Jump to content

བདེན་གཉིས་ཀྱི་སྐོར།

Wikipedia ལས།

བདེན་པ་གཉིས་ལ་དཔྱད་པ་པུན་ཌ་རི་ཀའི་དྲི་བསུང་ཞེས་བྱ་བ་བཞུགས་སོ། །

པུན་ཌ་རི་ཀའི་ཞབས་ལ་མགོས་བཏུད་ནས། །

པུན་ཌ་རི་ཀའི་དྲི་བསུང་སྤེལ་ལ་སྤྲོའོ། །

ནང་དོན་གནད་བསྡུས། དབུ་མའི་གཞུང་ལུགས་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ་བདེན་གཉིས་བརྗོད་གཞིར་བྱས་ནས། དེའི་མཚན་ཉིད་རང་ལུགས་ཀུན་མཁྱེན་ཆེན་པོས་གསུངས་པ་ལ་རང་གཞན་གྱི་བསམ་ཚུལ་དང་། ལོག་པའི་ཀུན་རྫོབ་དེ་ཀུན་རྫོབ་བདེན་པ་ཡིན་མིན་གྱི་སྐོར་ནི་འདིར་གླེང་བར་བྱ་བའི་གཞིའོ། །

བརྡ་ཆད་གཙོ་བོ། ཀུན་རྫོབ་བདེན་པ། དོན་དམ་བདེན་པ། ཐ་སྙད་བདེན་པ། ལོག་པའི་ཀུན་རྫོབ།

འབྲི་དགོས་པའི་དམིགས་ཡུལ།          རྣམ་དཔྱོད་དམན་པས་ཡིན་མིན་འབྱེད་པའི་ཆེད་མ་ལགས། །

                                གཞན་དོན་ཟེར་ཡང་གད་མོའི་གཞི་ལས་གཞན་མ་མཆིས། །

                                དེས་ན་རང་ཉིད་གཞུང་ལུགས་ལྟ་བའི་མིག་འབྱེད་ནས། །

                                ཚིག་དོན་ཙམ་ལའང་རྨངས་པའི་རྨངས་པ་བཟློག་ཕྱིར་བྲིས།


        བདེན་གཉིས་ཀྱི་སྐོར་མདོ་ཙམ་ཞུ་བ་ལ། བདེན་གཉིས་བསྟན་པའི་དགོས་པ། ཀུན་རྫོབ་བདེན་པའི་མཚན་ཉིད་ལ་དཔྱད་པ། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་ཡིན་མིན་ལ་དཔྱད་པ། ཐབས་དང་ཐབས་བྱུང་དུ་འགྲོ་བའི་ཚུལ་དང་བཞི་ལས།

དང་པོ་བདེན་གཉིས་བསྟན་པའི་དགོས་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དགོས་པ་སྤྱིར་བསྟན་པ་ནི། སློབ་དཔོན་གྱིས། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་པར་དབྱེ་བ་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་མི་ཤེས་སོ། །ཞེས་དང་། འཇུག་པ་ལས། དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་གསུངས་པ་ལྟར། བདེན་པ་གཉིས་ཀྱི་རྣམ་དབྱེ་མ་ཤེས་ན་རྣམ་རྟོག་ལོག་པའི་ལམ་ངན་པར་ཞུགས་པ་ཡིན་ཏེ། ཇི་ལྟར་ཞུགས་པའི་ཚུལ་ཡང་། ལས་འབྲས་དང་དཀོན་མཆོག་སོགས་ཐམས་ཅད་མེད་པར་བལྟ་ན་དེ་ནི་ཀུན་རྫོབ་ཐ་སྙད་ཀྱི་རྣམ་བཞག་ལ་དང་འགལ་བར་ཞུགས་པ་ཡིན་ཏེ། དེ་ལ་དགོངས་ནས་རྩ་ཤེར་ལས། གལ་སྟེ་དེ་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱེད་ལ་མེད་པར་ཐལ་བར་འགྱུར། །ཞེས་དང་། འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་གསུངས། གལ་ཏེ་ཆོས་ཐམས་ཅད་བདེན་གྲུབ་ཏུ་བལྟ་ན་དེ་ནི་དོན་དམ་སྟོང་ཉིད་ཀྱི་རྣམ་བཞག་དང་འགལ་བར་ཞུགས་པས། མྱ་ངན་ལས་འདས་པར་བགྲོད་པའི་ཐབས་མེད་པ་ཡིན་ཏེ། དེ་ལ་དགོངས་ནས་འཇུག་པར། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་གསུངས། གནད་བསྡུ་ན་བདེན་གཉིས་ལ་ལྟ་ཚུལ་ངན་པའི་ལོག་པར་རྟོག་པ་བཟློག་པའི་ཕྱིར་བདེན་པ་གཉིས་ཀྱི་རྣམ་བཞག་བསྟན་པ་ཡིན་ནོ། །

གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་ཆོས་ཅན། ཁྱོད་ཀྱི་རྣམ་བཞག་བསྟན་པ་ལ་དགོས་པ་ཡོད་དེ། གནས་ལུགས་དེ་བཞིན་ཉིད་དམ་དོན་དམ་སྟོང་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར། དེ་ཡང་སློབ་དཔོན་སངས་རྒྱས་ཀྱང་གིས། གང་གི་ཕྱིར་ཐ་སྙད་ལ་མ་བརྟེན་པར་དོན་དམ་པ་བསྟན་པར་མི་ནུས་པ་དང་། གང་གི་ཕྱིར་དོན་དམ་པ་མ་བསྟན་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར། ཞེས་དང་། འཇུག་པར། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་དང་། སྤྱི་དོན་རིགས་པའི་སྙིང་པོར། དང་པོ་བླང་དོར་མ་ནོར་བ་ལ་ཞུགས་པ་ཐབས་དང་། ཞེས་གསུངས། དོན་དམ་པའི་བདེན་པ་ཆོས་ཅན། ཁྱོད་ཀྱི་རྣམ་བཞག་བསྟན་པ་ལ་དགོས་པ་ཡོད་དེ། ཡེ་ནས་སྤྲོས་པ་དང་བྲལ་བའི་ཚུལ་གྱིས་གནས་པའི་ཐབས་བྱུང་བླ་ན་མ་མཆིས་པ་ཡིན་པའི་ཕྱིར། དེའང་འཇུག་པར། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས།

ཀུན་རྫོབ་བདེན་པའི་མཚན་ཉིད་ལ་དཔྱད་པ་ལ། གཞན་གྱི་འདོད་པ་བརྗོད་པ་དང་། རང་གི་བསམ་ཚུལ་ཞུ་བ་གཉིས་ལས། དང་པོ་ནི། ཐ་སྙད་བདེན་པ་དང་ཀུན་རྫོབ་བདེན་པ་གཅིག་ཏུ་འདོད་ནས། ལོག་པའི་ཀུན་རྫོབ་ཀུན་རྫོབ་ཀུན་རྫོབ་བདེན་པར་མི་འདོད་པ་དག་གིས། རང་ལུགས་ཀུན་མཁྱེན་ཆེན་པོས་ཀུན་རྫོབ་བདེན་པའི་མཚན་ཉིད། སྣང་ངོར་མི་བསླུ་བའམ་འཁྲུལ་ངོར་མི་བསླུ་བའམ་འཇིག་རྟེན་ཐ་སྙད་དུ་མི་བསླུ་བ། ཞེས་མཚན་ཉིད་ཀྱི་ཟུར་གསུམ་གསུངས་པ་དེ་ལྡོག་ཆའི་ཆ་ནས་ཁྱད་པར་ཡོད་ཀྱང་། མཚན་ཉིད་དོན་གཅིག་ཏུ་འདོོད་ནས་ཀུན་རྫོབ་བདེན་པ་ཡིན་ན་སྣང་ངོར་མི་བསླུ་བ་དང་། འཁྲུལ་ངོར་མི་བསླུ་བ་དང་། འཇིག་རྟེན་ཐ་སྙད་དུ་མི་བསླུ་བ་ཡིན་པས་ཁྱབ་པར་འདོད་དོ། །

ཡང་ཀུན་རྫོབ་བདེན་པ་དང་ཐ་སྙད་བདེན་པ་གཅིག་འདོད་ནས། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པར་མི་འདོད་པ་ཁ་ཅིག་གིས། ཀུན་རྫོབ་ལ་ཀུན་རྫོབ་ཙམ་དང་། ལོག་པའི་ཀུན་རྫོབ་དང་། ཀུན་རྫོབ་བདེན་པ་གསུམ་དུ་དབྱེ་ནས། རང་ལུགས་ཀུན་མཁྱེན་ཆེན་པོས་མཚན་ཉིད་ཀྱི་ཟུར་གསུམ་གསུངས་པ་དེ་བསྡོམས་ནས་ཀུན་རྫོབ་ཀྱི་མཚན་ཉིད་དང་། སོ་སོར་འབྱེད་ན་སྣང་ངོར་མི་བསླུ་བ་དེ་ཀུན་རྫོབ་ཙམ་གྱི་མཚན་ཉིད་དང་། འཁྲུལ་ངོར་མི་བསླུ་བ་དེ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དང་། འཇིག་རྟེན་ཐ་སྙད་ལ་མི་བསླུ་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་འདོད་དོ། །དེའི་ལུགས་ལ་འཇིག་རྟེན་ཐ་སྙད་དུ་མི་བསླུ་བ་ཞེས་པའི་དོན་ཐ་སྙད་ཚད་མས་རྟོགས་བྱར་གྱུར་པའི་ཡུལ་ལ་འདོད་དོ། །

