བཱར་བྷེ་ཌོས།
བཱར་བྷེ་ཌོས་འདི་ ཤར་ཕྱོགས་ཀེ་རི་བི་ཡན་མཚོ་ནང་ལུ་ འཛམ་གླིང་སྐེད་མཚམས་ལས་ བྱང་ཁ་ཐུག་ལུ་ ཌི་གི་རི་༡༣ དེ་ཅིག་གི་ས་ཁར་ གནས་ཡོད་པའི་མཚོ་གླིང་རྒྱལ་ཁབ་ཅིག་ཨིན། མཚོ་གླིང་དེའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་ ༤༣༠ ཡོད་པའི་མཚོ་གླིང་འདི་ ཀེ་རི་བི་ཡན་མཚོ་གླིང་སྡེ་ཚན་གྱི་ནང་ལས་ ཤར་ཕྱོགས་ཁ་ཐུག་གི་འདི་ཨིན། སྤྱི་ལོ་༢༠༢༤ ལུ་ མི་རློབས་ ༢༩༠,༠༠༠ དེ་ཅིག་ཡོདཔ་དང་ ལུང་ཕྱོགས་འདི་ནང་ མི་རློབས་མང་སུ་ཡོད་པའི་མཚོ་གླིང་ཅིག་ཨིན།
རྒྱལ་ས་ལྟེ་བ་ བིརིཇ་ཊཱོན།
བཱར་བྷེ་ཌོས་ཀྱི་ ལྷོ་ནུབ་མཚོ་འགྲམ་ལུ་ཆགས་ཡོད་པའི་ བིརིཇ་ཊཱོན་འདི་ མཚོ་གླིང་འདི་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། ས་ཆ་ཀི་ལོ་མི་ཊར་གྲུ་བཞི་༣.༥ དེ་ཅིག་ཡོད་པའི་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་སྲིད་དོན་ དེ་ལས་ དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིན། མི་རློབས་༡༡༠,༠༠༠ དེ་ཅིག་ཡོད་པའི་ བིརིཇ་ཊཱོན་འདི་ མི་རིགས་མ་འདྲཝ་ཡོད་པའི་ནང་ལས་ གཙོ་བོ་ར་ ཨཕ་རི་ཀ་གི་རིགས་བརྒྱུད་དང་ གཞན་ཡང་མི་སྡེ་ཆུང་སུ་སྦེ་ ཡུ་རོབ་དང་ རྒྱ་གར་གྱི་མི་སྡེ་ དེ་ལས་གཞན་ཚུ་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན།
ཁྲོམ་ཚོགས་འདི་ནང་ ལོ་བསྟར་བཞིན་དུ་ དྲོད་ཚད་སྤྱིར་སྙོམས་ལུ་ སེལ་ཤི་ཡཱསི་ ༢༩°C ཡོད་པའི་གནམ་གཤིས་ཡོདཔ་ཨིན་པས། བྱུང་རབས་དང་འཁྲིལ་བ་ཅིན་ བིརིཇ་ཊཱོན་འདི་ སྤྱི་ལོ་༡༦༢༨ ལུ་ ཨིང་ལིཤ་གིས་ གཞི་བཙུགས་འབད་ཡོདཔ་དང་ གུ་རམ་གྱི་བཟོ་གྲྭ་ཡར་འཕར་འགྱོ་བའི་སྐབས་ ཁག་ཆེ་བའི་གྲུ་ཁ་ཅིག་ལུ་འགྱུར་ནུག། འདི་ནང་ལུ་ རྒྱལ་ཁབ་དབང་འོག་བཙུགས་ནི་དང་ མི་ཚུ་ཟཔ་སྦེ་གཡོག་བཀོལ་ནི་གི་ བྱུང་རབས་དང་གཅིག་ཁར་་འབྲེལ་བ་ཡོདཔ་དང་ དུས་རབ་༡༧ པའི་ནང་བཞེངས་ཡོད་པའི་ ཁག་ཆེ་བའི་སྒྲིང་ཁྱིམ་ལེ་ཤ་ཅིག་ཡོདཔ་ཨིན་པས།
