Jump to content

བསྟན་པ་རྒྱས་པའི་སྨོན་རམ་ཚེས་པའི་ཟླ་བ།

Wikipedia ལས།

༄༅། །དཔལ་ལྡན་འབྲུག་པའི་བསྟན་པ་དར་རྒྱས་སུ་འགྱུར་བའི་ལེགས་སྨོན་ཚེས་པའི་ཟླ་བ་ཞེས་བྱ་བ་བཞུགས་སོ།།

༄༅། །བསླུ་མེད་དཀོན་མཆོག་རིན་ཆེན་རྩ་བ་གསུམ། །ཁྱད་པར་བསྟན་བསྲུང་མཧཱ་ཀཱ་ལའི་ཚོགས། །བདག་ལ་བརྩེར་དགོངས་བདག་གིས་སྨོན་པ་འདི། །གེགས་མེད་ཡིད་བཞིན་འགྲུབ་པའི་མཐུན་འགྱུར་མཛོད། །ཕན་བདེའི་ལེགས་ཚོགས་མ་ལུས་འབྱུང་བའི་གཞི། །ཐུབ་བསྟན་ནོར་འཛིན་སྤྱི་དང་ཁྱད་པར་དུ། །སྨན་ལྗོངས་ས་ཡི་ཐིག་ལེར་ཁྱབ་པ་ཡི། །དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བས་ལུང་བསྟན་དྭགས་པོ་བཀའ་བརྒྱུད་ཀྱི། །བསྟན་པ་ཡོངས་རྫོགས་རིང་ལུགས་སྙིང་པོའི་བཅུད། །སྒྲུབ་བརྒྱུད་བསྟན་པའི་བཀའ་བབ་ཉིད་གྱུར་པ། །དཔལ་ལྡན་འབྲུག་པའི༴ །སྤྱན་རས་གཟིགས་དབང་བརྒྱད་ཅུ་རྩ་བཞི་ཡིས། །སྙིང་པོའི་བསྟན་པ་གསལ་བར་ཞལ་འཆེ་བཞིན། སྤྲུལ་པའི་གདུང་འཛིན་ནོར་བུའི་ཕྲེང་ཚོགས་ཀྱིས། །དཔལ་ལྡན༴ །མཁས་གྲུབ་རིན་ཆེན་འབྱུང་གནས་རྒྱ་མཚོ་ཆེར། །མདོ་སྔགས་ཆོས་ཀྱི་ཆུ་ཀླུང་ཀུན་འདུས་ཤིང་། །བཤད་སྒྲུབ་འཛིན་སྐྱོང་སྤེལ་བའི་རླབས་ཆེན་གྱིས། །དཔལ་ལྡན༴ །སྡེ་སྣོད་སྲོག་ཤིང་རྒྱུད་སྡེ་ནོར་བུའི་ཏོག་སྒྲ་ཚད་རིག་པའི་གོས་བཟང་ཤམ་བུ་ཅན། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་མཁའ་ལ་བསྒྲེང་། །དཔལ་ལྡན༴ །ཐོས་བསམ་རྒྱ་མཚོའི་སྐ་རགས་ཅན་བསྐོར་ཞིང་། །འཆད་རྩོད་རྩོམ་པའི་སྣ་ཞགས་རིང་དུ་བསྐྱོད། །མཁྱེན་བརྩེ་ནུས་པའི་ཁོག་ལག་ཡོངས་སུ་རྫོགས། །དཔལ་ལྡན༴ །མཁས་གྲུབ་བྱེ་བའི་རལ་ཀླུང་ནས་དྲངས་པའི། །རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་རྒྱུན། །རྟོག་གེའི་དུག་ཆུས་རང་བཟོས་མ་རྙོག་པར། །དཔལ་ལྡན༴ །བྱིན་རླབས་འཕོ་བའི་དབང་གིས་རྒྱུད་སྦྱངས་ཤིང་། །ཆིག་ཆོག་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན། །ཉམས་བཞེས་བསྟར་ལ་གཞན་དྲིང་མི་འཇོག་པར། །དཔལ་ལྡན༴། །རྟོགས་པ་དོན་གྱི་མན་ངག་ལ་བརྟེན་ནས། །ལྷན་ཅིག་སྐྱེས་སྦྱོར་ཟབ་མོའི་ཉམས་ལེན་གྱིས། །རྣལ་འབྱོར་བཞི་ཡི་རྟོགས་པ་ཚད་དུ་ཕྱིན། །དཔལ་ལྡན༴། །གདམས་ངག་སྡོང་པོ་གསུམ་འདྲིལ་ཁང་བཟང་དུ། །སེམས་ཀྱི་རྡོ་རྗེར་རྩེན་པའི་ཟླ་བཞིན་མས། །གཞན་སྡེའི་བརྟན་པ་འཕྲོག་པའི་རྣམ་འགྱུར་གྱིས། །དཔལ་ལྡན༴ །ལྟ་བས་ཤེས་བྱའི་དེ་ཉིད་རྟོགས་པས་མཁས། །སྒོམ་པས་ཉོན་མོངས་རང་ཞིར་སོང་བས་བཙུན། །སྤྱོད་པས་རང་དོན་ཡིད་བྱེད་ཟད་པས་བཟང་། །དཔལ་ལྡན༴ །ཕྱི་ལྟར་བསླབ་གསུམ་གཙང་མའི་རྒྱན་གྱིས་མཛེས། །ནང་ལྟར་རིམ་གཉིས་ཟབ་མོས་ཐུགས་རྒྱུད་སྨིན། །གསང་བ་རང་བཞིན་ཤེས་པའི་གནད་ཀྱིས་གྲོལ། །དཔལ་ལྡན༴ །མཐུ་ཆེན་བླ་མའི་བཀའ་ཁྲིམས་ལུགས་གཉིས་ཀྱི། །གཤོག་རླབས་འབར་བས་ཚུལ་མིན་མཐར་བྱེད་པའི། །བསྟན་བསྲུང་མཁའ་ལྡིང་ནག་པོའི་དྲག་ཤུལ་གྱིས། །དཔལ་ལྡན༴ །བསྔགས་འོས་ཡོན་ཏན་གཡས་སུ་འཁྱིལ་བའི་དུང་། །སྙན་གྲགས་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཀྱིས། །རྫོགས་ལྡན་གསར་པའི་ལང་ཚོ་མགྲོན་ཁུག་སྟེ། །དཔལ་ལྡན༴ །ཐུགས་མཐུན་ཁྲིམས་གཙང་འདུས་སྡེ་རྒྱ་མཚོའི་འཇིང་། །གསུམ་ལྡན་ནོར་བུར་ཀླུང་དབང་ཇི་སྙེད་ཀྱིས། །བསྙེན་བཀུར་གདེངས་ཀའི་རྩེ་མོར་རྟག་མཆོད་ནས། །དཔལ་ལྡན༴ །ལྷག་བསམ་ཉིན་མོར་བྱེད་པའི་སྣང་བ་ཡིས། །བསྟན་པའི་པད་ཚལ་བཞད་པའི་དྲི་བསུང་གིས། །བློ་གསལ་སྦྲང་རྩིར་སྤྱོད་པའི་ཚོགས་འདུས་ནས། །དཔལ་ལྡན༴། ཀློག་སྤོང་འདབ་ཟུང་རྒྱས་པའི་རོལ་རྩེད་ཀྱིས། །མཁས་དང་གྲུབ་པའི་བླ་ན་ལྡིང་བཞིན་དུ། །བསྟན་འཛིན་བུང་བས་ས་ཆེན་ཀུན་ཁྱབ་སྟེ། །དཔལ་ལྡན༴། བསྟན་པ་རིན་ཆེན་མཆོག་ལྟར་སྣང་བའི་མཐུས། །ནད་མུག་འཁྲུགས་རྩོད་སྨག་རུམ་ཀུན་ཞི་ནས། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །དཔལ་ལྡན༴ །ཆོས་ཀྱི་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཡི། །མི་དབང་ཆབ་སྲིད་མངའ་ཐང་དགུང་དུ་འཕྱུར། །འབངས་རྣམས་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ནས། །དཔལ་ལྡན༴ །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དང་། །ཆོས་ཅན་ཆོས་ཉིད་ཟབ་མོའི་བདེན་སྟོབས་དང་། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་གྱུར་ཅིག །ཁྱད་པར་ལྷོ་ལྗོངས་ས་ཡི་ལྟེ་བ་འདིར། །ལྔ་རིག་སྨྲ་བའི་བཤད་སྲོལ་མི་ཉམས་པར། །དཔལ་ལྡན་འབྲུག་པ་ངག་དབང་རྣམ་རྒྱལ་གྱི། །ཐུགས་བསྐྱེད་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ཅེས་པའང་དགེ་རིན་པས་མཛད་པའོ།།