བྱང་མེ་སི་ཌོ་ནི་ཡ། Macedonia
ངོ་སྤྲོད།

༉ གཞུང་འབྲེལ་དུ་ བྱང་མེ་སི་ཌོ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་སླབ་མི་ བྱང་མེ་སི་ཌོ་ནི་ཡའི་རྒྱལ་ཁབ་འདི་ ཡུ་རོབ་ཀྱི་ཤར་ལྷོ་ཁ་ཐུག་གི་དབུས་ལུ་ཆགས་ཏེ་ཡོད་པའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༩༡ ལུ་ ཧེ་མའི་ ཡུ་གོ་སི་ལ་ཝི་ཡའི་སྤྱི་མཐུན་གཞུང་འདི་ཁ་གཏོར་ཏེ་འགྱོ་བའི་ཤུལ་ རང་དབང་ཐོབ་སྟེ་ཡོདཔ་ཨིན། ཨིན་རུང་ རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ངོ་རྟགས་འདི་ གིརིསི་དང་གཅིག་ཁར་ མིང་བཏགས་ནི་གི་རྩོད་རྙོག་ལས་བརྟེན་ཏེ་ ཡུན་རིངམོ་སྦེ་ར་ ཐོ་ཕོག་སྟེ་ཡོདཔ་དང་ དེ་ཡང་ གིརིསི་གིས་ རྒྱལ་རབས་དང་ས་ཁོངས་ཀྱི་ཚ་གྱང་ལུ་བརྟེན་ མིང་ “མེ་སི་ཌོ་ནི་ཡ་” ལག་ལེན་འཐབ་ནི་ལུ་རྒྱབ་འགལ་འབད་ཡོདཔ་ཨིན། དེ་ལས་ སྤྱི་ལོ་ ༢༠༡༩ ལུ་ རྒྱལ་ཁབ་འདི་གིས་ གཞུང་འབྲེལ་དུ་ རྒྱལ་ཁབ་ཀྱི་མིང་ “བྱང་མེ་སི་ཌོ་ནི་ཡ་” ལུ་མིང་བསྒྱུར་བཅོས་འབད་ཞིནམ་ལས་ཚུར་ རྩོད་རྙོག་བསལ་ཏེ་ རྒྱལ་སྤྱིའི་མཉམ་འབྲེལ་ཚུ་ཡང་འབད་ཚུགས་ཏེ་ཡོདཔ་ཨིན། ད་རེས་ རྒྱལ་ཁབ་འདི་གི་རྒྱལ་ས་ ཨིསི་ཀོ་པི་ཡ་ལུ་ཆགས་ཏེ་ཡོདཔ་ཨིན།
སའི་རྒྱ་ཚད་དང་ས་ཆ་རིག་པ།

བྱང་མེ་སི་ཌོ་ནི་ཡ་འདི་ ས་ཆ་རིག་པ་དང་ས་གཞི་གནས་སྟངས་མ་འདྲཝ་དང་ ཁྱད་པར་ཅན་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ བྱང་ཕྱོགས་ལུ་ ཀོ་སོ་བོ་དང་སར་བི་ཡ་ ཤར་ཕྱོགས་ལུ་བཱལ་ག་རི་ཡ་ ལྷོ་ཕྱོགས་ལུ་གིརིསི་ ནུབ་ཕྱོགས་ལུ་ཨཱལ་བེ་ནི་ཡ་ཚུ་དང་ ས་མཚམས་བཅད་དེ་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་འདི་གི་ས་ཆའི་རྒྱ་ཁྱོན་ཡོངས་བསྡོམས་ ཀི་ལོ་མི་ཊར་གྲུ་བཞི་མ་ ༢༥,༧༠༠ དེ་ཅིག་ཡོདཔ་དང་ ས་ཆའི་རྒྱ་ཁྱོན་ཡོངས་རྫོགས་ གངས་རི་གིས་བསྐོར་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ས་ཆ་རིག་པ་འདི་ བྱང་ནུབ་ཁ་ཐུག་ལུ་ སཱར་རི་རྒྱུད་དང་ ཤར་ཁ་ཐུག་ལུ་ ཨཱོས་གོ་བོ་བེ་ལ་སི་ཀ་རི་རྒྱུད་ཚུ་གིས་ ཁྱད་ཆོས་འབད་དེ་ཡོདཔ་ཨིནམ་དང་ རྒྱལ་ཁབ་ཀྱི་གངས་རི་མཐོ་ཤོས་ ཨཱལ་བྷ་ནི་ཡ་གི་ས་མཚམས་ལུ་ཡོད་པའི་ མི་ཊར་ ༢༧༦༤ འབད་མི་ གངས་རི་ཀོ་རབ་འདི་ཨིན།
