Jump to content

བརམ་ཊོན།

Wikipedia ལས།

ངོ་སྤྲོད།

བརམ་ཊོན་འདི་ ཀེ་ན་ཌ་རྒྱལ་ཁབ་ནང་གི་ ཨོན་ཀྲེ་རིའོ་མངའ་སྡེ་ནང་ལུ་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན། སྤྱི་ལོ་༢༠༢༡་གི་མི་རྩིས་གྲངས་རྩིས་དང་འཁྲིལ་བ་ཅིན་ ཁྲོམ་ཚོགས་དེ་ནང་ལུ་མི་རློབས་ཡོངས་བསྡོམས་ ༦༥༦༤༨༠ ཡོདཔ་སྦེ་གསལ་སྟོན་ཡོད་མི་དང་འཁྲིལ་བ་ཅིན་ བརམ་ཊོན་འདི་མི་རློབས་ཀྱི་ཚད་གཞི་དང་འཁྲིལཝ་དང་ཀེ་ན་ཌའི་རྒྱལ་ཁབ་ནང་ལུ་ཡོད་མིའི་ཁྲོམ་ཚོགས་ཚུ་ལས་ཨང་༧་པ་ཨིན་མས། བརམ་ཊོན་ཁྲོམ་ཚོགས་འདི་ཕྱོགས་བཞི་ལུ་ཁྲོམ་ཚོགས་བཞི་གིས་སྒོར་དེ་ཡོདཔ་ཨིན། དེ་ཡང་ ཤར་ཁ་ཐུག་ལུ་ ཝ་གཱན་ཁྲོམ་ཚོགས་དང་ལྷོ་ཁ་ཐུག་ལུ་མི་སི་སའུ་ག་ཁྲོམ་ཚོགས་དེ་ལས་ནུབ་ཁ་ཐུག་ལུ་ཀེ་ལི་ཌོན་ཁྲོམ་ཚོགས་དང་མཇུག་བྱང་ཁ་ཐུག་ལུ་ཧེལ་ཊན་ཧིལསི་ཁྲོམ་ཚོགས་ཚུ་ཨིན།

མིང་དེ་ཡང་ ཨིང་ལེནཌ་རྒྱལ་ཁབ་ནང་ཡོད་མི་ཁྲོམ་བརམ་ཊོན་ཟེར་མི་ཅོག་འཐེདཔ་སྦེ་བཏགས་བཏགསཔ་ཨིན་མས། བརམ་ཊོན་འདི་ཧེ་མ་གཡུས་མཚན་ཅིག་སྦེ་སྡོད་ཡོདཔ་ཨིན་རུང་ཤུལ་ལས་སྤྱི་ལོ་༡༩༧༤་ལོ་ལུ་ཁྲོམ་ཚོགས་ལུ་འགྱུར་ནུག དེ་ཡང་ཁྲོམ་དང་གཡུས་སྒོ་ཆུང་ཀུ་ཚུ་གཅིག་ཁར་བསྡོམས་སྟེ་བཟོ་ཡོདཔ་ཨིན་མས། ཚར་གཅིག་བརམ་ཊོན་ཁྲོམ་ཚོགས་འདི་གིས་ ཀེ་ན་དའི་མེ་ཏོག་གི་ཁྲོམ་ཟེར་བའི་སྙན་གྲགས་ཡང་ཐོན་སོང་ནུག དེ་སྦེ་ཐོན་དགོ་མི་དེ་ཡང་ཧེ་མ་༡༩༦༠་གྲངས་ལུ་ས་ཁོངས་དེ་ཁར་གི་མི་ཚུ་གི་སྔོ་ཚལ་ཤེལ་ཁྱིམ་ཤུགས་སྦེ་ལག་ལེན་འཐབ་པ་ལེ་བརྟེན་བྱུང་ནུག བརམ་ཊོན་ཁྲོམ་གྱི་ས་ཆའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་༢༦༥.༨༩ ཨིན་མས།

