བའི་ལས་སྣ་ལུ་བརྟེན་ཏེ་འབྱུང་མི་ མ་དགོ་པའི་རིགས་ཚུ་ལུ་སླབ་ཨིནམ་དང་ འཛིན་སྐྱོང་ཟེར་མི་འདི་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ རང་བཞིན་གནས་སྟངས་དང་ འགྲོ་བ་སེམས་ཅན་དང་མིའི་གཟུགས་ཁམས་ལུ་ཉེན་འཚུབ་འབྱུང་ནི་ལས་བཀག་ཐབས་བཏོན་མི་ལུ་གོཝ་ཨིན། རྒྱ་གར་མཱམ་བཱའི་ལུ་འབད་བ་ཅིན་ ཕྱགས་སྙིགས་འདི་ མི་གི་བྱ་བ་ལུ་བརྟེན་ཏེ་བསྒྲུབས་མི་ བཀག་ཐབས་མེད་པའི་ཐོན་དངོས་ཅིག་ཨིན་ཟེར་ཨིན་པས། (S Rathi 2006).  དེ་སྦེ་སླབ་དགོ་མི་འདི་ཡང་ རྒྱལ་ཁབ་འདི་ཡར་རྒྱས་ཀྱི་གོམ་པ་སྤོ་བའི་བསྒང་འབད་ནི་འདི་གིས་དང་ རྒྱ་གར་ལུ་མི་རློབས་མང་མི་ལུ་བརྟེན་ཏེ་ ཕྱགས་སྙིགས་བཀོ་སའི་ས་གོ་མ་ལང་མི་དང་ ལ་ལུ་ཅིག་གིས་ལེགས་ཤོམ་སྦེ་བཀོ་མ་བཏུབ་པའི་གནད་དོན་ལུ་བརྟེན་ཏེ་ གདོང་ལེན་སྦོམ་འབྱུངམ་ཨིན་པས། ད་རུང་ ཡུ་ནའི་ཊེཌེ་ཨིསི་ཊེཌེ་ལུ་ཡང་ རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་བསྟུན་ཏེ་ ཁྲོམ་སྡེའི་བཟོ་གྲྭ་དང་འབྲེལ་བའི་ཕྱགས་སྙིགས་ཚུ་མང་སུ་སྦེ་འཐོནམ་ཨིནམ་ལས་ སྤྱི་ལོ་ ༢༠༡༧ ལུ་ ཕྱགས་སྙིགས་ཡོངས་བསྡོམས་ཀྱི་ས་ཡ་སྟོང་ཕྲག་གཅིག་ཐོན་ཡི་ཟེར་ཨིན་པས།  དེ་ལུ་ཡང་ ཀེ་ན་ཌ་གི་སློབ་ཕྲུག་ Ebikapade Amasuo & Jim Baird (2016) གིས་ཞིབ་འཚོལ་འབད་ཡོད་མི་དང་འཁྲིལ་བ་ཅིན་ ཕྱགས་སྙིགས་ལུ་ཡང་ཐོན་ཁུངས་དང་བསྟུན་ཏེ་ ཁྱིམ་ནང་ལས་འཐོན་པའི་ཕྱགས་སྙིགས། བཟོ་གྲྭ་དང་འབྲེལ་བའི་ཕྱགས་སྙིགས། སོ་ནམ་དང་འབྲེལ་བའི་ཕྱགས་སྙིགས། ཚོང་ལས་དང་འབྲེལ་བའི་ཕྱགས་སྙིགས། ས་གཏེར་གྱི་ལཱ་དང་འབྲེལ་བའི་ཕྱགས་སྙིགས་ཟེར་དབྱེ་བ་ཕྱེས་ཏེ་ཡོདཔ་དང་ རང་བཞིན་གནས་སྟངས་དང་འཁྲིལ་ཏེ་ཉེན་ཁ་ཅན་གྱི་ཕྱགས་སྙིགས་དང་ ཉེན་ཁ་མེད་པའི་ཕྱགས་སྙིགས་ཟེར་དབྱེ་སྟེ་འདུག། དེ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་འབད་རུང་ བཀྲ་ཤིས་རྣམ་རྒྱལ་གྱིས་ཞིབ་འཚོལ་འབད་མི་འིདཔེ་དེབ་དང་དང་འཁྲིལཝ་ད་ རྒྱལ་ཁབ་འདི་ཆུང་ཀུ་གཅིག་ལས་བརྒལ་མེད་རུང་ ཡར་རྒྱས་འགྱོ་བའི་བསྒང་འབད་ནི་འདི་གིས་ གཞན་རྒྱལ་ཁབ་སྦོམ་དང་དབྱེ་བ་མེད་པར་ ཁྱིམ་ནང་ལས་འཐོན་པའི་ཕྱགས་སྙིགས་དང་ ཕྱི་ཁ་ལས་འཐོན་པའི་ཕྱགས་སྙིགས་ཚུ་གིས་ དཀའ་ངལ་སྦོམ་སྦེ་ར་བྱིན་ཏེ་འདུག་ཟེར་བཀོད་དེ་འདུག།