རྒྱལ་ཁབ་ཀྱི་སྦུག་ལས་ ཝར་ཌར་གཙང་ཆུ་འདི་འགྱོ་དོ་ཡོདཔ་དང་ འདི་གིས་ ཚོང་འབྲེལ་དང་ སོ་ནམ་ དེ་ལས་ ཁྲོམ་སྡེ་གོང་འཕེལ་གྱི་ནང་ལུ་ ཁག་ཆེ་བའི་རྒྱུ་རྐྱེན་འབད་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ རང་བཞིན་གྱི་མཚོ་སྦོམ་གསུམ་ཆགས་ཏེ་ཡོད་པའི་ས་གོ་ཅིག་ཡང་ཨིནམ་དང་ དེ་ཚུ་ཡང་ ཨོ་རིཊ་མཚོ་དང་ པེརེསི་པ་མཚོ་ དེ་ལས་ དོ་རཱན་མཚོ་ཚུ་ཨིན། འདི་གི་ནང་ལས་ ཡུ་ནེསི་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ཨིན་མི་ ཨོ་རིཊ་མཚོ་འདི་ ཡུ་རོབ་ལུ་ མཚོ་རྙིང་ཤོས་དང་གཏིང་ཟབ་ཤོས་ཅིག་ཨིནམ་དང་ མཚོ་འདི་ སྐྱེ་ལྡན་རིགས་སྣ་དང་རྒྱལ་རབས་ཀྱི་གལ་གནད་ལུ་ཡོངས་གྲགས་ཅིག་ཨིན། དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ས་ཆ་བརྒྱ་ཆ་ ༤༠ དེ་ཅིག་ ནགས་ཚལ་གྱིས་གང་སྟེ་ཡོདཔ་ལས་ བཱལ་ཀཱན་ལིནཀསི་བཟུམ་གྱི་ ཉམས་ཉེན་ཅན་གྱི་སྐྱེ་ལྡན་རིགས་སྣ་ཚུ་བརྩིས་ཏེ་ སྔོ་ཤིང་དང་སྲོག་ཆགས་མ་འདྲཝ་ཚུ་སྲུང་སྐྱོབ་འབདཝ་ཨིན། ཨིན་རུང་ རྒྱལ་ཁབ་འདི་ ས་ཡོམ་གྱི་ས་ཁོངས་ནང་ཚུད་དེ་ཡོདཔ་ལས་ སྤྱི་ལོ་ ༡༩༦༣ ལུ་ ས་ཡོམ་ཤུགས་སྦེ་འོངས་ཏེ་ རྒྱལ་ས་ལྟེ་བ་ཨིསི་ཀོ་པི་ཡ་ལུ་ གནོད་སྐྱོན་སྦོམ་སྦེ་ར་བྱུང་ཡོདཔ་ཨིན།
མི་རློབས་དང་མི་རིགས།
བྱང་ཕྱོགས་མེ་སི་ཌོ་ནི་ཡ་ལུ་ མི་རློབས་ས་ཡ་ ༢ ལྷགཔ་ཅིག་ཡོདཔ་དང་ རྒྱལ་ཁབ་འདི་གི་མི་འབོར་ཞིབ་རྩིས་འདི་ མ་འདྲཝ་དང་སྣ་འདུས་སྦེ་ཡོདཔ་ཨིན། འདི་ནང་ལས་ མི་རིགས་སྦོམ་ཤོས་འདི་ མེ་སི་ཌོ་ནི་ཡཱན་མི་རིགས་འདི་ཨིནམ་དང་ རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་ ༦༤ དེ་ཅིག་མི་རིགས་འདི་ཡོདཔ་ཨིན། དེ་ལས་ མི་རིགས་སྡེ་ཚན་སྦོམ་ཤོས་གཉིས་པ་དེ་ ཨཱལ་བ་ནི་ཡཱན་མི་རིགས་འདི་ཨིནམ་དང་ མི་རིགས་དེ་ནང་ མི་བརྒྱ་ཆ་ ༢༥ དེ་ཅིག་ཡོདཔ་ཨིན། དེ་གཉིས་ཀྱི་ཐོག་ཁར་ མི་རིགས་གཞན་མི་ཚུ་ཡང་ ཊརཀསི་ རོ་མ་ སཱརབསི་ ཨེ་རོ་མ་ནི་ཡཱན་དང་བཱོསི་ནི་ཡག་ཚུ་ཡོདཔ་ཨིན།