མི་རློབས།

ཀེ་ནེ་ཌའི་མི་རློབས་གྲངས་རྩིས་ལྟེ་བ་གི་གསལ་སྟོན་འབད་མི་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༡་ལུ་ བརམ་ཊོན་ལུ་མི་རློབས་ ༦༥༦༤༨༠ ཐོན་ནུག་ དེ་ཡང་སྤྱི་ལོ་༢༠༡༦་དང་འཁྲིལཝ་དང་བརྒྱ་ཆ་༡༠་༦་ གི་ཡར་སེང་འགྱོ་ཡོདཔ་སྦེ་བཀོད་དེ་འདུག སའི་རྒྱ་འཁོན་ཀི་ལོ་མི་ཊར་གྲུ་བཞི་ ༢༦༥་༨༩ ཨིནམ་ལས་ མིའི་སྟུག་ཚད་དེ་ ཀི་ལོ་མི་ཊར་རེ་ནང་ མིའི་གྱངས་ཁ་ ༢༤༦༩་ སྦེ་ཐོན་ཡོདཔ་ཨིན་མས། མིའི་གྱངས་ཁ་ཡར་སེང་འགྱོ་མིའི་གྲང་སུ་ལས་ བརམ་ཊོན་ཁྲོམ་ཚོགས་དེ་མགྱོགས་དྲག་སྦེ་འགྱོ་མིའི་གྲལ་ཁར་ཚུདཔ་ཨིན་མས།

སྤྱི་ལོ་༢༠༢༡་གི་མིའི་གྲངས་རྩིས་དང་འཁྲིལ་བ་ཅིན་ བངམ་ཊོན་ལུ་སྡོད་མིའི་མི་རིགས་ཚུ་གི་གྲལ་ལས་ ལྷོ་ཨེ་ཤི་ཡ་གི་མི་རྒྱུད་དེ་མང་སུ་ཅིག་སྦེ་ཐོན་ཏེ་འདུག དེ་ཡང་མི་རློབས་ཡོངས་བསྡོམས་ལས་བརྒྱ་ཆ་ ༥༢་༤་ དེམ་ཅིག་ཁོང་ཨིན་མས། གཞན་མི་འབད་བ་ཅིག་ ཨི་རོ་པི་ཡན་གྱི་མི་བརྒྱ་ཆ་ ༡༨་༩ དེ་ལས་ མི་རིགས་ནགཔོ་ཚུ་བརྒྱ་ཆ་༡༣་༡་ དེ་ལས་ཕི་ལི་པི་ནོ་བརྒྱ་ཆ་ ༣་༢་དེ་ལས་ལེ་ཊིན་ཨ་མི་རི་ཀན་བརྒྱ་ཆ་༢་༡་ཤར་ལྷོ་ཨེ་ཤི་ཡ་གི་མི་བརྒྱ་ཆ་ ༡་༤་དེ་ལས་རྒྱ་མི་༡་༡་དེ་ལས་ནུབ་ཨེ་ཤི་ཡ་༡་༡་དང་ཨ་རབ་ཀྱི་མི་རིམས་བརྒྱ་ཆ་༡་ཨིན་མས།

