Jump to content

བསྟན་རྒྱས་སྨོན་ལམ་དཔག་བསམ་ལྗོན་པའི་དྲི་བསུང་།

Wikipedia ལས།

༄༅། །དཔལ་འབྲུག་པ་རིན་པོ་ཆེའི་བསྟན་པ་རྒྱ་ཆེར་རྒྱས་པར་སྨོན་པ་དཔག་བསམ་ལྗོན་པའི་དྲི་བསུང་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ་རཏྣ་ཏྲ་ཡ་ཡཱ། ཆོས་ཉིད་གདོད་ནས་ཉེར་ཞི་སྤྲོས་དང་བྲལ། །ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད། །ཚོགས་ཆེན་གཉིས་རྫོགས་ཡང་དག་བདེ་བར་གཤེགས། །འགོག་དང་ཞི་བ་ལམ་བདེན་དམ་པའི་ཆོས། །རིག་གྲོལ་ཚོགས་མཆོག་འཕགས་པ་དགེ་ལ་འདུན། །རིགས་ཀུན་ཁྱབ་བདག་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་མཆོག་སྟེར་ཡི་དམ་དཀྱིལ་འཁོར་ལྷ། །བར་ཆད་ཀུན་སེལ་མཁའ་འགྲོ་དམ་ཅན་དང་། །དཀར་ཕྱོགས་སྐྱོང་བ་ཀུན་གྱི་བདེན་པའི་མཐུས། །ཐུབ་བསྟན་ཡང་སྙིང་ངེས་གསང་དྲི་མ་མེད། །དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་རྒྱུར་ཅིག །ཚུལ་ཁྲིམས་དཔག་བསམ་ལྗོན་པའི་རྩ་བ་བརྟན། །ཏིང་ངེ་འཛིན་གྱི་ཡལ་འདབ་རབ་རྒྱས་ཞིང་། །ཤེས་རབ་སོར་རྟོག་འབྲས་བུ་གཡུར་ཟ་བའི། །དཔལ་ལྡན་འབྲུག་པའི༴ །ལེགས་བཤད་བྱེ་བའི་ཆོས་རྣམས་མ་འདྲེས་འཆད། །ཕས་རྒོལ་མཐར་བྱེད་རྩོད་ངག་སེངྒེའི་སྒྲ། །ཚིག་དོན་རྒྱན་འགྲེལ་རྩོམ་པའི་མགྲིན་རྔ་འཁྲོལ། །དཔལ་ལྡན་འབྲུག་པའི༴ །ལུང་རྟོགས་རིག་པའི་གཞུང་ལུགས་མང་དུ་ཐོས། །བརྟག་དཔྱད་མཁར་རྒྱུ་བསམ་པའི་སྤྲིང་ཕུང་གཏིབས། །ནང་དུ་ཡང་དག་འཇོག་སྟེ་སྒོམ་མཛད་པའི། །དཔལ་ལྡན་འབྲུག་པའིཟ། ཀུན་འབྱུང་བག་ཆགས་འདུལ་བྱེད་བདེན་པ་བཞི། །ཟབ་དང་རྒྱ་ཆེ་མདོ་སྡེའི་ཆུ་ཀླུང་འབུམ། །ཆོས་མངོན་ཀེ་ཏ་ཀ་ཡིས་སྒྲུང་བྱེད་པའི། །དཔལ་ལྡན་འབྲུག་པའི༴ །སོ་སོ་ཐར་པའི་ས་གཞི་གཙང་མ་རུ། །བྱང་ཆུབ་སེམས་ཀྱི་མྱུ་གུ་མཚར་དུ་དངར། །ཡིད་སྐྱོབ་ལམ་གྱི་ས་བོན་ཆེར་སྨིན་པའི། །དཔལ་ལྡན་འབྲུག་པའི༴ །གནས་དང་ཉེ་བའི་གནས་མཆོག་ལ་སོགས་པར། །ཀུན་ཏུ་བཟང་པོ་རིག་པ་བརྟུལ་ཞུགས་དང་། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་མཐར་ཕྱིན་པའི། །དཔལ་ལྡན་འབྲུག་པའི༴ །སྐུ་ཡི་ངོ་མཚར་འཆི་མེད་ལྗོན་པ་བཞིན། །རྡོ་རྗེ་གསུང་གསང་ཚངས་པའི་དབྱངས་ལྟར་འཇེབས། །སྒྲིབ་བྲལ་ཐུགས་ཀྱི་ཕ་མཐའ་མཁའ་ཇི་ལྟར། །དཔལ་ལྡན་འབྲུག་པའི༴ །མཁྱེན་པའི་ཡེ་ཤེས་ལྷ་ལམ་ཡངས་པ་ལ། །བརྩེ་བའི་ཐུགས་རྗེའི་ཆུ་འཛིན་རྣམ་པར་གཡོ། །སྐྱོབས་པ་ནུས་མཐུའི་ཆར་གྱིས་འགྲོ་ཀུན་ཚིམ། །དཔལ་ལྡན་འབྲུག་པའི༴ །མཁས་པའི་ངང་པས་ཀློག་པའི་རྫ་རྔ་བརྡུང་། །གྲུབ་པའི་སེང་གེས་སྤོང་བའི་གངས་རིར་འགྱིང་། །བྱ་བའི་ཤིང་རྟས་བསྟན་པའི་ཁུར་ཆེན་འདེགས། །དཔལ་ལྡན་འབྲུག་པའི༴ །འཁྲུལ་དང་གྲོལ་བ་གཉིས་སུ་མེད་གཟིགས་ནས། །ཚེ་གཅིག་རྡོ་རྗེའི་གོ་འཕང་མཆོག་བརྙེསཔས། །འོག་མིན་གནས་མཆོག་དོག་པོར་འགེངས་མཛད་པའི། །དཔལ་ལྡན་འབྲུག་པའི༴། །སྤང་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །དམིགས་མེད་སྙིང་རྗེས་འགྲོ་ལ་རྗེས་ཆགས་པས། །ནམ་མཁའ་ཇི་སྲིད་འབད་མེད་དོན་མཛད་པའི། །དཔལ་ལྡན་འབྲུག་པའི༴ །ཡང་དག་ལམ་གྱི་དངོས་གྲུབ་མཆོག་བརྙེས་ཏེ། གངས་རིའི་ཁྲོད་དུ་ཐེག་མཆོག་ཆོས་སྒྲ་སྒྲོག །སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་གསལ་མཛད་པའི། །དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་གྱུར་ཅིག། ཀུན་མཁྱེན་རྗེའི་གསུང་། ལེགས་བཤད་གྲྭ་འདིར་བློ་གསལ་རྒྱ་མཚོའི་ཚོགས། །གཉིས་འཐུང་ཆེ་ལ་བུང་བ་ལྟར་འདུས་ནས། །རྒྱལ་བའི་གཞུང་ལུགས་ཀུན་ལ་མཁས་སྦྱངས་པས། །དཔལ་ལྡན་འབྲུག་པའི༴།

༈ བསྟན་རྒྱས་སྨོན་ཚིག་ནི། བདེ་གཤེགས་སྟོན་པའི་བསྟན་པ་མཆོག་གི་མཚོ། །སྙན་པའི་འབྲུག་སྒྲ་སྒྲོག་པའི་སྤྲིན་འཕྲེང་ཤིང་། །བཤད་སྒྲུབ་ཆར་གྱིས་ཉིན་བཞིན་རྣམ་སྤེལ་བ། །ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་གྱུར་ཅིག །སྡོམ་གསུམ་ཉི་མའི་འོད་དང་རྟག་འགྲོགས་ཤིང་། །ཐོས་བསམ་སྒོམ་པའི་དྲི་བཟང་འཛིན་པའི་དཔྱིད། །བསྟན་འཛིན་པདྨོའི་གཙོ་བོ་ཅི་ཡང་གིས། །ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་གྱུར་ཅིག །རྙེད་དང་བཀུར་སྟིའི་ཆུ་ཀླུང་རྣམས་འབབ་ཅིང་། །ཕན་དང་བདེ་བའི་རིན་ཆེན་སྐྱེ་བའི་གནས།།ཆོས་འཁོར་གསར་པ་གསར་པའི་དཔལ་རྒྱ་མཚོས། །ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་གྱུར་ཅིག །ཅེས་པ་ཀུན་མཁྱེན་ཆེན་པོས་སོ།། འདུས་པ་པདྨོའི་འབྱུང་གནས་འདི་ཉིད་དུ། །མཁས་གྲུབ་ངང་པའི་དེད་དཔོན་ཀུན་འདུས་ནས། །པད་དཀར་བཞད་པའི་དྲི་བསུང་གིས་སིམ་པའི། །དམ་ཆོས་མགྲིན་རྔ་བརྡུང་བས་རྟག་འགེངས་ཤོག །ལྷ་མཆོག་གསུང་། འོག་མིན་སྟོན་པའི་གཅེས་ཕྲུག་མཆོག་གཟིགས་གཉིས། །རབ་དཀར་བརྒྱུད་པའི་ཆུ་འགོ་གོང་མ་གསུམ། །དབྱར་མཚོར་སྤེལ་མཛད་ཁམས་སྟོན་ཡབ་སྲས་ཀྱི། །ཐུགས་བསྐྱེད་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ལྟ་བའི་ནམ་འཕང་སྤྱོད་པ་གླིང་ཆེན་རས། །སྒོམ་པའི་རྒྱལ་ས་ཟིན་མཛད་གཙང་པ་རྒྱ། །སྤྱོད་པའི་རྩལ་ཆེན་རྫོགས་པ་ལོ་རྒོད་གཉིས། །ཐུགས་བསྐྱེད་བསྟན་པ༴ །སྟོད་འབྲུག་སྐར་ཚོགས་ནམ་མཁའ་ཁྱབ་པར་བརྡལ། །སྨད་འབྲུག་གྲུབ་ཐོབ་གང་གཱའི་རྡུལ་གྲངས་མཉམ། །བར་འབྲུག་བུ་ཆེན་དབྱར་གྱི་རྩ་ལྟར་རྒྱས། །ཐུགས་བསྐྱེད་བསྟན་པ༴ །གདན་ས་ཡ་བཞིའི་ཀེ་ལ་ཤ་རིའི་ངོགས། །སེང་ཆེན་དགུ་ཚར་ཐུགས་རྗེའི་གཡུ་རལ་རྒྱས། །རིགས་གསུམ་རྣམ་འཕྲུལ་སྨོན་ལམ་རྩལ་ཆེན་རྫོགས། །ཐུགས་བསྐྱེད་བསྟན་པ༴། །རྒྱལ་དབང་ཆོས་རྗེ་གདམས་པའི་སྤྲིན་གསེབ་ནས། །དབྱར་གྱི་རྔ་ཆེན་ཉིད་རྡུང་ར་ལུང་པ། །ཆོས་ཀྱི་ཆར་ཆེན་གྲགས་པ་དོན་ལྡན་གྱི། །ཐུགས་བསྐྱེད་བསྟན་པ༴ །དོན་བརྒྱུད་ཀུན་དགའི་སྐྱེད་ཚལ་ཡངས་པ་རུ། །རྒྱལ་ཀུན་བྱིན་རླབས་ཉི་འོད་ཀྱིས་བསྐྱེད་པའི། །མཁྱེན་གཉིས་འདབ་རྒྱ་གྲོལ་བའི་པདྨ་དཀར། །ཐུགས་བསྐྱེད་བསྟན་པ༴།མཆོག་གི་སར་གཤེགས་མི་ཕམ་ཆོས་རྒྱལ་དང་། །ཁམས་གསུམ་འགྲོ་བའི་དཔལ་མགོན་བསྟན་པའི་ཉི། །བཅུ་ཕྲག་ཀུན་མཁྱེན་ཡོངས་འཛིན་ལྷ་དབང་བློའི། །ཐུགས་བསྐྱེད་བསྟན་པ༴ །ལྷོ་ཕྱོགས་དཔལ་གྱི་དུམ་བུའི་ནགས་ལྗོངས་འདི། །འོག་མིན་ཞིང་ལྟར་སྐལ་བདགེར་མཛད་པའི། །སྐྱབས་མགོན་ངག་དབང་རྣམ་པར་རྒྱལ་བའི་སྡེའི། །ཐུགས་བསྐྱེད༴ །འཕགས་པ་དགྱེས་པའི་ཁྲིམས་ལྡན་པད་དཀར་འབྱུང་། །བྱང་ཆུབ་སེམས་ཀྱི་མངའ་བདག་བསོད་ནམས་འོད། །གྲུབ་གཉིས་དབང་སྒྱུར་བསྟན་འཛིན་རབ་རྒྱས་ཀྱི། །ཐུགས་བསྐྱེད༴ །བྱམས་མགོན་དངོས་སྣང་ངག་དབང་རྒྱལ་མཚན་དང་། །ཐུབ་དབང་གཉིས་པ་ཤཱཀྱ་རིན་ཆེན་དཔལ། །ལྔ་རིག་པཎ་ཆེན་བསྟན་འཛིན་ཆོས་རྒྱལ་གྱི། །ཐུགས་བསྐྱེད༴ །འཇམ་དབྱངས་བློ་མངའ་ཀུན་དགའ་རྒྱ་མཚོ་ཆེ། །གསང་བདག་ཡོན་ཏན་ཕ་མཐའ་ཡས་པའི་སྡེ། །རོ་སྙོམས་སྤྱོད་འཆང་ཤེས་རབ་སེང་གེ་ཡི། །ཐུགས་བསྐྱེད༴ །མདོ་སྔགས་ལེགས་བཤད་འབྱུང་ཁུངས་འཇམ་དབྱངས་མཚན། །བརྟན་མཁས་ཡོན་ཏན་རྫོགས་པའི་ཤེས་རབ་རྒྱལ། །སྨིན་གྲོལ་མཛོད་འཛིན་ཡོན་ཏན་རྒྱལ་མཚན་གྱི། །ཐུགས་བསྐྱེད༴ །བསྟན་འགྲོའི་གཙུག་རྒྱན་འཇིགས་མེད་ཆོས་རྒྱལ་དང་། །ཧེ་རུ་ཀ་དཔལ་ཤཱཀྱ་ཤྲཱིའི་ཞབས། །བརྒྱུད་སྲོལ་ཀུན་འདུས་བསྟན་འཛིན་རྒྱ་མཚོ་ཡི། །ཐུགས་བསྐྱེད༴།ཁྱད་པར་སྒྲུབ་སྡེ་ངེས་དོན་དགའ་བའི་ཚལ། །སྤེལ་བའི་ཐུགས་བསྐྱེད་ཉིན་བྱེད་འཛུམ་འོད་ཅན། །བཀའ་དྲིན་གསུམ་ལྡན་འཇམ་དབྱངས་བླ་མ་ཡི། །ཐུགས་བསྐྱེད་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །མཆོག་གསང་ཐེག་རྩེ་ངེས་དོན་ལམ་བཟང་ཕུལ། །བསྐྱེད་རྫོགས་ཟུང་འཇུག་རྡོ་རྗེའི་ཟློས་གར་གྱིས། །གྲུབ་པའི་རྒྱལ་ཐབས་རང་དབང་བསྒྱུར་པའི་གླིང་། །ཕན་བདེའི་དགའ་ཚལ་དར་རྒྱས་ཡུན་གནས་ཤོག། ཁྱད་པར་ལྷོ་ལྗོངས་ས་ཡི་ལྟེ་བ་འདིར། །ལྔ་རིག་སྨྲ་བའི་བཤད་སྲོལ་མི་ཉམས་པར། །དཔལ་ལྡན་འབྲུག་པ་ངག་དབང་རྣམ་རྒྱལ་གྱི། །ཐུགས་བསྐྱེད་བསྟན་པ་དར་ཞིང་རྒྱས་གྱུར་ཅིག དེ་ལྟར་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་བསྟན་པའི་ཡང་སྙིང་འཇིག་རྟེན་དབང་ཕྱུག་དཔལ་ལྡན་འབྲུག་པ་རིན་པོ་ཆེའི་བསྟན་པ་རྒྱ་ཆེར་རྒྱས་པར་སྨོན་པ་དཔག་བསམ་ལྗོན་པའི་དྲི་བསུང་ཞེས་བྱ་བ་ནང་ཆེན་ཟག་མེད་སྤྲུལ་སྐུ་ངག་དབང་བསྟན་འཛིན་བློ་གྲོས་ཀྱིས་མཛད་པ་གཞིར་བཞག་ལ། ལྷོ་ལྗོངས་ཤིང་ལོའི་ཚལ་གྱི་འབྲུག་ལུགས་འཛིན་པ་སྒྲུབ་སྡེ་ཆེན་པོ་ངེས་དོན་ཟུང་འཇུག་གྲུབ་པའི་དགའ་ཚལ་བ་རྣམས་ཀྱི་ཐུགས་འདོད་བཞིན་བསྒྱུར་ཁ་ཕྲན་བུ་ཤཱཀྱའི་དགེ་སློང་ཡོན་ཏན་འོད་ཀྱིས་བགྱིད་པ་དགེ་ལེགས་སུ་གྱུར་ཅིག།