བྱང་མེ་སོ་ཌོ་ནི་ཡའི་མི་རིགས་འདྲ་མིན་དེ་ ཆོས་ལུགས་འབྲེལ་མཐུན་ཡོད་མེད་ཀྱི་ཁྱད་པར་གྱིས་ གསལ་སྟོན་འབདཝ་ཨིན། རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་ ༦༠ དེ་ཅིག་ ཡེ་ཤུ་པའི་ཆོས་ལུགས་འཛིན་མི་ཨིནམ་སྦེ་ངོས་འཛིན་འབད་དེ་ཡོདཔ་དང་ དེ་ཡང་གཙོ་བོ་ མེ་སི་ཌོ་ནི་ཡཱན་ཡིད་ཆེས་ ཡེ་ཤུའི་མཆོད་ཁང་དང་འབྲེལ་བ་ཡོདཔ་ཨིན་མས། དེ་ལས་ མི་རློབས་བརྒྱ་ཆ་ ༣༢ དེ་ཅིག་གིས་ མུཛ་ལིམ་ཨིནམ་སྦེ་ངོས་འཛིན་འབད་དེ་ཡོདཔ་དང་ དེ་ཡང་མང་ཤོས་ ཨཱལ་བ་ནི་ཡཱན་དང་ཊར་ཀིཤ་གི་རིགས་བརྒྱུད་ལས་ཨིན་མས། ཆོས་ལུགས་དང་མི་རིགས་ཀྱི་ངོ་རྟགས་འདི་ མི་སྡེ་དང་སྲིད་དོན་གྱི་ནང་ལུ་ ཁག་ཆེ་བའི་གནད་འགག་ཅིག་ཨིནམ་དང་ མི་སྡེ་དང་རྒྱལ་ཁབ་ནང་ལུ་ ལམ་སྲོལ་ཕྱུགཔོ་སྦེ་བཟོ་དོ་ཡདཔ་ཨིན།[༡]
རྒྱལ་ཁབ་ཀྱི་རིམ་ལུགས།
བྱང་མེ་སི་ཌོ་ནི་ཡ་འདི་ སྤྱི་ཚོགས་ཀྱི་མི་སེར་རྒྱལ་ཁབ་ཀྱི་ལམ་ལུགས་འོག་ལུ་ལཱ་འབདཝ་ཨིན། དེ་ནང་ ཚོགས་པ་སྣ་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ཡོདཔ་དང་ སྲིད་འཛིན་གྱིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ བློན་ཆེན་གྱིས་གཞུང་གི་འགོ་ཁྲིད་འབདཝ་ཨིན། རྒྱལ་ཁབ་འདི་ ལྷན་སྡེ་གསུམ་ལུ་དབྱེ་སྟེ་ཡོདཔ་ཨིན། འདི་ནང་ལས་ རྒྱལ་ཁབ་འདི་གི་ཁྲིམས་བཟོ་ལྷན་སྡེ་འདི་ བྱང་མེ་སི་ཌོ་ནི་ཡ་གི་ཚོགས་འདུ་འདི་ཨིནམ་དང་ འདི་ནང་ བཙག་འཐུ་ལས་གྲུབ་པའི་འཐུས་མི་ ༡༢༠ ཡོད་པའི་ ཚོགས་ཁང་གཅིག་པ་སྦེ་གནས་ཏེ་ཡོདཔ་ཨིན། འདི་གི་འགན་ཁུར་ཚུ་ཡང་ རྒྱལ་ཁབ་ཀྱི་ཁྲིམས་བཟོ་ནི་དང་འཆར་དངུལ་ཆ་འཇོག་འབད་ནི་ དེ་ལས་ རྒྱལ་སྤྱིའི་ཆིངས་ཡིག་ཚུ་ཆ་སྦྱོར་འབད་ནི་དང་ གཞུང་སྐྱོང་ལྷན་སྡེ་གི་ཕྱག་འགན་ཚུ་བལྟ་དགོཔ་འདི་ཨིན།
