Jump to content

བསམ་གཏན་ཆོས་གླིང་། Samten Chhoeling

Wikipedia ལས།

ངོ་སྤྲོད།

[ཞུན་དག]

བུམ་ཐང་བསམ་ཆོས་གླིང་འདི་ཡོངས་གྲགས་ལུ་བསམ་གཏན་གླིང་ཡང་ན་བསམ་གླིང་ཟེར་སླབ་ཨིན་མས། བསམ་གཏན༌ཆོས༌གླིང༌འདི༌བཞེངས༌མི༌དེ་ཡང་བོད་ཀྱི་སྦས༌པའི༌རྣལ༌འབྱོར༌པ༌ས༌གསུམ༌ནང༌འགྲན་ཟླ་མེད་པའི་མཁས་གྲུབ་གཉིས་ལྡན་གྱི་མཁས་པ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཡང་ན་དྲི་མེད་འོད་ཟེར་གྱིས་ སྤྱི་ལོ་ (༡༣༠༨-༡༣༦༤) གི་བར་ན་དེ༌བསྒང༌ཀུན་མཁྱེན་ཀློང༌ཆེན༌པ༌བུམ༌ཐང༌གི༌ས་གནས་ཐར་པ་གླིང་ལུ་གདན་ས་བཅགས་པར་བྱོན་པའི་ལམ་ཁར་གཞི་བཙུགས་མཛད་ཡོདཔ་ཨིནམ༌མ༌ཚད༌ བསམ་གཏན་གླིང་གི༌དགོན༌པ༌འདི་ཀུན་མཁྱེན་ཀློང་ཆེན་གྱིས་འབྲུག་གི་རྒྱལ་ཁབ་ནང་ལུ་གཞི་བཙུགས་འབད་མི་ དགོན་པ་འགོ་ཐོག་དང་རྙིང་ཤོས་ཅིག་སྦེ་རྩིཝ་ཨིན་མས། བསམ་གཏན་གླིང་འདི་བུམ་ཐང་ཆུ་སྨད་ཀྱི་དགེ་རྩ་སྤྱི་འོག་ནང་ལུ་ཆགས་ཏེ་ཡོདཔ་ཨིན།

བྱུང་རབས།

[ཞུན་དག]

ཧེ༌མའི་བྱུང་རབས་དང་འཁྲིལཝ་ད་ཀུན་མཁྱེན་ཀློང་ཆེན་རབ༌འབྱམས༌འདི༌ཁོ་ར་རྐྱངམ་གཅིག་སྦེ་ཞབས་བཅགས་ཏེ་བྱིན་གྱིས་བརླབས་པ་གིས་མ་དོ་བར་ ཁོ་རའི་ཆིབས་རྟ་ཀློང་ཆེན་སྙིང་ཐིག་སྲུང་མི་དྲང་སྲོང་ར་ཧུ་ལ་གི་སྤྲུལ་པ་ཨིན་མི་དེ་གིས་ཡང་བྱིན་གྱིས་བརླབས་ཡོདཔ་ཨིན་མས། ས་གནས་དེ་གི་སྤོ་ཏོ་ཡོངས་རྫོགས་ར་སྦུལ་ཉལ་ཉལཝ་བཟུམ་སྦེ༌ཡོད་མི་འདི་ཀླུ་ཡོད་པའི་བརྡ་མཚོན་སྟོནམ་ཨིན་མས། ལྷ་ཁང་དེ་གི་རྐང་སྟེགས་གཙོ་བོ་འདི་སྦུལ་གདུག་ཉལ་མི་དེ་གི་དོན་ཧིང་གི་ལྟག་ལུ་རྐྱབ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ཀ་ཀ་གླིང་འདི་སྦུལ་གདུག་ཅན་གྱི་ཨོལ་ལྐོག་གུར་དང་ དགོནམ་གླང་མ་མཐིལ་ཟེར་ཡོངས་གྲགས་ལུ་བསམ་གཏན་གླིང་འོག་མ་ཟེར་སླབ་མི་འདི་མགུ་ཏོ་གུར་རྐྱབ་ཡོདཔ་དང་ དེ་ལས་པཱན་པ་གླིང་འདི་ལྕེ་དང་མཆེཝ་གི་རྩེ་ལུ་རྐྱབ་ཡོདཔ་ཨིན་མས། དེ་ལས་ས་གནས་འདི་བྱིན་གྱིས་བརླབས་པའི་ཤུལ་ལས་རྐྱངམ་གཅིག་བསམགཏན་གླིང་ཟེར་དར་ཡོདཔ་ཨིན་མས།