སྲིད་དོན་དང་བདག་སྐྱོང་ལྟེ་བ་ཅིག་འབདཝ་ལས་ བིརིཇ་ཊཱོན་འདི་ བཱར་བྷེ་ཌོས་གཞུང་གིས་ ལཱ་འབད་སའི་ས་སྒོ་ཅིག་ཨིན། རྒྱལ་ཁབ་འདི་ བློན་ཆེན་ཡོད་པའི་ སྤྱི་ཚོགས་དམངས་གཙོའི་རྒྱལ་ཁབ་ཅིག་ཨིནམ་ལས་ ཕྱི་འབྲེལ་མཐུན་ལམ་འདི་ ཀེ་རི་བི་ཡཱན་རྒྱལ་ཁབ་གཞན་དང་ ཡུ་ཀེ་དང་གཅིག་ཁར་ མཐུན་ལམ་དམ་ཟབ་བཞག་ནི་ལུ་ གཙོ་བོར་བཏོནམ་ཨིན། ཨིང་སྐད་འདི་གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིནམ་ལས་ བྲིས་ལྷག་ཤེས་ཡོན་གྱི་ཚད་གཞི་འདི་ ཧ་ལམ་བརྒྱ་ཆ་༩༩ དེ་ཅིག་ཡོདཔ་ཨིན།
བིརིཇ་ཊཱོན་གྱི་དཔལ་འབྱོར་འདི་ ལྟ་བཤལ་གྱིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ འདི་གིས་ དངུལ་ཁང་དང་བཟོ་གྲྭ་ དེ་ལས་ སོ་ནམ་གྱི་ལཱ་ཚུ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ཕན་ཐོགས་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན། བཱར་བྷེ་ཌི་ཡཱན་ཌོ་ལར་(BBD) འདི་ཁོང་གི་དངུལ་ལོར་ཨིན་པས། ཁྲོམ་སྡེ་འདི་ནང་ ལྟ་བཤལ་དང་ རྩེད་རིགས་ དེ་ལས་ སྙན་ཆ་དང་ སྒྱུ་རྩལ་ཚུ་ལུ་ ག་ར་གིས་སྤྲོ་བ་བསྐྱེད་དེ་ཡོདཔ་ཨིན་པས།
གནམ་གཤིས་དང་ཆགས་ཚུལ།
བཱར་བྷེ་ཌོས་ལུ་ ཚ་དྲོད་ཀྱི་གནམ་གཤིས་ཡོདཔ་ལས་ ལོ་བསྟར་བཞིན་དུ་ ཚ་དྲོད་ཀྱི་ཚད་འདི་ སེལ་ཤི་ཡཱསི་ ༢༤°C ལས་ ༣༠°C ཚུན་གནས་ཏེ་སྡོད་དོ་ཡོདཔ་ཨིན། མཚོ་གླིང་འདི་ནང་ རླུང་འཚུབ་འདི་ དཀོན་དྲགས་སྦེ་ཡོད་རུང་ ཨེཊ་ལཱན་ཊིག་རླུང་འཚུབ་འཕུ་བའི་དུས་ཚོད་སྐབས་ དེའི་ཤུགས་ཀྱིས་ སྤྱི་ཟླ་༦ པ་ལས་ སྤྱི་ཟླ་༡༡ པ་ཚུན་ཚོད་ ཆརཔ་རྐྱབ་དོ་ཡོདཔ་ཨིན། ས་ཆའི་གནས་སྟངས་ཀྱི་ཐད་ལུ་ རྒྱལ་ཁབ་ནང་ན་ཁ་ཐུག་གི་ས་ཚུ་ མཐོ་སྟོད་མཐོ་སྨད་དང་ སྒང་རི་གིས་གང་ཡོད་རུང་ མཚོ་འགྲམ་ཚུ་བྱེ་ཐང་སྦེ་ཡོདཔ་མ་ཚད་ མཚོའི་མཐའམ་དང་ མཚོ་ནང་རྡོ་བྱག་དང་སྲོག་ཆགས་ཚུ་ མཛེས་ཏོག་ཏོ་སྦེ་ཡོདཔ་ལས་ ལྟ་བཤལཔ་ཚུ་སྤྲོ་བ་བསྐྱེད་དེ་འོང་དོ་ཡོདཔ་ཨིནཔས།
བྱུང་རབས་དང་མི་རིགས།