ལྷན་སྡེ་སོ་སོ་གཉིསཔོ་དེ་ གཞུང་སྐྱོང་ལྷན་སྡེ་དང་དྲང་ཁྲིམས་ལྷན་སྡེ་འདི་ཨིན། གཞུང་སྐྱོང་ལྷན་སྡེ་འདི་ བཙག་འཐུ་ལས་ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་གྲུབ་པའི་ བློན་ཆེན་གྱིས་སྐྱོང་བའི་གཞུང་འདི་ཨིན། འདི་གི་ལཱ་འགན་འདི་ཡང་ གཞུང་གི་ཁྲིམས་ལག་ལེན་འབད་ནི་དང་ རྒྱལ་ཁབ་ཀྱི་བདག་སྐྱོང་འཛིན་སྐྱོང་འཐབ་ནི་ དེ་ལས་ རྒྱལ་ཡོངས་དང་རྒྱལ་སྤྱིའི་སྲིད་བྱུས་ཚུ་ལམ་སྟོན་འབད་ནི་འདི་ཨིན། དེ་བཟུམ་སྦེ་ དྲང་ཁྲིམས་ལྷན་སྡེ་གི་ཐད་ལུ་ ལྷན་སྡེ་འདི་རང་དབང་ཅན་ཅིག་ཨིནམ་དང་ ལྷན་སྡེ་འདི་གིས་ རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོ་གིས་གཙོས་པའི་ རྒྱལ་ཁབ་ཀྱི་ཁྲིམས་བདག་འཛིན་འབདཝ་ཨིན། [༢]
སྐད་ཡིག་དང་ལམ་སྲོལ།
བྱང་མེ་སི་ཌོ་ནི་ཡའི་གཞུང་འབྲེལ་སྐད་ཡིག་འདི་ མེ་སི་ཌོ་ནི་ཡཱན་སྐད་ཡིག་འདི་ཨིནམ་དང་ དེ་ཡང་ སི་རི་ལིག་ཡིག་གཟུགས་ནང་འབྲི་མི་ ལྷོ་ཕྱོགས་སི་ལེ་ཝིག་སྐད་ཡིག་ཅིག་ཨིན། དེ་ལས་ ཨཱལ་བ་ནི་ཡཱན་མི་རིགས་ཀྱི་མི་རློབས་བརྒྱ་ཆ་ ༢༠ ལྷགཔ་ཅིག་ཡོད་པའི་ལུང་ཕྱོགས་ནང་ལུ་ ཨཱལ་བ་ནི་ཡཱན་སྐད་ཡིག་འདི་ གཞུང་འབྲེལ་གྱི་སྐད་ཡིག་སོ་སོ་ཅིག་སྦེ་ངོས་འཛིན་འབད་དེ་ཡོདཔ་ཨིན། དེ་བཟུམ་སྦེ་ གཞན་མི་གྲངས་ཉུང་བའི་སྐད་ཡིག་ ཊར་ཀིཤ་ རོ་མ་ནི་ སར་བི་ཡཱན་ བཱོས་ནི་ཡཱན་དང་ ཨ་རོ་མེ་ནི་ཡཱན་ཚུ་ཡང་ ཤེས་རིག་དང་བརྡ་བརྒྱུད་ཚུ་ནང་ ལག་ལེན་འཐབ་དོ་ཡོ
ལམ་སྲོལ་གྱི་ཐད་ལུ་ བྱང་མེ་སི་ཌོ་ནི་ཡ་འདི་ ལམ་སྲོལ་དང་ཆོས་ལུགས་ དེ་ལས་ བྱུང་རབས་ཚུ་ལུ་ཕྱུག་པའི་རྒྱལ་ཁབ་ཅིག་ཨིན། དེ་བཟུམ་མའི་ལམ་སྲོལ་འདི་ བཟོ་བཀོད་རིག་པ་དང་ བཞེས་སྒོ་ སྙན་ཆ་ དེ་ལས་ དུས་སྟོན་ཚུ་ནང་ལས་ཕར་ མངོན་གསལ་ཅན་སྦེ་མཐོང་ཚུགསཔ་ཨིན། ཆོས་ལུགས་ཀྱི་ཐད་ལུ་ རྒྱལ་ཁབ་འདི་ནང་ལུ་ ཡེ་ཤུ་པའི་ཡིད་ཆེས་དང་ མུཛ་ལིམ་གྱི་ངལ་གསོ་གཉིས་ཆ་ར་ བརྩི་སྲུང་འབད་དོ་ཡོདཔ་དང་ འདི་གིས་ སྤྱིར་བཏང་ཆོས་ལུགས་མཉམ་གནས་ཀྱི་གནས་སྟངས་གསལ་སྟོན་འབདཝ་ཨིན། རྒྱལ་ཁབ་འདི་གི་རྒྱལ་ས་ལྟེ་བ་ ཨིསི་ཀོ་པི་ཡ་ལུ་ དེང་སང་གི་བཟོ་བཀོད་རིག་པ་ཚུ་སླ་བསྲེ་རྐྱབ་སྟེ་ཡོདཔ་ལས་ ཁྲོམ་སྡེ་འདི་ཡོངས་གྲགས་ཡོདཔ་ཨིན། དེ་ལས་ ཨོ་ཧྲིཊ་དང་ བི་ཏོ་ལ་བཟུམ་གྱི་ཁྲོམ་ཚོགས་ཚུ་ བྱུང་རབས་ཀྱི་གལ་གནད་ཅན་གྱི་ལྟེ་བ་ཨིནམ་དང་ དེ་ནང་སྔོན་གྱི་ལྷ་ཁང་ རོ་མཱན་གྱི་ཤུལ་ དེ་ལས་ སྤྲོ་སྣང་ཅན་གྱི་ཚོང་ཁྲོམ་ཚུ་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་ལཱ།
