བདེ་སྲུང།

Wikipedia ལས།
བདེ་སྲུང་། (Desuups)

༉   བདེ་སྲུང་ལས་རིམ་འདི་འགོ་ཐོག་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ མི་དབང་མཆོག་གིས་སྐྱབས་འཛིན་མཛད་དེ་དབང་འདུས་ཕོ་བྲང་བསྟན་སྐྱོང་གླིང་ལུ་སྦེ་ ཁས་བླངས་པ་ཚུ་ལུ་ རྩ་བའི་རྐྱེན་ངན་ཚབས་ཆེན་གདོང་ལེན་གྱི་སྦྱོང་བརྡར་ཅིག་སྦེ་འགོ་བཙུགས་ནུག། ད་ལྟོ་ཚུན་བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་ ༥༠ འབད་ཡོད་ས་ལས་ ༡༨༣༣༡ འདི་ ཕོ་སྐྱེས་དང་ ༡༡༦༩༤ འདི་ཨམ་སྲུ་སྦེ་ བདེ་སྲུང་ཡོངས་བསྡོམས་ ༣༠,༠༢༥ གིས་སྦྱོང་བརྡར་འབད་ཚར་ཏེ་འདུག། བདེ་སྲུངཔ་ཁས་བླངས་པ་ཟེར་བའི་ལས་རིམ་འགོ་བཙུགས་མི་འདི་ཡང་ མི་དབང་མཆོག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མིའི་སློབ་ཕྲུག་ཚུ་ལུ་ མཇལ་ཕྲད་གནང་པའི་སྐབས་ སློབ་ཕྲུག་ཚུ་གིས་ མི་དབང་མཆོག་ལུ་ང་བཅས་རའི་རྒྱལ་ཁབ་ནང་ ཁས་བླངས་དམག་མི་འགོ་བཙུགས་གནང་ཟེར་ཞུ་བ་ཕུལཝ་ད་ མི་དབང་མཆོག་གིས་ཁས་བླངས་དམག་མི་ག་ཅི་སྦེ་བཙུགས་དགོཔ་ཟེར་གསུངས་མི་ལུ་ སློབ་ཕྲུག་གཅིག་གིས་རྒྱལ་ཁབ་ནང་རྐྱེན་ངན་ས་གཡོམ། མེ་རྐྱེན།  རླུང་འཚུབ་ལ་སོགས་པ་འབྱུང་བ་བཞི་གི་རྐྱེན་ངན་ཚུ་འཐོན་པའི་སྐབས་ གཞན་རྒྱུ་སྟོབས་ཡོད་མི་ཚུ་གིས་རྒྱུ་གི་ཐོག་ལས་གྲོགས་རམ་འབད་རུང་ ང་བཅས་ཚུ་ལུ་རྒྱུ་སྟོབས་མེདཔ་ལས་འབད་མི་ཚུགས་པས། ཨིན་རུང་སྦུངས་ཀྱི་ཐོག་ལས་གདོང་གཟང་སྟེ་ ཞབས་ཏོག་ཞུ་ནི་སྦེ་ཨིན། དེ་འབདཝ་ལས་དེ་བཟུམ་གྱི་རྐྱེན་ངན་སྐབས་ལུ་ གདོང་གཟང་ཞབས་ཏོག་དང་གྲོགས་རམ་འབད་ནིའི་དོན་ལུ་ ཁས་བླངས་དམག་མི་གིས་སྦྱོང་བརྡར་ཅིག་ མི་དབང་མཆོག་གིས་འགོ་བཙུགས་གནང་ཚུགས་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཞུ་བ་ཕུལཝ་བཞིན་དུ་ མི་དབང་མཆོག་གིས་ཡང་ བདེ་སྲུང་འདི་འགོ་བཙུགས་གནང་ནུག། བདེ་སྲུང་འདི་འབྲུག་རྒྱལ་ཁབ་ཀྱི་བདེ་སྐྱིད་སྲུང་མི་ཨིན། བདེ་སྲུངཔ་ཟེར་ངོས་འཛིན་གི་དོན་ལུ་ སྒྲིག་ཆས་ལི་ཝང་དང་ཞྭམོ་ལྗང་ཁུ་གྱོན་དགོ། བདེ་སྲུངཔ་ཚུ་ སྒྲིག་གོ་ལི་ཝང་གྱོན་མི་འདི་ཡང་ ཚོས་གཞི་ལི་ཝང་གིས་ འབྲུག་མི་ཚུ་ག་ར་གཅིག་སྦེ་བཟོ་ནི་དང་ མི་སྡེའི་སྟོབས་ཤུགས་ཡར་རྒྱས་བཟོ་བའི་བརྡ་ལུ་ཨིན་པས།