ཆོས་ལུགས།

སྤྱི་ལོ་༢༠༢༡་གི་མི་རྩིས་གྲངས་རྩིས་དང་འཁྲིལཝ་ད་ ཁྲོམ་ཚོགས་འདི་ནང་ལུ་ མི་རློབས་དཔྱ་མང་ཤོས་ཅིག་ཡི་ཤུ་པའི་ཆོས་གྲུབ་མི་འབད་ཐོན་ནུག དེ་ཡང་བརྒྱ་ཆ་ལས་ཕབ་པ་ཅིན་བརྒྱ་ཆ་ ༣༥་༧་ དེམ་ཅིག་ཨིན་མས། དེ་གི་ཤུལ་མ་རང་ སི་ཁི་ཟམ་ཟེར་མི་ཆོས་ལུགས་གྲུབ་མི་ཨིན་མས་དེ་མི་རློབས་བརྒྱ་ཆ་ ༡༧་༣ དེམ་ཅིག་གིས་འབད་དོ་ཡོདཔ་ཨིན་མས། གསུམ་པའམ་འདི་ཧིན་དྷུའི་ཆོས་ལུགས་འབད་མི་ བརྒྱ་ཆ་ལས་དཔྱ་༡༨་༡་ཨིན་མས། ཨིས་ལམ་དེ་བརྒྱ་ཆ་ལས་དཔྱ་༩་༡་ དེ་ལས་ཉུང་ཤོས་རང་ནང་པའི་ཆོས་ལུགས་གྲུབ་མི་བརྒྱ་ཆ་ལས་དཔྱ་༡་༡ ཨིན་མས། ཊོ་རོན་ཊོ་ཨོན་ཊ་རི་ཡོ་ཟེར་མི་ཡི་ཤུ་པའི་ལྷ་ཁང་རྩ་ཅན་འདི་ཡང་བརམ་ཊན་ལུ་ཆགས་ཏེ་ཡོདཔ་ཨིན།

དཔལ་འབྱོར།

བརམ་ཊོན་ལུ་ཚོང་སྡེ་ཁག་ཆེ་ཏོག་ཏོ་ལེ་ཤ་ཡོད་པའི་གྲལ་ལས་ མཁའ་འགྲུལ་བཟོ་སྐྲུན་འབད་སའི་ལྟེ་བ་ དེ་ལས་གཱ་མ་ཌའི་ན་ཀེ་ཡར་ཟེར་མི་སྨན་བཟོ་ཁང་དང་ཀི་རིས་ལར་བཟོ་གྲྭ་འཕྲུལ་ཁང་ནེསི་སལ་བཟོ་གྲྭ་འཕྲུལ་ཁང་ཀོ་ཀ་ཀོ་ལ་མངར་ཆུ་བཟོ་གྲྭ་འཕྲུལ་ཁང་ཚུ་གི་མ་དོ་བ་གཞན་མི་ཚོང་སྡེ་ལེ་ཤ་ཡོདཔ་ཨིན། ཝི་ལི་ཡམ་ཨོསི་ལར་ཧེལཐ་སིསི་ཊམ་ཟེར་མི་ཚོང་སྡེ་དེ་གིས་མི་༥༠༠༠་དེམ་ཅིག་ལུ་ལཱ་གཡོག་བྱི་དེ་ཡོདཔ་ཨིན། ཨཱལས་ཊོམ་ཚོང་སྡེ་གི་སྣུམ་འཁོར་བཟོ་ནིའི་འཕྲུལ་ཁང་ཅིག་བརམ་ཊོན་ལུ་ཡོདཔ་ཨིན། བརམ་ཊོན་ཨེསི་སེམ་བི་ལི་པ་ལནཊ་ཟེར་མི་སྣུམ་འཁོར་བཟོ་ནིའི་འཕྲུལ་ཁང་གཅིག་འགོ་དང་པ་༡༩༦༠་ལུ་ཨེ་མི་རི་ཀན་མོ་ཊོར་ཟེར་མིའི་ཚོང་སྡེ་གིས་གཞི་བཙུགས་འབད་ནུག ཤུལ་ལས་འཕྲུལ་ཁང་འདི་རྒྱ་སྐྱེད་འབད་དེ་མིང་ཡང་བརམ་ཊོན་ཨེ་སེམ་བི་ལི་ཟེར་གཏགས་གནང་མའི་མ་ཚད་དེ་ལས་བརྟེན་མི་སྟོང་ཕྲག་བཞི་དེམ་ཅིག་ལུ་ལཱ་གཡོག་བྱིན་ཚུགས་པའི་གནས་སྐབས་ལུ་ལྷོད་དེ་འདུག