གཉིས་པ་རང་ལུགས་བཞག་པ་ནི། གོང་གི་འདོད་པ་ལ་ཁོ་བོས་དམིགས་བསལ་གྱི་དགག་པ་ཞུ་བར་མ་སྤོབས་ཀྱང་། ཀུན་མཁྱེན་ཆེན་པོས། ཀུན་རྫོབ་བདེན་པའི་མཚན་ཉིད་སྣང་ངོར་མི་བསླུ་བའམ་འཁྲུལ་ངོར་མི་བསླུ་བའམ་འཇིག་རྟེན་ཐ་སྙད་དུ་མི་བསླུ་བ། ཞེས་པའི་གཞུང་ཚིག་ལ་རང་གི་བསམ་ཚུལ་མདོ་ཙམ་ཞུ་བ་ན། ཀུན་མཁྱེན་ཆེན་པོས་མཚན་ཉིད་རྣམ་པ་གསུམ་གསུངས་པ་དེ་གཅིག་ཏུ་བསྡོམ་ན་ཀུན་རྫོབ་བདེན་པའི་མཚན་ཉིད་གཅིག་དང། སོ་སོར་འབྱེད་ན་མཚོན་བྱ་ཐ་དད་ཡོད་དེ། སྣང་ངོར་མི་བསླུ་བ་དེ་འཕགས་པ་ལ་ལྟོས་པའི་ཀུན་རྫོབ་ཙམ་གྱི་མཚན་ཉིད་དང་། འཁྲུལ་ངོར་མི་བསླུ་བ་དེ་སོ་སྐྱེ་ལ་ལྟོས་པའི་ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། འཇིག་རྟེན་ཐ་སྙད་དུ་མི་བསླུ་བ་དེ་ཐ་སྙད་བདེན་པའམ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དོ། །འོན་ཀྱང་འཕགས་པ་མཉམ་བཞག་ཡཻས་ཀྱིས་རྟོགས་བྱར་གྱུར་པའི་གནས་ལུགས་རྣམ་གྲངས་པའི་དོན་དམ་བདེན་པ་དེ་ཀུན་རྫོབ་བདེན་པ་ཡིན་ཡང། དབུ་མ་འཇུག་པའི་གཞུང་གིས་བསྟན་བྱར་གྱུར་པའི་ཀུན་རྫོབ་བདེན་པའི་ཁོངས་སུ་མི་གཏོགས་པ་ནི་གནད་དམ་པའོ། །དེ་ལྟར་ཡིན་པ་ཡང་གང་ལས་ཤེས་སྙམ་ན། དབུ་མ་འཇུག་པས་བསྟན་བྱར་གྱུར་པའི་ཀུན་རྫོབ་བདེན་པ་དེ་ལས་དབྱེ་བ་བཞག་པའི་ཚེ། འཇིག་རྟེན་ཉིད་ལ་ལྟོས་པའི་བདེན་པ་དང་འཇིག་རྟེན་ཉིད་ལ་ལྟོས་པའི་བརྫུན་པ་རྣམ་པ་གཉིས་མ་གཏོགས་མ་དབྱེ་ཞིང་། བྱང་འཕགས་ཀྱིས་གཟིགས་བྱར་གྱུར་པའི་གནས་ལུགས་རྣམ་གྲངས་པའི་དོན་དམ་བདེན་པ་དེ་དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར། དེས་ན་སློབ་དཔོན་ཟླ་བས། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །ཞེས་དང་། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །ཞེས་པའི་ཚིག་བཅད་གཉིས་གསུངས་པ་དེའི་དོན་ལ་ལེགས་པར་བསམ་ན་རྣམ་གྲངས་པའི་དོན་དམ་བདེན་པ་དེ་འཇུག་པར་བསྟན་བྱར་གྱུར་པའི་ཀུན་རྫོབ་བདེན་པ་ཡིན་མིན་ལ་དོགས་པའི་གཞི་མེད་དོ། །དེས་ན་གོང་གི་མཚན་ཉིད་དེས་བསྟན་བྱར་གྱུར་པའི་ཀུན་རྫོབ་བདེན་པ་ནི། གནས་ལུགས་རྟོགས་པའི་ཐབས་སུ་གྱུར་པའི་འཇིག་རྟེན་ཐ་སྙད་ཀྱི་བདེན་པ་དང་། དེའི་མི་མཐུན་ཕྱོགས་སུ་གྱུར་པ་འཇིག་རྟེན་ཐ་སྙད་དུའང་བརྫུན་པའི་ཡུལ་རྣམ་པ་གཉིས་ཡིན་ནོ། །

