བཀྲ་ཤིས་ཆོས་རྫོང
བཀྲ་ཤིས་ཆོས་རྫོང - རྫོང ཐིམ་ཕུ
བཀྲ་ཤིས་ཆོས་རྫོང་འདི་ ཝང་ཆུ་གི་ མཐའམ་བདའ་སྟེ་ཆགས་ཡོད་པའི་ སྒྲིང་ཁྱིམ་ཚུ་གི་ནང་ལས་ མཛེས་ཤོས་གཅིག་ཨིན།
བཀྲ་ཤིས་ཆོས་རྫོང་འདི་ ༡༦༤༡ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བཞེངས་ཡོདཔ་དང་ ༡༩༦༢ ལུ་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ལོག་བཞེངས་གནང་ནུག།
༡༢༡༦ ལུ་ བླམ་རྒྱལ་བ་ལྷ་སྣང་པ་གིས་ ད་ལྟོ་ བདེ་ཆེན་ཕོ་བྲང་ཡོད་ས་ལུ་ རྡོ་སྔོན་རྫོང་བཞེངས་ཡོདཔ་ཨིན་མས། ཤུལ་ལས་ དུས་རབ་ ༡༧ པ་ ནང་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ འབྲུག་ལུ་འབྱོན་ཞིནམ་ལས་ ལྷ་པ་ཚུ་ཕམ་གཏང་སྟེ་ རྡོ་སྔོན་རྫོང་འདི་ ཞབས་དྲུང་གི་ཕྱག་ལུ་ཚུད་ནུག། ༡༦༤༡ ལུ་ རྡོ་སྔོན་རྫོང་དེ་ ལོག་རྐྱབས་ཞིནམ་ལས་ མིང་ཡང་ བཀྲ་ཤིས་ཆོས་རྫཽང་ཟེར་བཏགས་གནང་ནུག། ༡༦༤༩ ལུ་ སྡེ་སྲིད་བཞི་པ་ བསྟན་འཛིན་རབ་རྒྱས་ཀྱིས་ རྒྱ་བསྐྱེད་མཛད་གནང་ཡོདཔ་དང་ ༡༦༩༨ སྡེ་སྲིད་ལྔ་པ་ དགེ་འདུན་ ཆོས་འཕེལ་གྱི་སྐབས་ལུ་ རྫོང་འདི་ལུ་ མེ་རྐྱེན་འབྱུང་ཏེ་ ལོག་དེ་ ཉམས་བཅོས་འབད་ནུག། སྡེ་སྲིད་ བཅུ་པ་ མི་ཕམ་ དབང་པོ་གིས་ བཀྲ་ཤིས་ཆོས་རྫོང་ནང་ན་ལུ་ བཀའ་རྒྱུད་ལྷ་ཁང་བཞེངས་ཡོདཔ་དང་ ༡༧༤༧ ལུ་ སྡེ་སྲིད་ ༡༣ པ་ ཤེས་རབ་དབང་ཕྱུག་གི་འགོ་འདྲེན་ཐོག་ལས་ རྒྱ་བསྐྱེད་མཛད་གནང་ནུག།
སྡེ་སྲིད་ ༡༦ པ་ བསོད་ནམས་ ལྷུན་སྒྲུབ་དང་ ཇེ་མཁན་པོ་ ཁྲི་རབ་ ༡༣ པ་ ཡོན་ཏན་མཐའ་ཡེ་གི་སྐབས་ལུ་ རྫོང་འདི་ལུ་ ད་རུང་མེ་རྐྱེན་འབྱུང་ཡོདཔ་ལས་ ཁོང་གཉིས་ཀྱིས་ རྫོང་འདི་ད་ལྟོ་ཡོད་ས་ལུ་ བཞེངས་ནིའི་གྲོས་འཆར་བརྩམ་ནུག། ༡༧༧༧ སྡེ་སྲིད་ ༡༨ པ་ འཇིགས་མེད་སེང་གེ་གི་སྐབས་ལུ་ རྫོང་གི་ཀུན་ར་དེ་ གནག་དུང་དུང་སྦེ་ཡོདཔ་ལས་ ཉམས་བཅོས་འབད་ཡོདཔ་མ་ཚད་ སྡེ་སྲིད་ ༢༥ པ་ པདྨ་ཆོས་སྒྲ་གིས་ཡང་ཉམས་བཅོས་འབད་ཡོདཔ་དང་ སྡེ་སྲིད་ ༣༢ པ་ ཕུར་རྒྱལ་གྱིས་ སྐུ་རྟེན་ལེ་ཤ་ཅིག་བཙུགས་གནང་ནུག།
༡༨༦༩ ལུ་ རྫོང་དེ་ལུ་ མེ་རྐྱེན་འབྱུང་ཡོདཔ་ལས་ རྩ་བ་ལས་རང་ཉམས་བཅོས་འབད་དེ་ མི་དབང་ འཇིགས་མེད་ རྡོ་རྗེ་དབང་ཕྱུག་མཆོག་གིས ༡༩༦༢ ལས་ ༡༩༦༩ གི་རིང་ལུ་ རྫོང་འདི་ ཉམས་གསོ་མཛད་གནང་ནུག།
འབྲེལ་མཐུད།
[ཞུན་དག]