Jump to content

བུ་སཱན། སཱའུཐ་ཀོ་རི་ཡ། Busan, South Korea

Wikipedia ལས།
བུ་སཱན་གྱི་ཁྲོམ་སྡེ།

༉ བུ་སཱན་འདི་ གྲུ་ཆགས་ས་སྦོམ་ཤོས་དང་སཱའུཐ་ཀོ་རི་ཡ་གི་ཁྲོམ་ཚོགས་སྦོམ་ཤོས་ཨང་གཉིས་པ་ཨིན། ཁྲོམ་ཚོགས་དེ་གི་མིང་ལུ་ ཧེ་མ་ པུ་སཱན་ཟེར་ཡང་སླབ་སྲོལ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ ཀོ་རི་ཡ་གི་ཕྱོགས་གསུམ་ཆུ་གླིང་གི་རྩེ་ལས་ ཤར་ལྷོ་ཁ་ཐུག་ལུ་ཆགས་ཏེ་ཡོདཔ་ཨིན། []ཁྲོམ་ཚོགས་དེ་ བྱང་དང་ནུབ་ཁ་ཐུག་ལུ་ སཱའུཐ་ཀོ་རི་ཡ་གི་སཱའུཐ་གི་ཡོང་སང་མངའ་སྡེ་ཡོདཔ་དང་  ལྷོ་དང་ཤར་ཁ་ཐུག་ལུ་ ཀོ་རི་ཡ་གི་མཚོའི་མཐུད་ཡུར་ཨིསི་ཊེཊ་འདི་ཡོདཔ་ཨིན། སྤྱི་ལོ་ ༢༠༡༢ གི་མི་རྩིས་དང་འཁྲིལཝ་ད་ བུ་སཱན་ལུ་ མི་རློབས་ ༣,༤༣༩,༠༠༠ ཡོདཔ་སྦེ་ཚུད་དེ་ཡོདཔ་དང་ སྤྱི་ལོ་ ༢༠༢༤ ལུ་ མི་རློབས་ ས་ཡ་ ༣.༣ ལས་ལྷག་སྟེ་ཡོདཔ་སྦེ་བཀོད་དེ་འདུག། ཁྲོམ་ཚོགས་འདི་ཁྲོམ་ཆེན་གྱི་གནས་ཚད་ཁར་ཡོད་པའི་ཁར་ གཞུང་ལྟེ་བའི་དབང་ཚད་ཀྱི་འོག་ལུ་ཐད་ཀར་དུ་ཨིནམ་དང་ བདག་སྐྱོང་གི་གནས་ཚད་ཁར་ མངའ་སྡེ་དང་འདྲ་མཉམ་ཡོདཔ་ཨིན་པས། བུ་སཱན་གི་འོག་ལུ་རྫོང་ཁག་ ༡༥ དང་ཚོ་ཁག་ གཅིག་ཡོདཔ་ཨིན།

ཁྲོམ་འདི་ སྐྱེལ་འདྲེན་དང་གྲུ་ཐོག་འགྲུལ་སྐྱོད་ཀྱི་དོན་ལུ་ གལ་ཆེ་བའི་ས་གནས་ཅིག་ཨིནམ་དང་ ས་གནས་དེ་ཚུ་ནང་གཞན་ཕྱི་རྒྱལ་ཁབ་ཀྱི་ཚོང་འབྲེལ་པ་ཚུ་གིས་ཡང་ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས། སྐྱེལ་འདྲེན་གྱི་དོན་ལུ་ གནམ་གྲུ་ཐང་དང་གྲུ་ལམ་ རེལ་ལི་དང་མེ་ཊོ་གི་ལམ་ སྣུམ་འཁོར་གྱི་ལམ་ཚུ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ བུ་སཱན་གྲུ་ཆགས་ས་དང་ ཧེ་ཡཱུན་དེ་མཚོ་འགྲམ་ལས་བརྟེན་ཏེ་ གནམ་མེད་ས་མེད་ཡོངས་གྲགས་ཐལ་ཏེ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ སཱའུཐ་ཀོ་རི་གི་དོན་ལུ་ དཔལ་འབྱོར་དང་ཤེས་ཡོན་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ཆ་བཞགཔ་མ་ཚད་ རྒྱལ་ཁབ་ནང་གི་གྲུ་ཆགས་ས་གར་དྲགས་ཡོད་པའི་ཁྲོམ་ཚོགས་ཅིག་ཨིནམ་དང་ འཛམ་གླིང་གི་གྲུ་ཆགས་ས་གར་དྲགས་སྦེ་ཡོད་པའི་ཁྲོམ་ཚོགས་ཚུ་ལས་ ཨང་དྲུག་པའི་ནང་ཨིན་པས། []