དེས་ན་རྣམ་གྲངས་པའི་དོན་དམ་བདེན་པ་ནི་འཇུག་པར་བསྟན་པའི་དོན་དམ་བདེན་པའི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་ལའང་སྒྲུབ་བྱེད་ཀྱི་རིགས་པ་མདོ་ཙམ་ཞུ་བར་བྱ་ན། བདེན་པ་གཉིས་ཀྱི་རྣམ་བཞག་ནི་ཐབས་དང་ཐབས་བྱུང་གི་ཚུལ་དུ་བསྟན་དགོས་པ་ནི། འཇུག་པར། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟར་ཡིན་ན་དེ་གཉིས་ཐབས་དང་ཐབས་བྱུང་དུ་འགྲོ་བའི་ཚུལ་ནི་ཀུན་མཁྱེན་ཆེན་པོས་ལམ་ཉིན་མོར་བྱེད་པ་ལས། ཀུན་རྫོབ་ཀྱི་བདེན་པའི་ཐབས་ལས་དོན་དམ་པའི་བདེན་པ་འབྱུང་བས་ཏེ། ཀུན་རྗོབ་ཇི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་ཤིང་། རྣམ་གྲངས་པའི་དོན་དམ་བདེན་པ་དེ་ལ་སྐབས་འདིའི་ཐབས་བྱུང་དོན་དམ་བདེན་པའི་དོན་ཚང་བའི་ཕྱིར་རོ། །

ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་ཡིན་མིན་དཔྱད་པ་ལ། གཞན་གྱི་ལུགས་དགག་པ་དང་། རང་གི་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ལ་། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་མ་ཡིན་པར་འདོད་པའི་ལུགས་བརྗོད་པ་དང་། ཆ་ཤས་ཕྱེ་ནས་འདོད་པའི་ལུགས་བརྫོད་པ་གཉིས་ལས། དང་པོ་ནི། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པར་མི་འདོད་པ་དག་གིས་སྒྲུབ་བྱེད་ཀྱི་ལུང་རིགས་མང་དུ་བཤད་ཀྱང་། གཙོ་བོ་ནི་རིག་པ་གསུམ་གྱི་སྒོ་ནས་བསྒྲུབ་པར་སྣང་ཏེ། རིག་པ་དང་པོ་ནི། ལོག་པའི་ཀུན་རྫོབ་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་བློ་དེས་དེ་ལ་བདེན་པར་ཞེན་པ་མེད་པའི་ཕྱིར། དེའི་སྒྲུབ་བྱེད་ཀྱི་ལུང་ཡང་། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་དང་། རང་འགྲེལ་ལས། ཀུན་རྫོབ་དེས་གང་ཞིག་བདེན་པར་སྣང་ཞིང་རང་བཞིན་མེད་བཞིན་དུ་རང་བཞིན་དུ་སོ་སོར་སྣང་བ་དེ་ནི་འཇིག་རྟེན་ཕྱིན་ཅི་ལོག་ཏུ་བདེན་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་སྟེ། ཞེས་དང་། སློབ་དཔོན་ཛ་ཡ་ཨ་ནན་ཏས་དབུ་མ་ལ་འཇུག་པའི་འགྲེལ་བཤད་ལས། གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ཞེས་བྱ་བ་ནི་གཟུགས་བརྙན་དང་བྲག་ཅ་ལ་སོགས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་ཏེ། བདེན་པར་ཞེན་པ་མེད་པའི་ཕྱིར་རོ། །ཞེས་པའི་ལུང་གིས་སྒྲུབ་པར་བྱེད་དོ། །

