བང་ལ་དེཤ།
བང་ལ་དེཤ་འདི་ བེང་གཱལ་གྱི་མཚོ་ཁུག་ནང་ཡོད་པའི་ ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་ཅིག་ཨིནམ་ད་ ཕྱོགས་གསུམ་ལས་ རྒྱ་གར་དང་ ཤར་ལྷོ་ཁ་ཐུག་ལུ་ མའེ་ཡན་མར་ (བཱར་མ་) གི་ས་མཚམས་ཡོདཔ་ཨིན། སའི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་༡༤༧,༥༧༠ དེ་ཅིག་ཡོད་པའི་ རྒྱལ་ཁབ་འདི་ ས་ཆའི་རྒྱ་ཁྱོན་གྱི་ཐད་ལས་ རྒྱལ་ཁབ་སྦོམ་ཤོས་ཨང་༩༢ པ་ཨིན་མས། བང་ལ་དེཤ་འདི་ ཆུང་ཀུ་ཡོད་རུང་ འཛམ་གླིང་ནང་ མི་རློབས་མང་ཆེ་ཤོས་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་དང་ མི་རློབས་ས་ཡ་༡༧༣ དེ་ཅིག་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ ཌ་ཀ།
བང་ལ་དེཤ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་སྡེ་སྦོམ་ཤོས་ ཌ་ཀ་འདི་ རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུ་ བུ་རི་གངྒ་གཙང་ཆུའི་མཐའ་མར་ཆགས་ཡོདཔ་ཨིན། རྒྱ་ཁྱོན་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་༣༠༦ དེ་ཅིག་ནང་ཁྱབ་སྟེ་ཡོདཔ་དང་ སྤྱི་ལོ་༢༠༢༤ ལུ་མི་རློབས་ས་ཡ་༢༢ ལྷགཔ་ཅིག་ཡོདཔ་ལས་ འཛམ་གླིང་ནང་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན།
ཌ་ཀ་ལུ་ གནམ་བྱཱར་ལུ་ གནམ་གཤིས་ཚ་དྲོད་ཆེ་བའི་ཁར་ ཆརཔ་རྐྱབ་དོ་ཡོདཔ་དང་ གནམ་དགུན་ལུ་ཚ་དྲོད་རན་ཏོག་ཏོ་ཡོདཔ་ཨིན་པས། ཁྲོམ་འདི་ནང་ བྱུང་རབས་ལེ་ཤ་ཡོདཔ་དང་ དེ་ཡང་ དུས་རབས་༡༧ པའི་ནང་ མུ་གཱལ་རྒྱལ་ཁམས་ཡོད་པའི་སྐབས་ལུ་ བདག་སྐྱོང་དང་ཚོང་འབྲེལ་ལྟེ་བ་ གཙོ་བོ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན་པས། མི་རློབས་མང་ཤོས་རང་ བེང་གཱ་ལི་ཁ་ཆེ་པ་ཚུ་ཡོདཔ་དང་གིས་ ཧིན་དུ་དང་ ཡེ་ཤུ་པའི་མི་སྡེ་ཆུང་ཀུ་ཚུ་ཡང་ སྡོད་དོ་ཡོདཔ་ཨིན་པས།