ཧེ་མ་འབད་བ་ཅིན་བརམ་ཊོན་ལུ་ཆུ་མ་ལང་མིའི་དཀའ་སྡུག་ཡོདཔ་ཨིན་མས། དེ་ཡང་ དེ་ཁར་ཡོད་མིའི་ཆུ་རྫིང་ཚུ་གཏིང་མེད་མི་ལུ་བརྟེན་ཨིན་མས། ཆུའི་དཀའ་ངལ་གསལ་ཐབས་ལུ་ སྤྱི་ལོ་༡༨༧༨ ལུ་ གཞུང་གི་བསྐོ་བཞག་འབད་ཡོད་མི་ཆུའི་ལྷན་ཚོགས་ཚུ་གིས་ལམ་མཐའ་ཀི་ལོ་མི་ཊར་༥་དེམ་ཅིག་གི་ས་ཁར་བྱང་ཁ་ཐུག་ལུ་ཡོད་མི་མཚོ་དེ་ལས་ཆུ་ཆུ་དུང་ནང་ལས་ཐེན་ཏེ་ཁྱིམ་སྒོ་ག་ཡ་ར་ན་ལུ་ཆུ་ལྷོད་དེ་ཡོད།

བརམ་ཊོན་ལུ་ཡོད་པའི་རོསི་ཐི་ཡ་ཊར་སྤྲོ་སྟོན་ཁང་།

ལམ་སྲོལ།

ཁྲོམ་ཚོགས་འདི་ནང་ལུ་ ལམ་སྲོལ་དང་རིག་འབྲེལ་བའི་ལས་སྡེ་ག་ཡ་ར་བརམ་ཊན་ཨཊ་ཀའུན་སེལ་ཟེར་མི་ཚོགས་ཆུང་གི་འོག་ལུ་ཚུད་དོ་ཡོདཔ་ཨིན། བརམ་ཊོན་ཁྲོམ་ཚོགས་འདི་ནང་ལུ་ ལམ་སྲོལ་དང་འབྲེལ་བའི་འགྲེམས་སྟོང་ཁང་དང་སྤྲོ་སྟོན་ཁང་ལེ་ཤ་ཅིག་ར་ཡོདཔ་ཨིན། དེ་ཚུ་གིས་གྲལ་ལས་ སྤྱི་ལོ་༢༠༠༦ ལུ་སྒོ་ཕྱེ་ཡོད་མི་རོསི་ཐི་ཡེ་ཊར་སྤྲོ་སྟོན་ཁང་འདི་གིས་ལས་རིམ་སྟོན་ཏེ་ མ་དངུལ་ས་ཡ་ལས་བཅས་དེ་བཟོ་དོ་ཡོདཔ་མ་ཚད་ ལས་རིམ་གྱི་སྦྱིན་བདག་ཐོན་མི་ཡང་འབུམ་ལས་བཅས་དེ་ཐོན་དོ་ཡོདཔ་ཨིན། དེ་ལས་བརྟེན་ སྤྲོ་སྟོན་ཁང་དེ་གི་མཐའ་བསྐོར་ཏེ་ཡོད་མིའ་ཚོང་པ་ཚུ་ལུ་ཡང་ཁེ་ཕན་གནམ་མེད་ས་མེད་བྱུང་སྟེ་འདུག བརམ་ཊོན་ལུ་དཔེ་མཛོད་ཡང་ཁག་བརྒྱད་དེམ་ཅིག་ཡོདཔ་ཨིན། ཁྲོམ་འདི་ནང་ལུ་དུས་སྟོན་གཅིག་དེ་ རྩོམ་བྲིསཔ་ཚུ་གི་དོན་ལུ་ཨིནམ་མ་ཚད་ དེ་ནང་ལུ་བཅའ་མར་གཏོགས་མི་ཡང་ཡོངས་གྲགས་མེད་མིའི་མི་ངོམ་ཚུ་ཨིན་དོ་མས། ཁྲོམ་དེ་ནང་ཡོངས་གྲགས་ཡོད་མི་བཙུག་སྡེ་གཅིགཔོ་དེ་ པཱིལ་ཨཱཌ་གེ་ལ་རི་ཟེར་མི་འགྲེམས་སྟོན་ཁང་འདི་ཨིན་མས། འགྲེམས་སྟོན་ཁང་འདི་སྤྱི་ལོ་༡༩༦༨་ལུ་སྒོ་ཕྱི་ཕྱིཝ་ཨིནམ་ད་ དེ་ནང་ལུ་རྒྱལ་ཁབ་ནང་འཁོད་དང་ཕྱི་རྒྱལ་གྱི་རྒྱུ་རྩལཔ་ཚུ་གིས་བཟོ་ཡོད་མིའི་ལག་བཟོ་ཚུ་འགྲེམས་སྟོན་འབད་ཡོདཔ་ཨིན། བརམ་ཊོན་གྱི་སྲོལ་ཁྱུན་ཉམས་སྲུང་གི་ལཱ་ལུ་བཙོན་ནི་དེ་གི་རྟགས་མ་ལེན་ཐེངས་གཉིས་དེམ་ཅིག་ཡང་ཐོབ་ཡོདཔ་ཨིན།