དེ་ལ་འདི་ཞུ་བར་བྱ་སྟེ། ཀུན་རྫོབ་བདེན་པ་དང་འཇིག་རྟེན་ཀུན་རྫོབ་བདེན་པ་གཉིས་ལ་ཁྱད་པར་ཡོད་མེད་གང་། ཁྱད་པར་ཡོད་ན། ཀུན་རྫོབ་ཀྱི་བློས་བདེན་པར་ཞེན་པའི་ཆ་ནས་བཞག་པ་དེ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པ་ཡིན་པས་ལོག་པའི་ཀུན་རྫོབ་ལ་སྐྱོན་དེ་མི་གནས་སོ། །དེ་ལྟར་ཡིན་པ་ཡང་འཇུག་པ་རང་འགྲེལ་ལས། ཀུན་རྫོབ་དེས་གང་ཞིག་བདེན་པར་སྣང་ཞིང་རང་བཞིན་མེད་བཞིན་དུ་རང་བཞིན་དུ་སོ་སོར་སྣང་བ་དེ་ནི་འཇིག་རྟེན་ཕྱིན་ཅི་ལོག་ཏུ་བདེན་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་སྟེ། ཞེས་དང་། སློབ་དཔོན་ཟླ་བས་གོང་བའི་རྩ་བ་དེའི་དབུར། དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་བསྟན་པར་བྱ་བའི་ཕྱིར། ཞེས་པའི་ཚིག་དངོས་སུ་གསལ་བས་སོ། །སློབ་དཔོན་ཛ་ཡ་ཨ་ནན་ཏས་གསུངས་པའང་དེ་ལ་དགོངས་སོ། །གལ་ཏེ་དེ་གཉིས་ལ་ཁྱད་པར་མེད་ན། ཀུན་རྫོབ་བདེན་པ་ལ་ཡུལ་ཡུལ་ཅན་ཡང་ལོག་གི་དབྱེ་བ་གཉིས་བཞེད་པ་དང་། འཇིག་རྟེན་ཀུན་རྗོབ་བདེན་པ་ནི་ཀུན་མཁྱེན་ཆེན་པོས། རྣམ་པ་གཅིག་ཏུ་ན། འཇིག་རྟེན་ཀུན་རྗོབ་ཀྱི་བདེན་པ་ཞེས་ཀྱང་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་པ་ལས་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་བར་མཐོང་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་ཙམ་དུ་བདེན་པ་སྟེ། ཞེས་དང་།  རྣམ་པ་གཅིག་ཏུ་ན། རབ་རིབ་དང་ལིང་ཐོག་གི་སྔོན་པོ་དང་། མིག་སེར་ལ་སོགས་པས་དབང་པོ་ཉམས་པས་མཐོང་བ་དང་གྲུབ་མཐའ་ངན་པས་གདགས་པའི་བདག་ལ་སོགས་པ་ཕྱིན་ཅི་ལོག་ཏུ་གནས་པ་དེ་དག་ནི་འཇིག་རྟེན་མ་ཡིན་ཏེ། དེ་དག་གི་ཀུན་རྫོབ་གང་ཡིན་པ་དེ་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་མ་ཡིན་པས། ཞེས་འཇིག་རྟེན་གྱི་ཐ་སྙད་དུ་བདེན་པར་གསུངས་ཤིང་། ལོག་པའི་ཀུན་རྫོབ་དེ་འཇིག་རྟེན་ཀུན་རྫོབ་བདེན་པ་མ་ཡིན་པར་གསུངས་པ་གཉིས་མི་འགལ་ལམ། ལེགས་པར་སོམས་ཤིག ཁོ་བོ་ནི་ཀུན་རྫོབ་བདེན་ལ་ཡུལ་དང་ཡུལ་ཅན་གྱི་ཡང་ལོག་གཉིས་སུ་ཕྱེ་བའི་ལོག་པ་དེ་། འཇིག་རྟེན་ཐ་སྙད་དུའང་བརྫུན་པར་ཁས་ལེན་དགོས་པར་སྣང་བས། ཀུན་རྫོབ་བདེན་པ་དང་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་གཉིས་དོན་གཅིག་ཏུ་ཁས་ལེན་ནུས་པའི་སྤོབས་པ་མ་མཆིས་སོ། །

རིག་པ་གཉིས་པ་ནི། ལོག་པའི་ཀུན་རྫོབ་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་ཏེ། དོན་དམ་བདེན་པའི་ཐབས་སུ་མ་གྱུར་པའི་ཕྱིར། དེ་ཡང་བདེན་པ་གཉིས་སུ་ཕྱེ་བ་ནི་ཐབས་དང་ཐབས་བྱུང་དུ་གྱུར་པའི་སྒོ་ནས་ཕྱེ་བ་ཡིན་པར་འདོད་དོ། །དེ་སྒྲུབ་བྱེད་ཀྱི་ལུང་ནི། །སློབ་དཔོན་གྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་། སློབ་དཔོན་ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་པའི་ལུང་གིས་སྒྲུབ་པར་བྱེད་དོ། །