བང་ལ་དེཤ་གི་སྲིད་དོན་ལམ་ལུགས་འདི་ སྤྱི་ཚོགས་ཀྱི་ལམ་ལུགས་ཅིག་ཨིནམ་དང་ བློན་ཆེན་གྱིས་ གཞུང་གི་འགོ་ཁྲིད་འབདཝ་ཨིན། ཌ་ཀ་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ དེ་ནང་ བགོ་ལ་དང་གྱོན་ཆས་ དེ་ལས་ སོ་མ་ར་ཙ་ཚུ་རྩིས་ཏེ་ བཟོ་གྲྭ་སྦོམ་ཤོས་ཚུ་ཡོདཔ་ཨིན་པས། ཁྲོམ་སྡེ་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱིས་ རྒྱལ་ཡོངས་དཔལ་འབྱོར་ལུ་ ཕན་ཐོག་སྦོམ་སྦེ་ར་བྱུང་ཡོདཔ་དང་ སྤྱི་ལོ་༢༠༢༣ ལུ་ དྲོ་ལར་ཐེར་འབུམ་༥༢༠ དེ་ཅིག་ལྷོད་ནུག། གཞུང་འབྲེལ་གྱི་སྐད་ཡིག་འདི་ བེང་གཱ་ལི་ཨིནམ་ད་ ཤེས་ཡོན་འདི་ སྐྱེས་ལོ་༡༠ ཚུན་ ངེས་པར་དུ་ལྷབ་དགོཔ་ཨིན་པས།
ཌ་ཀ་འདི་ཡང་ སྒྱུ་རྩལ་དང་རྩོམ་རིག་ དེ་ལས་ སྙན་ཆ་ཚུ་གི་ལྟེ་བ་ཅིག་ཨིནམ་མ་ཚད་ དར་ཁྱབ་ཅན་གྱི་ལམ་སྲོལ་ཡང་ཡོདཔ་ཨིན་པས། ཀིརི་ཀེཊ་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ ལྟ་བཤལ་འདི་ ལཱལ་བཱག་ཕོརཊ་རྫོང་དང་ རྒྱལ་ཡོངས་འགྲེམས་སྟོན་ཁང་བཟུམ་གྱི་ ས་རྟགས་ཚུ་གིས་རྒྱབ་སྐྱོར་འབདཝ་ཨིན།
གནམ་གཤིས་དང་ས་ཆ།
བང་ལ་དེཤ་ལུ་ གནམ་གཤིས་ཚ་དྲོད་དང་ རློན་ཤུགས་ཅན་ དེ་ལས་སྤྱི་ཟླ་༦ པ་ལས་༡༠ པ་ཚུན་ ཆརཔ་རྐྱབ་པའི་གནམ་གཤིས་ཡོདཔ་ཨིན་པས། བང་ལ་དེཤ་གི་ས་ཆའི་ཆགས་ཚུལ་འདི་ གེན་ཇིསི་-བར་མ་པུ་ཏ་ར་མཚོ་གླིང་གིས་ས་ཆ་ཡོདཔ་ལས་ ས་ཐང་བཅུད་ཡོདཔ་ཚོ་ཏོག་ཏོ་དང་ གཙང་ཆུ་ལེ་ཤ་སྦེ་ཡོདཔ་ཨིན། ཨིན་རུང་ ཆུ་རུད་དང་ རང་བཞིན་གྱི་རྐྱེན་ངན་ ལྷག་པར་དུ་ རླུང་འཚུབས་དང་ གཙང་ཆུ་བྲེས་ནིའི་ ཉེན་ཁ་ཡང་ཡོདཔ་ཨིན་པས།
བྱུང་རབས་དང་མི་རིགས།
བང་ལ་དེཤ་གི་བྱུང་རབས་འདི་ ལེ་ཤ་ཅིག་དང་ མགུ་རྙོག་དྲགས་ཅན་ཅིག་སྦེ་ཡོདཔ་ཨིན། སྤྱི་ལོ་༡༩༤༧ ཚུན་ བིརི་ཊིཤ་རྒྱ་གར་གྱི་ཆ་ཤས་ཅིག་ཨིནམ་དང་ དེ་གི་ཤུལ་ལས་ རྒྱ་གར་རྒྱལ་ཁབ་ཁ་ཕྱེ་བའི་ཤུལ་ལས་ ཤར་ཕྱོགས་པཱ་ཀིསི་ཏཱན་ལུ་འགྱུར་ནུག། སྤྱི་ལོ་༡༩༧༡ ལུ་ བང་ལ་དེཤ་གིས་ པཱ་ཀིསི་ཏཱན་དང་གཅིག་ཁར་ རང་དབང་དམག་འཁྲུག་རྐྱབ་པའི་ཤུལ་ལས་ རང་དབང་ཐོབ་ཡོདཔ་ད་ དེ་ལུ་ བང་ལ་དེཤ་རང་དབང་དམག་འཁྲུག་ཟེར་ སླབ་ཨིན་པས། དམག་འཁྲུག་འདི་གིས་ གདུག་རྩུབ་ཅན་གྱི་བྱ་ངན་ལེ་ཤ་ཅིག་ ཁྱབ་སྤེལ་འགྱོ་བའི་ཤུལ་ལས་ སྤྱི་ལོ་ ༡༩༧༡ ཟླ་ ༡༢ ཚེས་ ༡༦ ལུ་ རང་དབང་ཅན་གྱི་ བང་ལ་དེཤ་རྒྱལ་ཁབ་འདི་གཞི་བཙུགས་འབད་ནུག།
མི་རློབས་འདི་ མི་རིགས་གཅིག་མཚུངས་འབད་མི་ཡོདཔ་དང་ མང་ཤོས་ཅིག་རང་(བརྒྱ་ཆ་༩༨) བེང་གཱལ་གི་མི་རིགས་ཚུ་ཨིན་མས། ལྷག་ལུས་བརྒྱ་ཆ་༢ འདི་ དང་ཕུ་ལས་ཡོད་པའི་ས་གནས་ཀྱི་མི་རིགས་ཨིནམ་ད་ འདི་ཚུ་ཅི་ཏ་གོང་སྒང་རི་གི་ས་ཁོངས་ནང་སྡོདཔ་ཨིན་པས།
ཆོས་ལུགས
བང་ལ་དེཤ་ལུ་ ཁ་ཆེ་འདི་ ཡོངས་གྲགས་ཅན་གྱི་ཆོས་ལུགས་ཅིག་ཨིནམ་ད་ མི་རློབས་བརྒྱ་ཆ་༩༠ དེ་ཅིག་གིས་ ཁ་ཆེ་ཟེར་ངོས་འཛིན་འབད་དོ་ཡོདཔ་ད་ མང་ཤོས་ཅིག་རང་ སུ་ནི་སྦེ་བརྩིཝ་ཨིན་མས། དེ་མ་ཚད་ དམིགས་བསལ་གྱིས་ ཁྲོམ་ཚོགས་ཚུ་ནང་ ཧིན་དུ་དང་ ཡེ་ཤུ་ དེ་ལས་ ནང་པའི་ཆོས་ལུགས་ཀྱི་ མི་སྡེ་ཆུང་ཀུ་ཚུ་ཡང་ ཡོདཔ་ཨིན་པས།
སྒྱུ་རྩལ་དང་ལམ་སྲོལ།
བང་ལ་དེཤ་ལུ་ བེང་གཱལ་གྱི་ལམ་སྲོལ་གྱི་སྲོལ་རྒྱུན་ ཤུགས་ཅན་ཅིག་སྦེ་ཡོདཔ་ཨིན། བེང་གཱལ་གྱི་རྩོམ་རིག་དང་སྙན་རྩོམ་ དེ་ལས་ སྙན་ཆ་ཚུ་ འཛམ་གླིང་ནང་ བརྩི་སྲུང་འབད་དོ་ཡོདཔ་ད་ དེ་བསྒང་མིང་ཅན་གྱི་མི་ངོམ་ ར་བིན་ཌར་ནཱཐ་ཊ་གོར་དང་ ཀ་ཟི་ནཱཟ་རུལ་ཨིསི་ལམ་ ཚུ་གིས་ ཡུན་བརྟན་གྱི་ ཕན་ཐོགས་འབད་དེ་ཡོདཔ་ཨིན་པས། ཕོ་སྐྱེས་ཚུ་གི་རང་ལུགས་ཀྱི་གྱོན་ཆས་ནང་ལུ་ པཱན་ཇ་བི་དང་ ལུང་གི་ཕོ་གོ་ ཚུ་གྱོན་དོ་ཡོདཔ་དང་ ཨམ་སྲུ་ཚུ་གིས་ ས་རི་དང་ སཱལ་ཝར་ཀ་མིཛ་ཚུ་གྱོནམ་ཨིན།
རྩེད་རིགས།