བཱར་བྷེ་ཌོས་འདི་ འགོ་དང་པ་ར་ ཨིསི་པེ་ནིཤ་གིས་ དུས་རབས་༡༥ པ་མཇུག་བསྡུ་ཁམས་ཅིག་ཁར་ མཐོང་ཡོདཔ་ཨིན་རུང་ སྤྱི་ལོ་༡༦༢༧ ལུ་ ཨིང་ལིཤ་རྒྱལ་ཁབ་ཀྱིས་ དབང་འོག་ལུ་བསྡུ་ནུག། སྤྱི་ལོ་༡༩༦༦ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ རང་དབང་ཐོབ་སྟེ་ ལོ་ངོ་༤༠༠ དེ་ཅིག་གི་རིང་ལུ་ བིརི་ཊིཤ་གི་དབང་འོག་ལུ་སྡོད་ནུག། མཚོ་གླིང་འདི་ནང་ལུ་ མི་རིགས་མ་འདྲཝ་ཡོདཔ་ལས་ མི་རློབས་བརྒྱ་ཆ་༩༠ དེ་ཅིག་ ཨཕ་རི་ཀ་གི་མིའི་རིགས་བརྒྱུད་ལས་ཨིནམ་དང་ འདི་ཡང་ ཨེ་ཊ་ལེན་ཊིག་རྒྱ་མཚོའི་ཕར་ཁ་ལས་ ལཱ་འབད་མི་ཟཔ་གི་མི་ ཚོང་འབྲེལ་གྱི་སྐབས་ལུ་འབག་འོང་མི་ མི་ཚུ་གི་རིགས་བརྒྱུད་ཚུ་ཨིན་མས། དེ་མ་ཚད་ ཡུ་རོབ་དང་ ཤར་ཕྱོགས་རྒྱ་གར་གྱི་མི་སྡེ་ དེ་ལས་ མི་རིགས་གཞན་ཚུ་བརྒྱ་ཆ་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན།
ཆོས་ལུགས་དང་ལམ་སྲོལ།
བཱར་བྷེ་ཌོས་ལུ་ ཡེ་ཤུའི་ཆོས་ལུགས་དང་ དམིགས་བསལ་གྱིས་ ཨེང་ལི་ཀཱེན་འདི་ ཆོས་ལུགས་གཙོ་བོ་ཅིག་ཨིནམ་མ་ཚད་ གཞན་མི་ པོརོ་ཊེསི་ཊཱནཊ་ཆོས་ལུགས་དང་ རོ་མཱན་ཀེ་ཐོ་ལི་སི་ཟཱམ་ དེ་ལས་ ཧིན་དུ་གི་མི་སྡེ་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན། མཚོ་གླིང་འདི་ནང་ ཨཕ་རི་ཀ་དང་ བིརི་ཊིཤ་ དེ་ལས་ ཀེ་རི་བི་ཡཱན་གྱི་ལམ་སྲོལ་ཚུ་གིས་ ཤན་ཞུགས་འབད་དེ་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ཡོདཔ་ཨིན། སྒྱུ་རྩལ་དང་སྙན་ཆ་ དེ་ལས་ ཞབས་ཁྲ་ཚུ་ ལུ་སྤྲོ་བ་ཡོདཔ་ལས་ གལ་ཆེ་བའི་ཆ་ཤས་ཅིག་ཨིན་མས། མཚོ་གླིང་འདི་ནང་ གུ་རམ་གྱི་ཐོན་ཤུགས་བསྡུ་བའི་དུས་སྟོན་ཚུ་ཡང་ ཡོངས་གྲགས་ཅན་ཅིག་ཨིན་པས།
གྱོན་ཆས་དང་ལུས་རྩལ།
རང་ལུགས་བཱར་བྷེ་ཌི་ཡཱན་གྱི་གྱོན་ཆས་འདི་ སྤྱིར་བཏང་གི་གྱོན་ཆས་ཅིག་ཨིནམ་ལས་ འདི་ཡང་ གནམ་གཤིས་དྲོད་ཤུགས་ཡོདཔ་ལས་བརྟེན་ཨིན་མས། ས་གནས་ནང་ ཕོ་སྐྱེས་ཚུ་གིས་ སྤྱིར་བཏང་ལུ་ ཀ་བལ་གྱི་གྱོན་ཆས་གྱོནམ་ཨིནམ་ད་ ཨམ་སྲུ་ཚུ་གིས་ གོས་ཐུང་གྱོནམ་ཨིན་པས། དུས་སྟོན་ཚུ་གི་སྐབས་ལུ་ ནུབ་ཕྱོགས་ཀྱི་རྒྱལ་ཡོངས་གྱོན་ཆས་ཚུ་ གྱོནམ་ཨིན་པས། བཱར་བྷེ་ཌི་ཡཱན་ཚུ་གིས་ རྩེད་རིགས་ལུ་སྤྲོ་བ་ཡོདཔ་དང་ ཀིརི་ཀེཊ་འདི་ ཡོངས་གྲགས་ཅན་ཅིག་ཨིནམ་ལས་ མཚོ་གླིང་འདི་ནང་ རྒྱལ་སྤྱིའི་གནས་ཚད་ནང་ ཡོངས་གྲགས་ཅན་གྱི་རྩེད་འགྲན་པ་ལེ་ཤ་ཅིག་ ཐོན་ཡོདཔ་ཨིན། རྐང་རྩེད་དང་ ནེཊ་བཱོལ་ལུ་ཡང་ སྤྲོ་བ་དང་དགའ་བ་ཡོདཔ་ཨིན་པས།