དེ་ལའང་ཀུན་རྫོབ་བདེན་པ་སྤྱི་ལྡོག་ནས་དོན་དམ་བདེན་པའི་ཐབས་སུ་ཁས་མི་ལེན་པ་འདྲ་སྟེ། སློབ་དཔོན་གྱིས། ཐ་སྙད་ལ་ནི་མ་བརྟེན་པར། །ཞེས་དང་། དཔལ་ལྡན་ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་གསུངས་ཀྱི། ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང་། ཞེས་མ་གསུངས་པའི་ཕྱིར། དེས་ན་སངས་རྒྱས་ཀྱིས་ཀུན་རྫོབ་བདེན་པ་བསྟན་ཞེས་པའང་། ཀུན་རྫོབ་བདེན་པ་ཐ་དག་བསྟན་མི་དགོས་ཀྱི་དོན་དམ་བདེན་པའི་ཐབས་སུ་གྱུར་པའི་ཀུན་རྫོབ་བདེན་པ་དེ་བསྟན་དགོས་པ་ཡིན་ཏེ། དེ་ལ་དགོངས་ནས་སློབ་དཔོན་གྱིས། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཞེས་གསུངས་པའི་ཕྱིར།

རིག་པ་གསུམ་པ་ནི། ལོག་པའི་ཀུན་རྫོབ་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་ཏེ། མ་རིག་པའི་ལིང་ཐོག་གིས་བློའི་མིག་ཁེབས་པའི་དབང་གིས་སྣང་བ་མ་ཡིན་པའི་ཕྱིར། །དེའི་སྒྲུབ་བྱེད་ཀྱི་ལུང་ནི། འཇུག་པ་རང་འགྲེལ་ལས། གཞན་ནི་སོ་སོ་སྐྱེ་བོའི་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱི་མཐོང་བ་བརྫུན་པའི་སྟོབས་ལས་བདག་གི་ཡོད་པ་རྙེད་པ་ཡིན་ཏེ། ཞེས་པའི་ལུང་གིས་སྒྲུབ་པར་བྱེད་དོ། །

དེ་ལ་ཁོ་བོས་ཐག་ཆོད་པའི་ལན་ཞིག་ཞུ་བར་མ་སྤོབས་ཀྱང་། ལོག་པའི་ཀུན་རྫོབ་དེ་མཐའ་གཅིག་ཏུ་མ་རིག་པའི་ལིང་ཐོག་གིས་བློའི་མིག་ཁེབས་པའི་དབང་གིས་སྣང་བ་མ་ཡིན་པའང་ཁས་ལེན་ནུས་པ་དཀའ་སྟེ། སློབ་དཔོན་ཛ་ཡ་ཨཱནནྡས། གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ཞེས་བྱ་བ་ནི་གཟུགས་བརྙན་དང་བྲག་ཅ་ལ་སོགས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་ཏེ། བདེན་པར་ཞེན་པ་མེད་པའི་ཕྱིར་རོ། །དོན་དམ་པའི་བདེན་པའང་མི་འགྱུར་ཏེ། གཏི་མུག་གི་དབང་གིས་སྣང་བའི་ཕྱིར་རོ། །ཞེས་ལོག་པའི་ཀུན་རྫོབ་ཀྱི་བསྡུས་པའི་ཆོས་ལའང་གཏི་མུག་གི་དབང་གིས་སྣང་བ་ཡོད་པར་གསུངས་པའི་ཕྱིར། ཡིན་ཡང་ཁོ་བོའི་བསམ་ཚུལ་ཅུང་ཟད་ཞུ་བར་བྱ་ན། ཀུན་རྫོབ་སྣང་བྱེད་ཀྱི་རྐྱེན་དེ་ལ་གཏི་མུག་དང་གནས་སྐབས་ཀྱི་འཁྲུལ་རྒྱུ་རྣམ་པ་གཉིས་ལས། ལོག་པའི་ཀུན་རྫོབ་ནི་ཕྱི་མ་གནས་སྐབས་ཀྱི་འཁྲུལ་རྒྱུས་སྣང་བ་ཡིན་པར་འདྲ། དེ་ལྟར་འཇོག་པ་ལ་གོང་གི་རིགས་པས་གནོད་པ་མེད་དེ། གོང་དུ་འཇུག་པ་རང་འགྲེལ་གྱི་ལུང་དོན་ནི་ཀུན་རྫོབ་བདེན་པ་དེ་ལ་ཡང་ལོག་གི་ཁྱད་པར་རྣམ་པ་གཉིས་གསུངས་པའི་སྔ་མ་ལ་དགོངས་པའི་ཕྱིར་རོ། །