སྲིད་དོན།

བཱརམ་ཊོན་ཁྲོམ་སྡེ་གིས་ ལུང་ཕྱོགས་དང་ མངའ་སྡེ་ དེ་ལས་ སྤྱི་གཞུང་གཞུང་དང་མཉམ་འབྲེལ་འབད་ཐོག་ དཔལ་འབྱོར་གྱི་གནས་ཚད་ ཡུན་རིངམོ་སྦེ་ གོང་འཕེལ་བཏང་ནི་དང་ ལཱ་གཡོག་ལེགས་ཤོམ་བཟོ་ནི་ དེ་ལས་ མི་སྡེ་གི་ དཔའ་ཉམས་དང་ མི་ཚེའི་སྤུས་ཚད་ ཡར་དྲག་གཏང་ནི་གི་ ཐབས་ལམ་ཚུ་ འཚོལ་དོ་ཡོདཔ་ཨིན།

ཁྲོམ་སྡེ་གིས་ ཨོན་ཊ་རིའོ་ཁྲོམ་སྡེ་ཚོགས་སྡེ་དང་ ཀེ་ནེ་གྲའི་ཁྲོམ་སྡེ་ཚོགས་སྡེ་ དེ་ལས་ མངའ་སྡེ་དང་སྤྱི་གཞུང་དང་གཅིག་ཁར་མཉམ་འབྲེལ་མཛད་ཐོག་ ཁྲོམ་སྡེའི་གཙོ་རིམ་ཚུ་ གོང་འཕེལ་བཏང་ནི་གི་དོན་ལུ་ལཱ་འབདཝ་ཨིན།

བརམ་ཊོན་འདི་ག་ཅི་གིས་ ཁྱད་པར་ཅན་བཟོཝ་སྨོ་ཟེར་བ་ཅིན་ ཁྲོམ་དེ་ནང་མི་སྡེ་སྣ་ཚོགས་ཡོདཔ་མ་ཚད་  སྐད་ཡིག་མ་འདྲཝ ༡༧༡ དེམ་ཅིག་དང་ལམ་སྲོལ་མ་འདྲཝ་ ༢༥༠ དེ་ཅིག་ཡོད་པ་ལུ་བརྟེན་ཨིན་མས། ཐོ་བཀོད་འབད་ཡོད་པའི་ཚོང་འབྲེལ་མ་འདྲཝ་ཁག་༡༡༠,༠༠༠ ལྷགཔ་ཅིག་ཡོད་མིའི་ནང་གསལ་ལས་གཙོ་བོ་ བཟོ་བསྐྲུན་དང་ སྦུང་ཚོང་ཚོང་འབྲེལ་ཚུ་ཨིན་པས།

རྒྱབ་རྟེན།

https://www.britannica.com/place/Brampton-Ontario

"https://dz.wikipedia.org/w/index.php?title=བརམ་ཊོན།&oldid=39325" ལས་ སླར་འདྲེན་འབད་ཡོདཔ།