བཅོམ་ལྡན་འདས་མི་འཁྲུགས་པའི་སྒོ་ནས་རུས་ཆོག།
༄༅། །བཅོམ་ལྡན་འདས་མི་འཁྲུགས་པའི་སྒོ་ནས་རུས་ཆོག་བྱ་ཚུལ་བཞུགས་སོ།།
༈ ན་མོ་གུ་རུ་ཝེ། འདིར་རུས་ཆོག་བྱ་ཚུལ་ནི། མདུན་གྱི་སྟེགས་ཀྱི་ཁར་གཏོར་མ་དང་བུམ་པ་གཅིག་གམ་གཉིས་དྲི་བཟང་དང་འོ་མས་བཀང་ལ་དེའི་མདུན་དུ་མཆོད་པ་དྲུག་ཚར་གསུམ་བཤམས། ཉེ་ལེགས་སུ་སྣོད་གཙང་མའི་ནང་སེང་རས་དཀར་པོ་བཏིང་བའི་སྟེང་དུ་རུས་རྣམས་བཞག །བདག་བསྐྱེད་བཟླས་པ་ཡན་ལག་གཞུང་བཞིན་བཏང་། དེ་ནས་བུམ་བསྐྱེད་ལ་འཇུག་སྔགས་ཕྲེང་བཀོད་ལུགས་ནི། བུམ་ལྷའི་ཐུགས་ཀའི་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་བབ་པས་གང་བར་གྱུར། ཀཾ་ཀ་ནི་ཅི་ནུས་བཟླས་པའི་རྗེས་སུ། བུམ་ལྷའི་ཡེ་ཤེས་པ་རང་གནས་སུ་གཤེགས་དམ་ཚིག་པ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་ཅེས་བརྗོད། ཆ་གསུམ་བཏང་། དེ་ནས་རུས་རྣམས་ཀྱི་སྟེང་དུ་པཾ་ལས་པདྨའི་སྡོང་པོ་དེའི་སྟེང་དུ་ཨ་ལས་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་བབ་པས་ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་བྱང་ཞིང་དག་པར་གྱུར། ན་མོ་རཏྣ་ཏྲ་ཡ༴ སཏཱ་ནཉྩ་ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་ནས་རུས་བུ་རྣམས་བུམ་ཆུས་བཀྲུའོ། །བསྡུས་ན་དེས་ཆོག་གོ །ཞེས་པའང་དགེ་རིན་པས་སོ། །
Reference
དཔལ་ལྡན་འབྲུག་པའི་གསུང་རབ། ༢༠༠༩ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཞལ་འདོན་ཕྱོགས་བསྡེབས་བྱང་ཆུབ་མགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། ཏཱའི་པེ། ཏཱའི་ཝཱན།