གཉིས་པ་ལོག་པའི་ཀུན་རྫོབ་ལ་ཆ་ཤས་ཕྱེ་ནས་འདོད་པའི་ལུགས་བརྗོད་པ་ནི། ཁ་ཅིག ལོག་པའི་ཀུན་རྫོབ་ལ་ཡུལ་དང་ཡུལ་ཅན་གྱི་ཆ་གཉིས་སུ་ཕྱེ་བའི་དང་པོ་ནི་ཐ་སྙད་བདེན་པ་མ་ཡིན་ཏེ། ཁྱོད་རྟོགས་པའི་ཐ་སྙད་ཚད་མ་མེད་པའི་ཕྱིར། གཉིས་པ་ནི་ཐ་སྙད་བདེན་པ་ཡིན་ཏེ། ཁྱོད་རྟོགས་པའི་ཐ་སྙད་ཚད་མ་ཡོད་པའི་ཕྱིར་ཏེ། རང་རིག་མངོན་སུམ་དང་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་རྟོགས་པའི་ཕྱིར། ཞེས་འདོད་དོ། །ལུགས་དེ་ལའང་གྲུབ་མཐའི་ཁྱད་པར་འབྱེད་མ་ཤེས་པའི་སྐྱོན་དང་། ཡུལ་དང་ཡུལ་ཅན་ལྟོས་འཇོག་མ་ཡིན་པར་ཐལ་བ་དང་། རང་རིག་ཁས་ལེན་པས་གཞན་དབང་བདེན་གྲུབ་འགོག་བྱེད་ཀྱི་རིག་པ་མི་འཐད་པར་ཐལ་བ་སོགས་སྐྱོན་གྱི་འཕྲེང་བ་མང་དུ་སྣང་ཡང་རེ་ཞིག་བཏང་སྙོམས་སུ་བྱའོ། །

གཉིས་པ་རང་ལུགས་བཞག་པ་ནི། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་ཡིན་པ་ནི་གཞུང་རྩ་བའི་དགོངས་པ་ཡིན་པར་སྣང་སྟེ། རྩ་བར་བདེན་པ་གཉིས་ཀྱི་ངོ་བོ་བསྟན་པར་བཞེད་ནས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གསུངས་ཤིང་། དེའི་རང་འགྲེལ་དུ། མཐོང་བ་ཡང་དག་པའི་ཡུལ་གང་ཡིན་པ་དེ་ནི་དེ་ཉིད་དེ། དེ་ནི་དོན་དམ་པའི་བདེན་པའོ། །ཞེས་དང་། མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོ་བ་ཀྱི་བདེན་པའོ། །ཞེས་གསུངས། སྐབས་འདིའི་མཐོང་བ་བརྫུན་པ་དེ་ལའང་སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་དང་། སྐྱོན་མེད་དབང་ཅན་རྣམས་ཀྱི་ཤེས་པ་གཉིས་དང་། དེའི་ཡུལ་ཡང་འཇིག་རྟེན་ཉིད་ལས་བདེན་པ་དང་ལོག་པའི་ཡུལ་གཉིས་ཡོད་པར་བསྟན་པའི་ཕྱིར། མཐོང་བ་བརྫེན་པའང་རྣམ་པ་གཉིས་འདོད་དེ། །ཞེས་པའི་ཚིགས་སུ་བཅད་པ་གཅིག་དང་། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གསུངས་པ་ཡིན་པས། གཞུང་རྩ་བར་ལེགས་པར་བསམ་ཞིབ་བྱ་ན་ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་ཡིན་མིན་ལ་དོགས་པའི་གཞི་མེད་དོ། །

དེར་མ་ཟད་མཐོང་བ་བརྫུན་པ་དེ་ལ་ཡང་ལོག་གཉིས་སུ་ཡོད་པ་དེ་གཞུང་རྩ་བའི་དགོངས་པ་ཡིན་པ་གང་ཞིག མཐོང་བ་བརྫུན་པའི་ཡུལ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པའི་ཕྱིར། དེ་ནི་སློབ་དཔོན་ཟླ་བའི་དགོངས་པ་དྲི་མ་མེད་པ་ཡིན་ཏེ། འཇུག་པ་རང་འགྲེལ་ལས། མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་གསུངས་པའི་ཕྱིར། ཀུན་མཁྱེན་ཆེས་པོས་ཀྱང་དེ་ལྟར་དུ་བཞེད་པ་ཡིན་ཏེ་ཀུན་རྫོབ་བདེན་པའི་མཚན་ཉིད་བཤད་ནས། ཡུལ་ཅན་ཡང་ལོག་གཉིས་དང་། ཡུལ་ཡང་ལོག་གཉིས་དེའི་དབྱེ་བར་བསྟན་པའི་ཕྱིར་།  མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །ཞེས་པའི་ཚིགས་སུ་བཅད་པ་གཉིས་པོ་དེ་དྲངས་པ་ཡིན་པའི་ཕྱིར།