བང་ལ་དེཤ་ལུ་ ཀིརི་ཀེཊ་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ རྩེད་རིགས་འདི་ལུ་ དང་འདོད་ཡོད་མི་དང་ དགའ་མི་ལེ་ཤ་ཡོདཔ་ཨིན་པས། རྒྱལ་ཡོངས་ཀིརི་ཀེཊ་སྡེ་ཚན་གྱིས་ རྒྱལ་སྤྱིའི་གནས་ཚད་ནང་ མཐར་འཁྱོལ་བྱུང་ཡོདཔ་ལས་ རྩེད་རིགས་དེ་གིས་ རྒྱལ་ཡོངས་ངོ་རྟགས་བཏོན་ནི་ནང་ འགན་ཁུར་གཙོ་བོ་ཅིག་ འབགཔ་ཨིན་པས། རྐང་རྩེད་དང་ཀ་བཱ་ཌི་ཡང་ ཁྱབ་ཆེཝ་སྦེ་རྩེད་དོ་ཡོདཔ་ཨིན།
གཞུང་སྐྱོང་།
བང་ལ་དེཤ་འདི་ སྤྱི་ཚོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཨིན། བློན་ཆེན་འདི་ གཞུང་གི་འགོ་ཁྲིདཔ་ཨིནམ་དང་ སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་འགོ་ཁྲིདཔ་ཨིན། སྲིད་དོན་གྱི་གནས་སྟངས་ནང་ སྲིད་ཚོགས་གཉིས་ཤུགས་འཐོན་ཡོདཔ་དང་ དེ་ཡང་ བང་ལ་དེཤ་ཨ་ཝ་མི་ལིག་དང་ བང་ལ་དེཤ་རྒྱལ་ཡོངས་སྲིད་ཚོགས་གཉིས་ཨིན་པས། རྒྱལ་ཁབ་ནང་ སྲིད་དོན་བརྟན་ཏོག་ཏོ་མེད་པའི་ གནས་སྟངས་བྱུང་དོ་ཡོདཔ་ད་ དེ་ཡང་ འཕྲལ་འཕྲལ་ར་ གཞུང་སོར་ནི་དང་ སྲིད་དོན་ཚོགས་པ་གཉིས་ཀྱི་བར་ན་ སྟབས་མ་བདེཝ་འཐོན་མི་ལུ་བརྟེན་ཨིན་པས།
ས་གནས་བདག་སྐྱོང་།
རྒྱལ་ས་ཌ་ཀ་འདི་ ཁྲོམ་ཚོགས་སྦོམ་ཤོས་དང་ གཞུང་དང་ཚོང་འབྲེལ་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན། བང་ལ་དེཤ་འདི་ ཌ་ཀ་དང་ ཅི་ཏ་གོང་ དེ་ལས་ ཁུལ་ན་དང་ རཱཇ་ཤ་ཧི་ཚུ་རྩིས་ཏེ་ བདག་སྐྱོང་གི་རྫོང་ཁག་༨ ལུ་དབྱེ་སྟེ་ཡོདཔ་ཨིན།
ཕྱི་འབྲེལ།
བང་ལ་དེཤ་གིས་ ཁྱིམ་ཚང་རྒྱལ་ཁབ་ དམིགས་བསལ་གྱིས་ རྒྱ་གར་དང་གཅིག་ཁར་ ལམ་སྲོལ་དང་དཔལ་འབྱོར་གྱི་ མཐུན་ལམ་གཏིང་ཟབ་ཡོདཔ་ལས་ མཐུན་ལམ་དམ་ཟབ་སྦེ་ བཞག་སྟེ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ རྒྱལ་སྤྱིའི་ཚོགས་པ་ དཔེར་ན་ འཛམ་གླིང་སྤྱི་ཚོགས་དང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཉམ་འབྲེལ་ཚོགས་པ་ དེ་ལས་ འཛམ་གླིང་ཚོང་འབྲེལ་ཚོགས་པ་ཚུ་ནང་འཐུས་མི་དང་ བཅའ་མར་གང་དྲགས་སྦེ་གཏོགསཔ་ཨིན།
སྐད་ཡིག་དང་ལམ་སྲོལ།
