Jump to content

བསྒྱིར་ཁ་ལྷ་ཁང་།

Wikipedia ལས།

ང་བཅས་ར་ ཆོས་ལྡན་འབྲུག་གི་རྒྱལ་ཁབ་འདི་ དང་པ་སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་རླབས། བར་ན་སྤྱན་རས་གཟིགས་མིའི་གཟུགས་སུ་འབྱོན་མི་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ཆོས་ཁྲིམས་དར་གྱི་མདུད་ཕོད་དང་ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཟེར་ ཚེ་འདི་ཕྱི་གཉིས་ཀྱི་ཕན་བདེ་དང་ ཕུགས་ཀྱི་བཙུན་ཐབས་ལུ་དམིགས་ཏེ་ དམ་པའི་སྲོལ་བཟང་པོ་བཙུགས། ཐ་མ་ལུ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གི་ བཀའ་དྲིན་ལས་བརྟེན་ ནང་པ་སངས་རྒྱས་པའི་ཆོས་ཀྱི་ས་བོན་བཙུགས་པའི་སྐབས་སུ་ལས་ར་ ཕྱི་བལྟ་བའི་མིག་ཁར་མཛེས་ཏོག་ཏོ་ ནང་མནོ་བའི་སེམས་ཡང་ཨརཝ་བརྐུ་ཚུགས་པའི་ སྔར་སྲོལ་ལམ་ལུགས་ཚུ་གི་སླ་ལས་ ལྷ་ཁང་དང་མགོན་ཁང་འདི་ཚུ་ ང་བཅས་ར་ཆོས་ལྡན་འབྲུག་གི་རྒྱལ་ཁབ་ཀྱི་ཐུན་མོངས་མིན་པའི་ཁྱད་ཆོས་བཟང་པོ་ཅིག་ཨིནམ་མ་ཚད་ འབྲུག་པའི་མི་རིགས་ཀྱི་ངོ་རྟགས་མེད་ཐབས་མེད་པའི་ནོར་བུ་བཟུམ་ཅིག་ཨིནམ་ལས་ ང་བཅས་ར་འབྲུག་མི་ཡོངས་ཀྱིས་ ཤ་ཞེན་བསྐྱེད་དེ་ཐབས་རིག་རྣམ་པ་སྣ་ཚོགས་ཀྱི་སྒོ་ལས་ མི་ཉམས་གོང་འཕེལ་གཏང་ནི་འདི་ འབྲུག་མི་ཡོངས་ཀྱི་འགན་ཁུར་ཅིག་ཨིན། དེ་བཟུམ་སྦེ་ དབང་འདུས་རྫོང་ཁག་ དགའ་སེར་ཚོགས་འོགམ་རྒེད་འོག་ སྟག་ཆ་ཁ་སྤྱི་འོག་གཡུས་བསྒྱིར་ཁ་ལུ་ཆགས་ཡོད་པའི་ བསྒྱིར་ཁ་ལྷ་ཁང་འདི་ བྱིན་ཅན་དང་ རྩ་ཆེ་ཏོག་ཏོ་ཡོདཔ་ཨིན། བསྒྱིར་ཁ་ལྷ་ཁང་འདི་ བར་གྱོང་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་ ༣༠ དེམ་ཅིག་གི་ས་ཁར་ཆགས་ཡོདཔ་ཨིན། ལྷ་ཁང་འདི་ དུས་རབས་ ༨ པའི་ནང་ སངས་རྒྱས་གཉིས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ བྱིན་གྱིས་རླབས་ཡོདཔ་མ་ཚད་ ལུང་བསྟན་གནང་བཞིན་དུ་ དུས་རབས་ ༡༧ པའི་ནང་ བླམ་གཙུག་ལག་རྒྱ་མཚོ་གིས་བཞེངས་གནང་ནུག། དེ་ཡང་འགོ་ཐོག་དང་པ་ ཐོག་གཅིག་འབད་བཞེངས་གནང་ཡི་ཟེར་བཤདཔ་ཨིན་པས། ལོག་ཤུལ་ལས་ ལྷ་ཁང་འདི་མེ་ཆས་བཞེས་ཡོདཔ་ཨིན་རུང་ འདི་ན་ཡོད་པའི་ནང་རྟེན་དང་ལྷ་ཁང་འདི་གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་འབདཝ་ལས་ ཐོག་བཀབ་རྐྱངམ་ཅིག་མེ་གིས་འཚིག་སྟེ་ ཡོད་པའི་ལོ་རྒྱུས་བཤད་ནི་འདུག། དེ་འབདཝ་ད་ སླབ་སྲོལ་ལས་ཡང་ བསོད་ནམས་བྲེ་གི་རྫོགས་རུང་། །ཕུད་ཀྱི་མ་རྫོགས། །ཟེར་དོ་བཟུམ་སྦེ་ དང་པ་ཆོས་སྐྱོང་སྲུང་མ་གི་བཀའ་དྲིན་དང་ གཉིས་པ་གཡུས་སྒོ་དེ་ནང་གི་མི་སེར་ཚུ་གི་ཁ་རྗེ་ལས་བརྟེན་ དུས་རབས་ ༡༩ པའི་ནང་ ཡོངས་གྲགས་ལུ་བླམ་དགྲ་ལི་དཔྱལཝ་ཟེར་ ཡོན་བདག་སངས་རྒྱས་འཕྲིན་ལས་ཟེར་མི་གིས་ ལྷ་ཁང་འདི་ཐོག་གཉིས་འབད་བཞེངས་ནི་ནང་ གྲོགས་རམ་མཛད་གནང་ནུག། འཇིག་རྟེན་པའི་དཔྱེ་གཏམ་ལས་ཡང་ ཆོས་ཟབ་སར་བདུད་ཟབ། །ཟེར་དོ་བཟུམ་སྦེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ས་གནས་འདི་བྱིན་གྱི་རླབས་གནང་སྟེ་སྦེ་རུང་ ལྷ་ཁང་འདི་མ་ཆགས་པའི་སྔོན་མ་ གཡུས་སྒོ་དེ་ནང་ལུ་ གདོན་དང་སྲིན་པོ་ཚུ་གིས་ གནོདཔ་བསྐྱེལ་ནི་ཡོད་པའི་ཁར་ གཡུས་སྒོ་དེ་ནང་ལུ་ ལོ་ཐོག་རྟག་ཏུ་མ་ལེགས་ ཆར་ཆུ་དུས་སུ་འབབ་མ་བཏུབ་པའི་ཁར་ ནད་དང་མུ་གེ་ཚུ་གི་ མི་སེར་ཚུ་ལུ་ དཀའ་སྡུག་ཚེ་མེདཔ་ཅིག་མྱོང་དགོཔ་བྱུང་ནུག། ཧེ་མ་ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ ལུང་བསྟན་ལྟར་དུ་ དུས་རབས་ ༡༧ པའི་ནང་ བླམ་གཙུག་ལག་རྒྱ་མཚོ་གིས་ ལྷ་ཁང་འདི་བཞེངས་གནང་པའི་ཤུལ་ལུ་ ལཱ་དང་ བྱ་བ་ག་ཅི་ར་འབད་རུང་ བསམ་བསམ་པའི་ཤིང་ཁར། །མནོ་མནོཝ་གི་བྱ་འཁོར། །ཟེར་དོ་བཟུམ་སྦེ་ མི་ཚུ་གི་རྒྱུད་ལུ་ཡང་ ནཱ་ཚ་ལ་སོགས་མེདཔ་མ་ཚད་ བུ་ནོར་དར་ཤིང་རྒྱས་ རྒྱུ་ནོར་ཕུན་སུམ་ཚོགས་ཏེ་ དགའ་སྐྱིད་ཀྱི་ངང་ལུ་ཚོར་བ་སྐྱོང་སྟེ་ སྡོད་ནིའི་གོ་སྐབས་ཐོབ་ཚུགས་ནུག། ལྷ་ཁང་འདི་ནང་ ནང་རྟེན་གཙོ་བོ་འདི་འབད་བ་ཅིན་ ཇོ་བོ་བཞུགས་ཡོད་པའི་ཁར་ རྩ་ཆེ་བའི་ནང་རྟེན་གཞན་ཡང་ གཏེར་ལས་བཞེས་པའི་སྟོང་གསུམ་འབྲུག་སྒྲ་ཟེར་བའི་ རོལམོ་ཅིག་ཡང་མཇལ་ནི་འདུག། དེ་དང་ཅིག་ཁར་ སྟོན་པ་གསུངས་བྱོནམ་གཅིག་ཡང་མཇལ་ཚུགས་པའི་ཁར་ ཞབས་དྲུང་རིན་པོ་ཆེ་དང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ཚུ་ཡང་འདུག། དེ་བཟུམ་སྦེ་ར་ ལྷ་ཁང་དེ་ནང་ བཀའ་འགྱུར་དང་བསྟན་འགྱུར་ཚུ་ཡོདཔ་མ་ཚད་ ལྷ་ཁང་འདི་གི་ཉེ་འདབས་ལུ་ རྩ་ཆེ་བའི་གནས་ཡང་ སྤྱན་རས་གཟིགས་རྡོ་ལས་རང་བྱོནམ་དང་ སྟག་གི་རྐང་རྗེས་ཡང་མཇལ་ཚུགས་པས།

"https://dz.wikipedia.org/w/index.php?title=བསྒྱིར་ཁ་ལྷ་ཁང་།&oldid=38411" ལས་ སླར་འདྲེན་འབད་ཡོདཔ།