གཞུང་སྐྱོང་།
བཱར་བྷེ་ཌོས་འདི་ སྤྱི་ཚོགས་ཀྱི་དམངས་གཙོའི་རིང་ལུགས་དང་ རྩ་ཁྲིམས་ཅན་གྱི་རྒྱལ་གཞུང་ཨིནམ་དང་ རྒྱལ་པོ་ཅཱར་ལིསི་༣ པ་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་སྦེ་ཕྱག་ཞུ་དོ་ཡོདཔ་དང་ ས་གནས་གཞུང་གི་གནས་ཚད་ནང་ ཁོ་གི་ཚབ་སྦེ་ ཡོངས་ཁྱབ་སྤྱི་འཛིན་གྱིས་ངོ་ཚབ་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། བློན་ཆེན་འདི་ གཞུང་སྐྱོང་གི་འགོ་འཛིན་ཨིན། རྒྱལ་ཁབ་འདི་ནང་ ཁྲིམས་བཟོའི་ཚོགས་ཁང་གཉིས་ཡོདཔ་དང་ དེ་ནང་ ཚོགས་ཁང་གོང་འོག་གཉིས་ཡོདཔ་ཨིན། སྤྱི་ལོ་༢༠༢༡ ལུ་ བཱར་བྷེ་ཌོས་གིས་ མི་སེར་རྒྱལ་ཁབ་ཅིག་ལུ་འགྱུར་ཏེ་ བིརི་ཊིཤ་གི་རྒྱལ་བརྒྱུད་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་ བཏོན་བཏང་སྟེ་ བཙག་འཐུ་ལས་གྲུབ་མི་ སྲིད་འཛིན་ཅིག་བསྐོ་བཞག་འབད་དོ་ཡོདཔ་ཨིན་པས།
བདག་སྐྱོང་།
བཱར་བྷེ་ཌོས་ཀྱི་རྒྱལ་ས་ལྟེ་བ་འདི་ མཚོ་གླིང་འདི་གི་ལྷོ་ནུབ་མཚོ་འགྲམ་ལུ་ཆགས་ཏེ་ཡོད་མི་ བིརིཇ་ཊཱོན་ཨིན། གཞུང་དང་ཚོང་འབྲེལ་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་གཙོ་བོ་ཅིག་ཨིན། རྒྱལ་ཁབ་འདི་ ཆོས་སྡེ་༡༡ ལུ་དབྱེ་སྟེ་ཡོདཔ་ད་ ཆོས་སྡེ་རེ་ལུ་ རང་སོའི་ས་གནས་གཞུང་སྐྱོང་ཡིག་ཚང་ཡོདཔ་ཨིན།
ཕྱི་འབྲེལ།
བཱར་བྷེ་ཌོས་གིས་ རྒྱལ་སྤྱིའི་མི་སྡེ་དང་གཅིག་ཁར་ མཐུན་ལམ་དམ་ཟབ་བཞག་སྟེ་ཡོདཔ་མ་ཚད་ འཛམ་གླིང་སྤྱི་ཚོགས་དང་ རྒྱལ་ཁབ་ཀྱི་སྤྱི་མཐུན་ཚོགས་པ་ དེ་ལས་ ཀེ་རི་བི་ཡཱན་མི་སྡེ་(CARICOM) བཟུམ་གྱི་ ལས་སྡེ་མ་འདྲཝ་ཚུ་གི་འཐུས་མི་ཅིག་ཨིན། འཛམ་གླིང་རྒྱལ་ཁབ་ཚུ་དང་གཅིག་ཁར་ དམིགས་བསལ་གྱིས་ ཀེ་རི་བི་ཡཱན་གྱི་ཁྱིམ་ཚང་དང་ ཧེ་མ་ཡུ་ནའི་ཊེཊ་ཀིང་ཌོམ་གི་ དབང་འོག་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་བཞག་སྟེ་ཡོདཔ་ཨིན།