བང་ལ་དེཤ་གི་གཞུང་འབྲེལ་སྐད་ཡིག་འདི་ བེང་གཱ་ལི་(བཱང་ལ་) ཨིནམ་ད་ མི་སེར་ཧ་ལམ་ཆ་མཉམ་གྱིས་སླབ་ཨིན། དབྱིན་སྐད་འདི་ཚོང་ལས་དང་གཞུང་གི་ནང་ལུ་ཁྱབ་ཆེཝ་སྦེ་ལག་ལེན་འཐབ་ཨིན། བང་ལ་དེཤ་ལུ་ བྲིས་ལྷག་ཤེས་ཡོན་ཡོད་མི་བརྒྱ་ཆ་༧༥ དེ་ཅིག་ཡོདཔ་ད་ ཤེས་རིག་གི་ལམ་ལུགས་འདི་ ཨ་ལུ་སྐྱེས་ལོ་༡༠ ཚུན་ཚོད་ལུ་ ཤེས་ཡོན་འདི་ རིན་མེད་སྟོང་པར་སྦེ་བྱིན་དོ་ཡོདཔ་ཨིན་མས། སྤྱི་ལོ་༡༩༢༡ ལུ་གཞི་བཙུགས་འབད་མི་ ཌ་ཀ་གཙུག་ལག་སློབ་སྡེ་རྩིས་ཏེ་ གཙུག་ལག་སློབ་སྡེ་ལེ་ཤ་ཅིག་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
བང་ལ་དེཤ་གིས་ འདས་པའི་ལོ་ཚུ་ནང་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་ འགྱོ་སྟེ་ཡོདཔ་ལས་ སྤྱི་ལོ་༢༠༢༣ ནང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཡུ་ཨེས་དྲོ་ལར་ཐེར་འབུམ་༥༢༠ དེ་ཅིག་གུར་ལྷོད་དེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་དེ་ བགོ་ལ་དང་གྱོན་ཆས་བཟོ་གྲྭ་ལུ་ ཤུགས་སྦེ་ར་བརྟེན་དོ་ཡོདཔ་ད་ བཟོ་གྲྭ་དེ་ རྒྱ་ནག་རྒྱལ་ཁབ་ཀྱི་ཤུལ་ལས་ འཛམ་གླིང་ནང་ སྦོམ་ཤོས་ཨང་གཉིས་པ་ཨིནམ་ལས་ ཕྱིར་ཚོང་བརྒྱ་ཆ་༨༠ ལྷགཔ་ཅིག་འབད་དོ་ཡོདཔ་ཨིན་པས། སོ་ནམ་དང་ དམིགས་བསལ་གྱིས་ ཆུམ་དང་ སོ་མ་ར་ཙ་ དེ་ལས་ ཇ་ཐོན་སྐྱེད་ཚུ་གིས་ཡང་ དཔལ་འབྱོར་ནང་ འགན་ཁུར་སྦོམ་སྦེ་ར་ འབག་དོ་ཡོདཔ་ཨིན་པས།
བང་ལ་དེཤ་གི་དངུལ་ལོར་འདི་ བང་ལ་དེཤ་གི་ཏཱ་ཀ་ཨིནམ་ད་ རྒྱལ་ཁབ་འདི་ནང་ དབུལ་ཕོངས་དང་ འོང་འབབ་འདྲ་མཉམ་མེད་པའི་ གདོང་ལེན་ཚུ་ འབྱུང་སྟེ་ཡོད་རུང་ དཔར་འབྱོར་འབྲིང་རིམ་གྱི་མི་རིགས་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན།
བཟོ་གྲྭ་དང་ལས་གཡོག།