བདེ་སྲུང་སྦྱོང་བརྡར་འབད་མི་ཚུ་ག་ར་ཁས་བླངས་པ་ཨིནམ་ལས་ བདེ་སྲུངཔ་ཚུ་རྒྱལ་ཁབ་ནང་ཁས་བླངས་ཐོག་ལས་ཞབས་ཏོག་ཞུ་མི་མཐོ་ཤོས་ཅིག་ཨིན། བདེ་སྲུང་པའི་ལཱ་འགན་ཡང་ལེ་ཤ་འདུག། དེ་ཚུ་ཡང་འབྱུང་བ་བཞི་གི་རྐྱེན་ངན་འབྱུང་པའི་སྐབས་ལུ་ ཁས་བླངས་ཐོག་ལུ་ཕྱག་ཞུ་ནི། དེ་ལས་ཆོས་ཕྱོགས་དང་འབྲེལ་བའི་ལས་རིམ་ཚུ་གིས་སྐབས་ལུ་ ཁས་བླངས་སྦེ་ཐོན་ཏེ་ལཱ་འབད་ནི་ཚུ་ཨིན། དེ་གི་ནང་ལས་ཡང་ རྒྱལ་ཁབ་ནང་ནད་ཡམས་ཀོ་ཝིཌ་ ༡༩ ཐོན་པའི་སྐབས་ལུ་ བདེ་སྲུངཔ་ཚུ་གིས་ རང་གི་ཚེ་སྲོག་ལུ་ཡང་མ་ཕངས་པར་ རྒྱལ་ཁབ་དང་མི་སེར་ཚུ་ལུ་ ཞབས་ཏོག་སྦོམ་སྦེ་ར་ཞུ་ཡོདཔ་ཨིན། དེ་ཡང་རྒྱལ་ཁབ་ནང་ ནད་ཡམས་ཐོན་ཏེ་འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ལུ་ སྒྲིག་སྒྲག་གོ་ལི་ཝང་གྱོན་མི་དཔའ་རྩལཔ་ཚུ་གིས་མདུན་གཟང་སྟེ་ཉིན་ནུབ་མེད་པར་ ཆརཔ་དང་ཉིམ་ལུ་མ་འཚེར་བ་ འབྲུག་མི་ཚུ་ནད་ལས་སྲུང་སྐྱོབ་འབདཝ་མ་ཚད་ ཁྱིམ་གུང་ག་རའི་ནང་བཟའ་འཐུང་གི་དཀའ་ངལ་མེད་པར་ ག་ར་ཁྱིམ་གྱི་སྒོ་ཁར་ཚུན་བསྐྱལ་ཏེ་ཞབས་ཏོག་གང་དྲག་སྦེ་ཞུ་ཡི། དེ་གིས་མ་ཚད་པར་ བདེ་སྲུངཔ་ཚུ་གིས་ནད་ཡམས་སྐབས་ལུ་ ལཱ་འགན་ཡང་ས་མཚམས་སྲུང་ནི། གསོ་བའི་ལས་རོགསཔ་ཚུ་ལུ་ནད་གཞི་དཔེ་ཚད་བསྡུ་ལེན་འབད། གཟུར་བཞག་ལྟེ་བ་ཚུ་ནང་ མདུན་གཟང་སྟེ་ཕྱག་ཞུ། ཁྱིམ་གུང་ཚུ་ནང་ཉེ་བར་འཁོ་བའི་ཅ་ཆས་ཚུ་སྐྱེལ་སྤྲོད་དང་ མི་ཚུ་སྤུང་འཛོམས་འབད་མ་བཅུག་པར་ལྟ་རྟོག་འབད་ནི། དེ་ལས་མི་སེར་ཚུ་འགྲོ་འགྲུལ་སྐབས་ལུ་ གྲོགས་རམ་འབད་དེ་ཞབས་ཏོག་ཞུ་ཡི། དེ་འབདཝ་ལས་སྤྱ་ལོ་ ༢༠༢༠ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་འབད་བའི་སྐབས་ བདེ་སྲུངཔ་ཚུ་གིས་ནད་ཡམས་ཀོ་ཝིཌ་༡༩ ལུ་གདོང་ལེན་འབད་དེ་ མདུན་གཟང་སྟེ་ཕྱག་ཞུཝ་ལས མི་དབང་མཆོག་གིས་འབྲུག་ཐུགས་སྲས་ཀྱི་རྟགས་མ་དེ་ བདེ་སྲུང་ཡིག་ཚང་ལུ་གནང་ཡི།