སྐད་ཡིག་དང་ཤེས་རིག།
ཨིང་སྐད་འདི་ བཱར་བྷེ་ཌོས་ཀྱི་གཞུང་འབྲེལ་སྐད་ཡིག་ཨིན། མཚོ་གླིང་འདི་ནང་ ཤེས་རིག་འདི་ བརྩི་མཐོང་སྦོམ་བསྐྱེད་དོ་ཡོདཔ་ལས་ བྲིས་ལྷག་ཤེས་ཡོན་གྱི་ གནས་ཚད་འདི་ བརྒྱ་ཆ་༩༩ དེ་ཅིག་ཡོདཔ་ཨིན། གཞུང་གིས་ འབྲིང་རིམ་སློབ་གྲྭ་བརྒྱུད་དེ་ རིན་མེད་སྟོང་པ་སྦེ་ ཤེས་ཡོན་བྱིན་དོ་ཡོདཔ་ད་ ཀེཔ་ཧིལ་ལུ་ཡོད་པའི་ ཝེསཊ་ ཨིན་ཌིསི་གཙུག་ལག་སློབ་སྡེ་རྩིས་ཏེ་ མཐོ་རིམ་ཤེས་ཡོན་གྱི་ གཙུག་སྡེ་ལེ་ཤ་ཅིག་ཡོདཔ་ཨིན་པས།
དཔལ་འབྱོར་དང་ཚོང་འབྲེལ།
བཱར་བྷེ་ཌོས་ཀྱི་དཔལ་འབྱོར་འདི་ མ་འདྲཝ་སྦེ་ཡོདཔ་ལས་ ལྟ་བཤལ་དང་སོ་ནམ་ དེ་ལས་ བཟོ་གྲྭ་ཚུ་ལུ་ གཙོ་བོ་བཏོན་དོ་ཡོདཔ་ཨིན། སོ་ནམ་གྱི་ལཱ་ནང་ ཧེ་མ་འབདན་གུ་རམ་གྱི་ཐོན་སྐྱེད་གུར་ ཤུགས་བཏོན་དོ་ཡོད་རུང་ ད་རེས་ནངས་པར་ གུ་རམ་དང་ཚོད་བསྲེ་ དེ་ལས་ ཤིང་འབྲས་ཚུ་ལུ་ཡང་གཙོ་བོར་བཏོན་དོ་ཡོདཔ་ཨིན། མཚོ་གླིང་འདི་ནང་ སྤྱི་ལོ་༢༠༢༣ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ དྲོ་ལར་ཐེར་འབུམ་༥.༤ ཡོདཔ་ཨིན་པས། ཁོང་གི་དངུལ་ཀྲམ་འདི་ བཱར་བེ་ཌི་ཡན་ཌོ་ལར་(BBD) ཨིནམ་དང་ དེའི་ཤུགས་ཚད་འདི་ ཡུ་ཨེས་དྲོ་ལར་དང་གཅིག་ཁར་ འདྲ་མཉམ་སྦེ་བཟོ་ཡོདཔ་ཨིན། ལྟ་བཤལ་འདི་ ལས་སྡེ་སྦོམ་ཤོས་ཅིག་ཨིནམ་ད་ མཚོ་གླིང་འདི་གི་ མཚོའི་མཐའམ་ཚུ་ མཛེས་ཏོག་ཏོ་ཡོདཔ་དང་ རྒྱལ་རབས་ཀྱི་ས་ཁོངས་ དེ་ལས་ སྐྱིད་གནས་ཟ་ཁང་དགའ་ཏོག་ཏོ་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ འོང་ནིའི་སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན།
བཟོ་གྲྭ་དང་ལཱ་གཡོག།
བཱར་བྷེ་ཌོས་ལུ་ ལྟ་བཤལ་དང་སོ་ནམ་གྱི་ལཱ་ཚུ་གི་མ་དོ་བར་ ཕྱི་རྒྱལ་དངུལ་འབྲེལ་དང་ ཉེན་བཅོལ་ དེ་ལས་ བརྡ་དོན་འཕྲུལ་རིག་ཚུ་རྩིས་ཏེ་ ཞབས་ཏོག་ལས་སྡེ་ཚུ་ཡང་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས། ལཱ་གཡོག་མེད་པའི་ ཚད་གཞི་དེ་ བརྒྱ་ཆ་༡༡ དེ་ཅིག་ཨིནམ་ད་ གཞུང་གིས་ ཡུན་བརྟན་བཟོ་གྲྭ་དང་ འཕྲུལ་རིག་ཚུ་ནང་ ལཱ་གཡོག་གི་ གོ་སྐབས་རྒྱ་སྐྱེད་འབད་ནི་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན་པས།