བཟོ་གྲྭའི་ལས་ཁུངས་འདི་ བགོ་ལ་དང་རྫས་སྦྱོར་ དེ་ལས་ ཟ་འཐུང་བཟོ་གྲྭ་ཚུ་ཤུགས་འཐོན་སྦེ་ཡོདཔ་ཨིན། ལཱ་གཡོག་དེ་གཙོ་བོ་ར་ སོ་ནམ་དང་ ལུགས་མིན་ལས་སྡེ་ཚུ་ནང་ཨིན་རུང་ རྒྱལ་ཁབ་ནང་ ཞབས་ཏོག་དང་བཟོ་གྲྭ་ལས་སྡེ་ དམིགས་བསལ་དུ་བགོ་ལ་བཟོ་གྲྭ་ཚུ་ནང་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།
དམག་སྡེ།
བང་ལ་དེཤ་ལུ་ དམག་སྡེ་དང་ མཚོ་དམག་ དེ་ལས་ གནམ་དམག་ཚུ་ ལེགས་ཤོམ་སྦེ་ གྲ་སྒྲིག་འབད་དེ་ཡོདཔ་ཨིན་པས། དམག་སྡེ་གིས་ རྒྱལ་ཡོངས་སྲུང་སྐྱོབ་དང་ ཕྱི་རྒྱལ་ལུ་ ཞི་བདེ་སྲུང་སྐྱོབ་ དེ་ལས་ མི་སྡེའི་གྲོགས་རམ་ཚུ་ནང་ ཁག་ཆེ་བའི་ འགན་ཁུར་འབག་ཡོདཔ་ཨིན་པས།
ལྟ་བཤལ།
བང་ལ་དེཤ་ལུ་ ལྟ་བཤལ་འདི་ ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ལས་ རང་བཞིན་གྱི་ལྟ་བཤལ་མཐོང་སྣང་ཚུ་ལས་ བེང་གཱལ་གྱི་སྟག་དང་ སུན་དར་བཱན་ས་ཁོངས་ དེ་ལས་ འཛམ་གླིང་ནང་ལུ་ བྱེམ་གྱི་མཚོ་འགྲམ་རིང་ཤོས་ཅིག་ཨིན་མི་ ཀོགསི་བཱ་ཛར་ཚུ་ཡོདཔ་ཨིན། དེ་མ་ཚད་ ཌ་ཀ་ལུ་ཡོད་པའི་ རྒྱལ་རབས་ཅན་གྱི་ས་ཁོངས་ པ་ཧར་པུར་དང་ ཨ་ཧ་སཱན་མན་ཛིལ་ཕོ་པེ་ལེསི་ཡང་ ཡོངས་གྲགས་སྦེ་ཡོདཔ་ཨིན་པས། གཞུང་གིས་ རྒྱལ་ཁབ་ཀྱི་ རང་བཞིན་མཛེས་ཏོག་ཏོ་དང་ ལམ་སྲོལ་གྱི་སྲོལ་ཁྱུན་ཚུ་ ལག་ལེན་འཐབ་སྟེ་ ལྟ་བཤལ་ལས་སྡེ་ ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་ཨིན་པས།
མཇུག་དོན།
བང་ལ་དེཤ་འདི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ དཔལ་འབྱོར་མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་བའི་ཁར་ གོང་འཕེལ་གྱི་ འོས་འབབ་སྦོམ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན། སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ དབུལ་ཕོངས་ལ་སོགས་པའི་ གདོང་ལེན་ཚུ་ བྱུང་སྟེ་འབད་རུང་ ལས་སྡེ་གཞན་ཚུ་ནང་ ལྡོག་ཤུགས་དང་ཡར་རྒྱས་ཚུ་ འཕྲོ་མཐུད་དེ་འགྱོ་དོ་ཡོདཔ་ཨིན་པས།
རྒྱབ་རྟེན།
https://en.wikipedia.org/wiki/Bangladesh