སྔོན་མ་ཀོ་རི་ཡ་རྒྱལ་ཁབ་གཉིས་ཀྱི་བར་ན་ཕྱད་མདའ་རྐྱབ་པའི་སྐབས་ སཱའུཐ་ཀོ་རི་ཡ་གི་ཁྲོམ་ཚོགས་གཉིས་ ནོརཐ་ཀོ་རི་ཡ་གིས་བཙན་འཛུལ་མ་འབད་མ་ཚུགསཔ་ཨིན་པས། དེ་གཉིས་ལས་གཅིག་འདི་བུ་སཱན་ཨིནམ་ལས་ བྱུང་རབས་ནང་རྩ་ཅན་ཅིག་སྦེ་རྩིཝ་ཨིན་པས། ཧེ་མ་ བུ་སཱན་ཁྲོམ་ཚོགས་འདི་ཡང་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ རྒྱལ་ཁབ་ཀྱི་རྒྱལ་ས་སྦེ་སྡོད་ཡོདཔ་ཨིན།

ཁྲོམ་ཚོགས་ཀྱི་མིང་ལུ་ འགོ་ཐོག་ བུ་སཱན་པོ་ཟེར་བཏགས་ཡོདཔ་ཨིན་པས། དེ་ཡང་ བུ་སཱན་གྲུ་ཆགས་སའི་རྒྱབ་ཁར་ཡོད་པའི་གངས་རི་ལུ་བརྟེན་ཏེ་བཏགས་བཏགསཔ་ཨིན་པས། བུ་ཟེར་མི་འདི་ཁྲོ་ལུ་གོ་ནི་དང་ སཱན་ཟེར་མི་འདི་ གངས་རི་ལུ་གོ་ནི་ཨིན། དེ་ལས་པོ་ཟེར་མི་འདི་ གྲུ་ཆགས་ས་ལུ་གོ་ནི་ཨིན། གྲུ་ཆགས་ས་འདི་ གངས་རི་ཁྲོ་བཟུམ་ཡོད་མིའི་རྩ་བར་ཆགས་ཡོདཔ་ལས་ བུ་སཱན་པོ་ཟེར་བཏགས་བཏགསཔ་ཨིན་པས། དུས་རབས་ ༡༥ ལས་འགོ་བཙུགས་ ད་རེས་ལག་ལན་འཐབ་མིའི་མིང་ བུ་སཱན་ཟེར་མི་འདི་ཁྱབ་ཆེཝ་སྦེ་ར་ལག་ལེན་འཐབ་ནུག། ཀོ་རི་གི་ཁ་ཉག་རྐྱང་ནང་ ག་མ་མོས་ཟེར་སླབ་དོ་ཡོདཔ་ཨིན། དེ་ཡང་ ག་མ་ཟེར་མི་འདི་ཁྲོ་དང་མོས་ཟེར་མི་འདི་ གངས་རི་ལུ་གོ་ཚུགས་ནི་ཨིན་པས། []