དམག་སྡེ།
བཱར་བྷེ་ཌོས་གིས་ དམག་སྡེ་ཆུང་ཀུ་ཅིག་དང་དེའི་མིང་ཡང་ བཱར་བྷེ་ཌོས་སྲུང་སྐྱོབ་དམག་སྡེ་ (BDF) ཟེར་ཡོདཔ་དང་ དེ་ཡང་གཙོ་བོ་ར་ ནང་འཁོད་ཉེན་སྲུང་དང་ རྐྱེན་ངན་གྱི་གྲོགས་རམ་གྱི་ལཱ་ཚུ་ནང་ གྲོགས་རམ་འབད་དོ་ཡོདཔ་ཨིན། ལུང་ཕྱོགས་སྲུང་སྐྱོབ་དམག་སྡེ་དང་ མཉམ་འབྲེལ་འབད་དེ་ རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་ལས་འགུལ་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན།
ལྟ་བཤལ།
ལྟ་བཤལ་འདི་ བཱར་བྷེ་ཌོས་ཀྱི་དཔལ་འབྱོར་གྱི་ གཞི་འགྱམ་གཙོ་བོ་ཅིག་ཨིནམ་ལས་ ལོ་བསྟར་བཞིན་དུ་ མཚོ་གླིང་འདི་ནང་ ལྟ་བཤལཔ་ས་ཡ་ལས་བཅད་དེ་ འོང་དོ་ཡོདཔ་ཨིན། འདི་ནང་སྤྲོ་བ་གཙོ་བོ་ཅིག་འདི་ ནུབ་མཚོའི་མཐའ་མར་ བྱེམ་དཀརཔོ་གི་མཚོའི་མཐའ་མ་དང་ ཧེ་རི་སཱོན་ཀེབ་གི་རྡོ་གི་བྱག་ཕུག་ དེ་ལས་ ཡུ་ནེསི་ཀོ་གི་ འཛམ་གླིང་སྲོལ་ཁྱུན་ས་ཁོངས་ བིརིཇ་ཊའུན་ཚུ་ཨིན། མཚོ་གླིང་འདི་ནང་ ཆུ་རྩེད་རིགས་མ་འདྲཝ་དང་ རྒྱལ་རབ་ཅན་གྱི་ས་ཁོངས་ དེ་ལས་ ལོ་ཐོག་དུས་སྟོན་བཟུམ་གྱི་ སྤྲོ་སྣང་ཅན་གྱི་དུས་སྟོན་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ཀེ་རི་བི་ཡཱན་ལུ་ ལྟ་བཤལ་པ་ཚུ་ལུ་ ས་སྒོ་སྤྲོ་བ་ཅན་ཅིག་ལུ་འགྱུར་ཡོདཔ་ཨིན་པས།
མཇུག་དོན།
བཱར་བྷེ་ཌོས་འདི་ མཚོ་གླིང་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ རྒྱལ་ཁབ་ལོངས་སྤྱོད་དང་ལྡན་པ་དང་ ལམ་སྲོལ་མ་འདྲཝ་ དེ་ལས་ དཔལ་འབྱོར་ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ཨིན། ཀེ་རི་བི་ཡཱན་ལུ་ ས་སྒོ་ཁག་ཆེ་ཏོག་ཏོ་ནང་གནས་ཡོདཔ་ལས་དང་ ལྟ་བཤལ་དང་སོ་ནམ་ལས་སྡེ་ཚུ་ ཡར་རྒྱས་འགྱོ་མི་འདི་གིས་ ལུང་ཕྱོགས་འདི་ནང་ ཡོངས་གྲགས་ཅན་ཅིག་དང་ གོང་འཕེལ་ཅན་ཅིག་སྦེ་ སྡོད་དོ་ཡོདཔ་ཨིན་པས།
རྒྱབ་རྟེན།
https://en.wikipedia.org/wiki/Barbados