བཞི་པ་ཐབས་དང་ཐབས་བྱུང་འགྲོ་ཚུལ་ནི། ཁ་ཅིག འཇུག་པར་བསྟན་པའི་ཐབས་དང་ཐབས་བྱུང་དེ་རྣམ་འགྲེལ་གྱི་དགོངས་པ་གཞིར་བཟུང་ནས་ཐབས་བྱུང་སངས་རྒྱས་ཀྱི་ཡཻས་ཁོ་ནར་འདོད་དོ། །དེར་དཔྱད་ན་དཔལ་ལྡན་ཨ་ཏི་ཤས་བདེན་གཉིས་ལ་འཇུག་པར། ཀུན་རྫོབ་ཇི་ལྟར་སྣང་བ་དེ། །རིགས་པས་བརྟགས་ན་འགའ་མ་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་ཤིང་། ལུང་དེས་རང་ལུགས་ཀུན་མཁྱེན་ཆེན་པོའི་ལུགས་ལ་བདེན་གཉིས་ཐབས་ཐབས་བྱུང་དུ་འགྲོ་ཚུལ་བསྟན་པར་བཞེད་པ་ནི་ལམ་ཉིན་མོར་བྱེད་པ་ལས་གསལ། དེ་ལྟར་ཡིན་ན་བྱང་འཕགས་ཀྱིས་གཟིགས་བྱར་གྱུར་པའི་གནས་ལུགས་དེ་རིགས་པས་དཔྱད་ན་མ་རྙེད་པའི་ཆོས་ཉིད་དེ་ཡིན་མིན་གང་། དང་པོ་ལྟར་ན་དེ་ཡང་ཐབས་བྱུང་གི་དོན་ཚང་བས་ཐབས་བྱུང་དུ་ཁས་ལེན་པ་ལ་གནོད་བྱེད་མ་མཐོང་ཞིང་། གཉིས་པ་ལྟར་ན་བྱང་སེམས་འཕགས་པས་མཐའ་བཞི་དང་བྲལ་བའི་གནས་ལུགས་མ་རྟོགས་པར་ཐལ་བས་སྙིང་པོ་མེད་དོ། །དེས་ན་རྣམ་འགྲེལ་ལས་བཤད་པའི་ཐབས་དང་ཐབས་བྱུང་ནི་ཡུལ་ཅན་གྱི་ཆར་འཆད་དགོས་ཤིང་། འཇུག་པར་བཤད་པའི་ཐབས་ཐབས་བྱུང་ནི་གཙོ་བོ་ཡུལ་གྱི་ཆར་འཆད་དགོས་པས་བཤད་ཚུལ་མི་འདྲ་ལ། ཁས་ལེན་ཚུལ་ཡང་མི་འདྲ་བས་དེ་གཉིས་གཅིག་ཏུ་ཁས་ལེན་དགོས་པའི་དགོས་པ་མ་མཐོང་ངོ། །དེ་ལྟར་མིན་ཐལ་འགྱུར་པའི་དགོངས་པར་ཀ་བ་དང་བུམ་པ་ལ་སོགས་ཐ་སྙད་ཀྱིས་བསྡུས་པའི་ཆོས་དེ་ཐབས་སུ་ཁས་ལེན་མི་ནུས་པར་འགྱུར་ཏེ། རྣམ་འགྲེལ་ལས་བཤད་པའི་ཐ་སྙད་ཚད་མ་དེ་མ་ཡིན་པའི་ཕྱིར་རོ། །དེས་ན་རང་ལུགས་ཀུན་མཁྱེན་ཆེན་པོའི་རྗེས་འབྲང་དུ་ཞལ་གྱིས་བཞེད་པ་དག་གིས་ཐལ་འགྱུར་པའི་གཞུང་ལུགས་ལས་བཤད་པའི་ཐབས་ཐབས་བྱུང་གི་དོན་གོང་གི་ལུང་དོན་ལ་གཟིགས་རྟོག་བྱུང་ན་མ་ཤེས་པའི་གནས་མེད་དོ། །[] []


པུན་ཌ་རི་ཀའི་དྲི་བསུང་སྤེལ་བའི་དགེས། །

སྐལ་ལྡན་བུང་བའི་ཚོགས་རྣམས་ཚིམས་འགྱུར་ཅིག །

གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་ཀུན་བཟང་སྟོབས་རྒྱས་མིང་པས་བྲིས་པའོ། །

སྤྱི་ཚེས་ ༢༩/༠༧/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

རྒྱབ་རྟེན་ཡིག་ཆ།

[ཞུན་དག]
  1. [༡]
  2. [༢]