བདེ་སྲུངཔ་ཚ་གིས་ གཞུང་དང་མི་སེར་ལུ་ བདེ་སྲུངཔ་རྒྱལ་ཡོངས་ཞབས་ཏོག་ཟེར་ ད་ལྟོ་ཚུན་ཚོད་ལུ་བདེ་སྲུངཔ་ཚུ་གིས་ རྒྱལ་ཡོངས་ཞབས་ཏོག་ཁག་མ་འདྲཝ་བཞི་དེམ་ཅིག་འབད་དེ་ཡོད། དེ་ཡང་རྒྱལ་ཡོངས་ཆུ་བཏོན་ལས་འགུལ། རྒྱལ་ཡོངས་རོ་ཁྱི་ཚད་འཛིན་ལས་རིམ། ཤིང་ཐོག་གི་ལྕངམ་ས་ཡ་གཅིག་བཙུགས་ནིའི་ལས་རིམ། འཁོར་ལམ་བསལ་ནིའི་ལས་འགུལ་དེ་ཚུ་ཨིན།

བདེ་སྲུངཔ་ཚུ་ལུ་ཡང་ བདེ་སྲུང་རིག་རྩལ་སྦྱོང་བརྡར་ཟེར་ མི་དབང་མཆོག་གིས་བདེ་སྲུངཔ་ཚུ་ག་ཅི་ར་འབད་རུང་ འབད་ཚུགསཔ་བཟོ་ནིའི་དོན་ལུ་ བདེ་སྲུང་རིག་རྩལ་སྦྱོང་བརྡར་ལས་རིམ་ཡང་འགོ་བཙུགས་གནང་ནུག། ལས་རིམ་འདི་མི་དབང་མཆོག་ལས་ བདེ་སྲུངཔ་ཚུ་ལུ་གསོལ་ར་བཟུམ་ཅིག་ཨིན། སྦྱོང་བརྡར་ལས་རིམ་འདི་ནང་ སྦྱོང་བརྡར་ཚུ་དབྱེ་ཁག་སོ་སོ་སྦེ་ བདེ་སྲུངཔ་རང་གི་སྤྲོ་བ་དང་བསྟུན་ སྦྱོང་བརྡར་འབན་ནི་འདུག། སྦྱོང་བརྡར་ལས་རིམ་ཚུ་ཡང་ ཤིང་བཟོ། ལམ་བསལ་ནི། ཆུ་དུང་བཙུགས་ནི། བརྡ་དོན་འཕྲུལ་རིག། མངར་ཟས་བཟོ་ནི། ཚེམ་རྐྱབ་ནི། སྐྱ་བཏོག་ནི། བཟོ་བཟོ་ནི། སྣུམ་འཁོར་གཏང་ནིའི་སྦྱོང་བརྡར་ལ་སོགས་པའི་ གཞན་ཡང་རིག་རྩལ་སྦྱང་བརྡར་ལས་རིམ་ལེ་ཤ་འདུག།

རྒྱབ་རྟེན།

Desuups-The Guardians of peace. (2020, February 14). Retrieved from Daily Bhutan: https://www.dailybhutan.com

Guardian of Peace. (2022, August 14). Retrieved from desuung: https://www.desuung.org.bt

Pem , D. (2016, September 12). Desuung: Guardians of Peace. Retrieved from The Bhutanese: http://thebhutanese.bt

Pem, D. (2020, August 22). Desuups in the service of the nation. Retrieved from thebhutanese: https://thebhutanrse.bt

Wangchuk, K. (2022, May 12). Desuups gaining multi skills through skilling program. Retrieved from bbs: https://bbs.bt

Kings speech for 13th batch Desuung training.

"https://dz.wikipedia.org/w/index.php?title=བདེ་སྲུང།&oldid=31313" ལས་ སླར་འདྲེན་འབད་ཡོདཔ།