ཤུལ་ལས་ཀུན༌མཁྱེན༌ཀློང་ཆེན་རབ༌འབྱམས༌འདི་འབྲུག་ལས་ལོག་བྱོནམ་ད་ལུ་ ལྷ་ཁང་དང་རྒྱུ་དངོས་ཚུ་ག་ར་ཁོ་རའི་སྲས་གྲགས་པ་འོད་ཟེར་ལུ་རྩིས་སྤྲོད་འབད་མི་འདི་ཁོ་གིས་འགན་ཁུར་འདི་ག་ར་བསྣམས་ཡོདཔ་ཨིན་མས། དེ་གི་ཤུལ་ལས་སྲས་གྲགས་པ་འོད་ཟེར་གྱིས་ཡང་ལྷ་ཁང་དང་རྒྱུ་དངོས་ཚུ་ག་ར་ཁོ་རའི་སྲས་ཐུགས་སྲས་ཟླ་བ་གྲགས་པ་ལུ་རྩིས་སྤྲོད་མཛད་ནུག། ཁོ་གི་སྐབས་ལུ་ལྷ་ཁང་འདི་རྔ་ཚང་ལུ་རྒྱ་བསྐྱེད་མཛད་ཡོདཔ་མ་ཚད་ ཨུ་རུག་ཐང་གི་མཚོ་ ༡༠༨ ཀྱི་མཚོ་སྨནམ་ཚུ་ཡང་དཔལ་རྔ་ལཱ་ལུ་བརྡ་བཏང་ནུག། ཐུགས་སྲས་ཟླ་བ་གྲགས་པ་གིས་ད་ལྟོ་དུར་ཁྲོད་ཡོད་སའི་ས་གོ་སྤོ་ཏོག་སྤོང་ལུ་ཐུགས་དམ་ལུ་བཞུགས་ཏེ་ ཡིད་དམ་རྟ་མགྲིན་གྱི་བསྙེན་པ་ཟླ་ངོ་གཅིག་གིས་རིང་བསགས་གནང་ནུག།

ཐུགས་སྲས་ཟླ་བ་འདི་ཀུན༌མཁྱེན༌ཀློང་ཆེན་རབ༌འབྱམས་ཁོ་ར་གིས་ར་རྟ་མགྲིན་གྱི་སྤྲུལ་པ་ཨིན་ཟེར་གསུངས་ཡོདཔ་ཨིན་མས། ཐུགས་སྲས་ཟླ་བ་གྲགས༌པ༌ཁོ་རའི་ལྡེབས་རིས་ནང་ལུ་ཁོ་རའི་དབུ་ཐོག་ཁར་རྟ་ཡོད་མི་དེ་གིས་ ཡི་དམ་རྟ་མགྲིན་གྱིས་མཐུ་སྟོབས་སྟོནམ་ཨིནམ་དང་ དགོནམ་གླང་མ་མཐིལ་གྱི་ནང་ན་གི་གྱང་གི་ལྡེབས་རིས་ནང་ལུ་ཡང་མཇལཝ་ཨིན་མས། ཐུགས་སྲས་ཟླ་བ་གྲགས་པ་གིས་ཡ་མཚན་ཆེ་ཏོག་ཏོ་སྦེ་ ས་གནས་ཨུ་རུག་ལས་མཚོ་སྨནམ་ཚུ་བདའ་མ་བཏང་ཚུན་ཚོད་མི་སེར་ཚུ་འདྲོགས་འབྱེལ་འཐབ་སྡོད་ཡོདཔ་ལས་ ཐུགསསྲས་ཀྱིས་མཚོ་སྨནམ་འདི་བཏུལ་མི་ལུ་བརྟེན་ཏེ་ས་གནས་ཀྱི་མི་སེར་ཚུ་གིས་དད་པ་བསྐྱེད་དེ་དེ་ལས་ཕར་ཁ༌ཐུག༌ལྟ་ཐུགས་སྲས་ཟླ་བ་དང་ཁོ་གི་གདུང་བརྒྱུད་ཚུ་ལུ་ཞབས་ཏོག་ག་ཅི་བཟུམ་དགོ་རུང་ཕུལ་ནིའི་ཁས་བླངས་འབད་དེ་ཡོདཔ་ཨིན་མས། ཐུགས༌སྲས༌ཟླ་བ་གྲགས་པ་གིས་ཡང་ཤུལ་ལས་ ཀུན༌མཁྱེན༌ཀློང་ཆེན་རབ༌འབྱམས་ཀྱིས་ལྷ་ཁང་གཙོ་ཅན་བཞེངས་ཡོད་མི་ཚུ་ཡང་གླིང་གསུམ་གྱི་བཙན་ཚུ་གིས་དོན་ལུ་བཞེངས་ཡོདཔ་སྦེ་གསུངས་ཡོདཔ་མ་ཚད་ ཁོ་ལུ་རྒྱབ་སྐྱོར་ཟེར་རུང་ཀུན་མཁྱེན་ཀློང་ཆེན་གྱི་ཆོས་ཚུ་ཡུན་རིངམོ་སྦེ་སྤེལ་ནི་ལུ་རྒྱབ་སྐྱོར་དང་མཐུན་འབྲེལ་དགོ་ཟེར་གསུངས་གནང་ནུག། (འབྲུག་གི་གནས། གནམ་ལོ་མེད། སྤྱི་ལོ་ ༢༠༢༣)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

༡. འབྲུག་གི་གནས། གནམ་ལོ་མེད། སྤྱི་ལོ་ ༢༠༢༣། ཕེསི་བྷུག།