དེ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ བཟོ་སྐྲུན་གོང་འཕེལ་སྦོམ་སྦེ་ར་འགྱོ་མི་ལུ་བརྟེན་ཏེ་ གོང་འཕེལ་གྱི་ལས་སྣ་ཚུ་གིས་ ཕན་ཐོགས་བརྒྱ་ཆེནམོ་སྦེ་ཡོད་རུང་ དེ་དང་འབྲེལ་བའི་ཕྱགས་སྙིགས་ལུ་བརྟེན་པའི་དཀའ་ངལ་དང་གདོང་ལེན་ཡང་སྦོམ་སྦེ་ར་ཕོགཔ་ཨིན་པས། དེ་ཡང་ S muhle, I Balsam, Cr Cheeseman (༢༠༡༠) གྱིས་འབད་བ་ཅིན་ ཕྱགས་སྙིགས་འདི་ ལེགས་ཤོམ་སྦེ་འཛིན་སྐྱོང་འབད་མ་ཚུགས་མི་ལུ་བརྟེན་ཏེ་ ཕྱགས་སྙིགས་ལས་བྱུང་བའི་བཙོག་རླུང་གིས་ རང་བཞིན་གནས་སྟངས་ལུ་ཕན་པའི་དབུགས་རླངས་འདི་མེདཔ་གཏང་དོ་ཡོདཔ་ལས་ མཐའ་འཁོར་གནས་སྟངས་ལུ་གནོད་སྐྱོན་སྦོམ་རྐྱབ་མས་ཟེར་སླབ་ཨིན་པས། དེ་ཡང་ དང་པ་ལུ་ རུལ་མ་བཏུབ་པའི་ཕྱགས་སྙིགས་ཀྱི་རྫས་སྦྱོར་ལུ་བརྟེན་ཏེ་ ག་ནི་བ་མཛེས་པའི་ཤིང་དང་མེ་ཏོག་ཚུ་ཡང་ཉམས་གཏང་དོ་ཡོདཔ་ལས་ ག་ར་ཚ་གྱང་འབག་དགོཔ་བྱུང་སྟེ་ཡོདཔ་དང་ ལྷག་པར་དུ་ ཤིང་འབྲས་ཀྱི་འབབ་ཁུངས་ལུ་བརྟེན་སྡོད་པའི་ མི་སེར་སོ་ནམ་པ་ཚུ་ལུ་ཐོ་ཕོགཔ་ཨིན་པས། དཔེར་ན་ འབྲུག་རྒྱལ་ཁབ་ལུ་འབད་རུང་ ནུབ་ཕྱོགས་རྫོང་ཁག་ཚུ་ལུ་ཨེ་པཱལ་དང་ ཤར་ཕྱོགས་རྫོང་ཁག་ཚུ་ལུ་འབད་བ་ཅིན་ ཚལ་ལུ་འདི་ འོང་འབབ་ཆེ་བའི་ཤིང་འབྲས་གཙོ་ཅན་ཅིག་ཨིན་རུང་ ད་རེས་ནངས་པ་རྒྱལ་ཁབ་གོང་འཕེལ་ལུ་བརྟེན་ཏེ་ རྒྱལ་ཁབ་མཐའ་དབུས་མེད་པར་སྣུམ་འཁོར་ལམ་དང་ བཟོ་གྲྭ་འཕྲུལ་ཁང་ལེ་ཤ་གཞི་བཙུགས་འབད་ཡོདཔ་ལས་ དེ་ལས་བརྟེན་པའི་བཙོག་རླུང་གིས་ཤིང་ཚུ་ཉམས་ཏེ་ མི་སེར་ཚུ་གི་འཐོན་ཁུངས་འབྱང་སྟེ་ཡོདཔ་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ལུ་ཡང་ཐོ་སྦོམ་ཕོག་སྟེ་ཡོདཔ་ཨིན། དེ་མ་ཚད་ ཕྱགས་སྙིགས་འཛིན་སྐྱོང་འབད་མ་ཚུགས་མི་ལུ་བརྟེན་ཏེ་ འཛམ་གླིང་ནང་ལུ་རི་ཁའི་སེམས་ཅན་ཚུ་གི་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ལུ་ཡང་གནོད་སྐྱོན་འབྱུངམ་ཨིན་པས། (V Ruggiero ༢༠༡༥). དེ་ཡང་ ཕྱགས་སྙིགས་འདི་ག་མནོ་སར་བཀོ་མི་ལུ་བརྟེན་ཏེ་ དེ་གི་རྫས་སྦྱོར་གྱིས་ གནམ་གཤིས་འགྱུར་བ་འགྱོ་ཡོད་མི་ལུ་བརྟེན་ མཐོ་ཚད་སོ་སོ་ནང་གནས་པའི་སེམས་ཅན་ལ་ལུ་ཤི་མི་ལུ་བརྟེན་ ལ་ལུ་ཧེ་མ་བཟུམ་སྦེ་ལྟོ་མ་ཐོབ་པར་ གཡུས་ཁ་ལས་ཕར་འོངས་ཏེ་ མི་དང་སྒོ་ནོར་སེམས་ཅན་ ལོ་ཐོག་ཚུ་ལུ་གནོདཔ་བཀལ་མི་མང་སུ་སྦེ་འཐོན་མི་ཡང་ དེ་ལུ་བརྟེན་ཏེ་ཨིན་པས། དེ་བཟུམ་གྱི་གནོད་པ་འདི་སེམས་ཅན་ཚུ་ལུ་རྐྱངམ་གཅིག་མེན་པར་ འགྲོ་བ་མི་ཚུ་ལུ་ཡང་ གཟུགས་ཁམས་འཕྲོད་བསྟེན་ལུ་གནོད་པ་ཡོདཔ་དང་ ལྷག་པར་དུ་ ཝེག་ཊར་བོན་ཟེར་མི་ནད་གཞི་འཐོབ་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས། (MT Nor Faiza, NA Hassan ༢༠༡༩).