ཁྲོམ་ཚོགས་དེ་ནང་ ཡོངས་གྲགས་ཅན་གྱི་སེན་ཊམ་ཁྲོམ་ཚོགས་ཡོད་མི་དེ་ནང་  པར་རིས་འགྲེམས་སྟོན་ལྟེ་བ་ བུ་སཱན་འཛམ་གླིང་ཚོང་འབྲེལ་ལྟེ་བ་ བརྡ་བརྒྱུད་ལྟེ་བ་ མཛོད་ཁང་ཚུ་ཡོདཔ་ཨིན། མཛོད་ཁང་དེ་ཡང་ གི་ནསི་འཛམ་གླིང་གི་ཐོ་དེབ་དྲག་ཤོས་ནང་ཚུད་ཡོདཔ་ཨིན། ཁྲོམ་ཚོགས་ནང་ གྲུ་བཟོ་སྐྲུན་དང་ སྣུམ་འཁོར་བཟོ་བཅོས་ གློག་འབྲེལ་ཅ་ཆས་ ངར་ལྕགས་དང་ སི་ར་མིག་ རྫས་སྦྱོར་དང་ ཤོག་ཀུ་གི་བཟོ་གྲྭ་འཕྲུལ་ཁང་ཡོདཔ་ཨིན། བུ་སཱན་ལུ་ལམ་སྲོལ་དང་འབྲེལ་བའི་ལྷ་ཁང་དང་གནས་ བྱུང་རབས་ཅན་གྱི་ས་གནས་ཡོདཔ་མ་ཚད་ ཟ་འཐུང་དང་ཐབ་ཆས་ བཀབ་གོ་ལ་ སྡོད་གནས་ ཆང་བཟོ་མི་ མཁོ་ཆེ་བའི་ཅ་ཆས་ཚུ་ཉོ་ནིའི་དོན་ལུ་ སྒྲིང་ཁྱིམ་ཐོག་རིངམོ་འབད་མི་ལས་འགོ་བཙུགས་ ཐོག་ཆུང་ཀུ་དང་ཁྲོམ་ལམ་བདའ་བཙོང་མི་ཚུན་གྱི་ཚོང་ཁྲོམ་ཡོདཔ་ཨིན། དེ་བཟུམ་སྦེ་བཤལ་ནི་དང་ཉིམ་གསོ་ནི་ རྩེདམོ་རྩེ་ནི་ ངལ་སངས་ནིའི་དོན་ལུ་ མཚོ་འགྲམ་ཚུ་ཡོདཔ་ཨིན། བུ་སཱན་ཀ་རིང་དང་ ཀིམ་ཇེ་སཱན་གྱི་པར་རིས་འགྲེམས་སྟོན་ཁང་དེ་ཁར་ཡོདཔ་ཨིན། གམ་ཅིའོན་གཡུས་ཚན་འདི་སྒྲིང་ཁྱིམ་ཐོག་ཉུངམ་སྦེ་ཚོན་མ་འདྲཝ་འདྲཝ་བཏང་སྟེ་དགའ་ཏོག་ཏོ་སྦེ་ཡོདཔ་ཨིན། གཙུག་ལག་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་སྡེ་ སློབ་གྲྭ་ ཕྱི་རྒྱལ་གྱི་དོན་ལུ་སློབ་གྲྭ་ཚུ་ཡང་ལེ་ཤ་ཡོད་པའི་ཁར་ གླིང་ག་མ་འདྲཝ་ཚུ་ས་གནས་སོ་སོ་ལས་ཕར་མཐོང་སར་ཡོདཔ་ཨིན། རྩེདམོ་རྩེ་སའི་རྩེད་ར་དང་རྩེ་ཐང་ཚུ་ཡོདཔ་མ་ཚད་ ས་གནས་ཚུ་ནང་ ལས་རིམ་དང་དུས་སྟོན་མ་འདྲཝ་ཚུ་ཡང་བརྩི་སྲུང་འབད་སྲོལ་ཡོདཔ་ཨིན། ཁྲོམ་ནང་ཧེ་མ་ ༢༠༠༢ ལུ་ཨེ་ཤི་ཡ་གེམསི་ཟེར་བའི་རྩེད་འགྲན་འགོ་འདྲེན་འཐབ་ཡོད་པའི་ཁར་ སྤྱི་ལོ་ ༢༠༡༨ ལུ་གནམ་གདུན་གྱི་ཨོ་ལིམ་པིག་རྩེད་འགྲན་དང་ སྤྱི་ལོ་ ༢༠༢༤ ལུ་ གནམ་བྱཱ་གི་ཨོ་ལིམ་པིག་གི་རྩེད་འགྲན་འགོ་འདྲེན་འཐབ་ཡོདཔ་ཨིན། དེ་བཟུམ་སྦེ་ སྤྱི་ལོ་ ༢༠༠༥ ལུ་ ཨེ་ཤི་ཡ་པེ་སི་ཕིག་གི་དཔལ་འབྱོར་མཉམ་འབྲེལ་གྱི་ཞལ་འཛོམས་ཡང་ བུ་སཱན་ལུ་སྦེ་འགོ་འདྲེན་འཐབ་ཡོདཔ་ཨིན། []

བུ་སཱན་གྱི་གནམ་གཤིས་ཀྱི་ཐད་ཁར་ རློན་གཤེར་ལྡན་པའི་ཁར་བསིལ་དྲོད་རན་ཏོག་ཏོ་སྦེ་སྡོད་དོ་ཨིནམ་དང་ དྲོད་ཤུགས་མཐོ་དྲགས་དང་དམའ་དྲགས་སྦེ་སྡོད་ནི་འདི་དཀོན་དྲགས་ཅིག་ཨིན་པས། སྤྱི་ཟླ་ ༥ པ་ལས་ ༧ པ་ཚུན་ སོ་ཁའི་ཕྱི་མཚམས་དང་ གནམ་བྱཱ་གི་སྔ་མཚམས་ཨིནམ་ལས་ ས་ཐོག་ཁར་སྡོད་པའི་ས་གནས་ཚུ་དང་ཕྱདཔ་ད་ བུ་སཱན་འདི་རྒྱ་མཚོའི་རྩ་བར་འབདཝ་ལས་བརྟེན་བསིལ་དྲགས་སྦེ་འོང་དོ་ཡོདཔ་ཨིན། དེ་ལས་ སྤྱི་ཟླ་ ༨ པ་དང་ ༩ པ་ གནམ་བྱཱ་གི་ཕྱི་མཚམས་དང་ གནམ་སེར་ཁའི་སྔ་མཚམས་ལུ་ཚ་ཏོག་ཏོ་དང་རློན་གཤེར་ཅན་སྦེ་སྡོད་དོ་ཡོདཔ་ཨིན། དེ་གི་སྐབས་ཆརཔ་ཡང་གནམ་མེད་ས་མེད་རྐྱབ་ནི་འདི་གིས་ རླུང་འཚུབ་དྲག་པོ་ཡང་འཕུ་དོ་ཡོདཔ་ཨིན།  

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་བརྟེན་དཔེ་དེབ།

  1. 1 2 3 4 ཝི་ཀི་པི་ཌི་ཡ། (༢༠༢༥) བུ་སཱན། https://simple.wikipedia.org/wiki/Busan ནང་ལས་ཐོབ་ཡོདཔ་ཨིན།