དེ་བཟུམ་གྱི་དཀའ་ངལ་འདི་ རྒྱལ་ཁབ་མཐའ་དབུས་མེད་པར་ ཉིན་ལྟར་བཞིན་དུ་ཐོན་དང་འཐོན་བཞིན་དུ་ཡོདཔ་ལས་ གདོང་ལེན་འབད་ནི་གི་ཐབས་ལམ་ཡང་ རྒྱལ་ཁབ་སོ་སོའི་ནང་ལུ་མ་འདྲཝ་རེ་བཟོ་སྟེ་འདུག། དེ་ཡང་ ཤར་ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་ནང་ལུ་འབད་བ་ཅིན་ ཐོན་རླུང་སྟོང་པའི་ལམ་ལུགས་ཟེར་མི་ཅིག་འགོ་བཙུགས་ཏེ་འདུག། (Uyen Nguyen Mgoc, Hans Schnitzer ༢༠༠༩). དེ་བཟུམ་སྦེ་ར་ ང་བཅས་རའི་དཔལ་ལྡན་འབྲུག་གི་རྒྱལ་ཁབ་ནང་ལུ་ཡང་ ཨ་ཞེ་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གིས་ ངེའི་ཕྱགས་སྙིགས་ངེའི་འགན་འཁུར་ཟེར་བའི་བརྗོད་དོན་གྱི་ཐོག་ལུ་ ཕྱགས་སྙིགས་སྟོང་པའི་དུས་ཚོད་ཟེར་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༢ ལུ་གཞི་བཙུགས་གནང་ཞིནམ་ལས་ཚུར་ ད་ལྟོའི་བར་ན་ཡང་ རྒྱལ་ཁབ་མཐའ་དབུས་མེད་པར་ཉིནམ་འདི་ཁར་ ཕྱགས་སྙིགས་འཐུ་ནིའི་ལས་རིམ་ཚུ་འགོ་འདྲེན་འཐབ་ཨིན། དེ་མ་ཚད་ འབྲུག་གཞུང་གི་ཁ་ཐུག་ལས་ཡང་ བཙོག་གྲིབ་བཀག་ནི་ལས་ལྷག་སྟེ་ ཡུན་བརྟན་གྱི་ཐོན་སྐྱེད་སླར་བཟོའི་མི་སྡེ་བཟོ་ཐབས་ལུ་གཙོ་བོ་བཏོནམ་ཨིན་པས། དེ་མ་ཚད་ འབྲུག་གི་ལོ་ངོ་ལྔའི་འཆར་གཞི་ ༡༢ པའི་ནང་ལུ་ཡང་ དོན་སྨིན་ཅན་གྱི་ཕྱགས་སྙིགས་འཛིན་སྐྱོང་ལུ་གཙོར་བཏོན་ཡོདཔ་དང་ སྤྱི་ལོ་ ༢༠༣༠ གི་ནང་འཁོད་ ཕྱགས་སྙིགས་རྩ་བ་ལས་མེདཔ་བཟོ་ནི་ཟེར་བའི་འཆར་གཞི་ཚུ་ཚུད་དེ་ཡོདཔ་ལས་ གཙང་སྦྲ་དང་ལྡན་པའི་འབྲུག་ཡུལ་ཟེར་བའི་སྡེ་ཚན་ཅིག་ཡང་གཞི་གཙུགས་འབད་དེ་ འབྲུག་གི་ན་གཞོན་ཚུ་གིས་ ཕྱག་སྙིགས་འཛིན་སྐྱོང་འབད་ནི་ལུ་བརྩོན་ཤུགས་སྐྱེདཔ་ཨིན་པས། དེ་སྦེ་འབད་དགོ་མི་ཡང་ གོང་ལུ་བཤད་ཡོད་པའི་ཕྱགས་སྙིགས་དང་འབྲེལ་བའི་དཀའ་ངལ་ཚུ་ལས་གདོང་ལེན་འབད་དེ་ གཙང་སྦྲ་དང་ལྡན་པའི་མཐའ་འཁོར་རྒྱུན་སྐྱོང་འབད་ནི་གི་དོན་ལུ་ཨིནམ་དང་ ལྷག་པར་དུ་ ཕྱགས་སྙིགས་དང་འབྲེལ་བའི་ནད་གཞི་ཚུ་ལས་བཀག་ཚུགས་ཏེ་ སྔར་ག་ཨིནམ་སྦེ་ཞི་བདེའི་ངང་ལུ་གནས་ཐབས་ལུ་དམིགས་ཏེ་ཨིན་ནོ།།

རྒྱབ་རྟེན།

Anand, P. B., 1999. ཕྱགས་སྙིགས་འཛིན་སྐྱོང་།. མཐའ་འཁོར་དང་ཁྲོམ་གྱི་གོང་འཕེལ། 11(2), 161-176.

འབྲུག་རྒྱལ་ཡོངས་གནས་སྡུད་ཡིག་ཚང་། http://www.nsb.gov.bt/publication/download.pho?id

MT Nor Faiza, NA Hassan ཕྱགས་སྙིགས་འཛིན་སྐྱོང་། (JWBM) 2019.

S Rathiརང་བཞིན་དང་དཔལ་འབྱོར་གོང་འཕེལ།, 2007 cambridge.org.

S Muhle, l Balsam,CRCheeseman- Resources, conservation and waste management 2010- Elsevier.

V Ruggiero-green harms and crimes, 2015- springer.