བྱང་མེ་སི་ཌོ་ནི་ཡ་ལུ་ རང་དབང་ཐོབ་ཞིནམ་ལས་ཚུར་ འགྱུར་བ་སྦོམ་སྦེ་རང་འགྱོ་སྟེ་ཡོད་པའི་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ འོང་འབབ་བར་མའི་དཔལ་འབྱོར་ཡོདཔ་ཨིན། ད་རེས་ དཔལ་འབྱོར་འདི་ མང་ཤོས་ར་ ཞབས་ཏོག་ལུ་གཞི་བཞག་སྟེ་ཨིནམ་དང་ འདི་གིས་ རྒྱལ་ཁབ་ནང་འཁོད་ཡོངས་འབོར་བརྒྱ་ཆ་ ༦༠ ལྷགཔ་ཅིག་བཟོ་སྟེ་ཡོདཔ་དང་ དེ་གི་ཁ་སྐོང་ལུ་ བཟོ་གྲྭ་དང་སོ་ནམ་གྱིས་ རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན། བཟོ་གྲྭའི་ལས་ཁུངས་གཙོ་བོ་ཚུ་ཡང་ ས་གཏེར་དང་ ལྕགས་བཟོ་གྲྭ་ ཐགས་རིགས་ དེ་ལས་ སྣུམ་འཁོར་གྱི་ཆ་ཤས་བཟོ་མི་ཚུ་ཨིན། དེ་ལས་ རྒྱལ་ཁབ་འདི་ རང་བཞིན་གྱི་ཐོན་སྐྱེད་ ཟངས་དང་ ཀོ་རོ་མཱའིཊ་ ལིཌ་ ཟངས་ དེ་ལས་ གསེར་ཚུ་ལུ་ཕྱུགཔོ་སྦེ་ཡོདཔ་ཨིན།
དེ་བཟུམ་སྦེ་ ལྟ་བཤལ་འདི་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ལས་སྡེ་ཅིག་ཨིནམ་དང་ དམིགས་བསལ་གྱིས་ ཨོ་ཧྲིཊ་མཚོ་དང་ རྒྱལ་ཁབ་ཀྱི་རྒྱལ་ཡོངས་གླིང་ག་ཚུ་གི་མཐའ་འཁོར་ལུ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། ཨིན་རུང་ རྒྱལ་ཁབ་ཀྱི་ཚོང་འབྲེལ་ལུ་ རྒྱལ་ཁབ་ཀྱི་བདག་དབང་ཡོད་པའི་ལས་སྡེ་ཚུ་ འཕྲལ་འཕྲལ་སྐབས་ འཛིན་སྐྱོང་ལེགས་ཤོམ་མེད་མི་ལས་བརྟེན་ མང་ཤོས་ཅིག་ ཡུན་རིང་གི་གྱོང་རྒུད་ཕོག་སྟེ་ཡོདཔ་ཨིན། ད་རུང་ ལཱ་གཡོག་མེད་པའི་གནས་སྟངས་འདི་ དམིགས་བསལ་གྱིས་ ན་གཞོན་ཚུ་གི་ནང་འཁོད་ལུ་ མཐོ་དྲགས་སྦེ་རང་ཡོདཔ་ལས་ ན་གཞོན་མཁས་མཆོག་ཚུ་ ཕྱི་རྒྱལ་ལུ་ གོ་སྐབས་ལེགས་ཤོམ་འཚོལ་བར་འགྱོ་དོ་ཡོད་པའི་དཀའ་ངལ་ཡང་ཐོན་ཏེ་ཡོདཔ་ཨིན།
དཀའ་ངལ་དང་གདོང་ལེན།
བྱང་ཕྱོགས་མེ་སི་ཌོ་ནི་ཡ་འདི་ ཡར་རྒྱས་འགྱོཝ་དང་གཅིག་ཁར་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ མི་སྡེའི་དཀའ་ངལ་ཚུ་གདོང་ལེན་འབད་དེ་ཡོདཔ་ཨིན། སྲིད་དོན་གྱི་ཐད་ལུ་ རྒྱལ་ཁབ་ནང་ ནང་འཁོད་ཀྱི་ཕྱོགས་ལྷུང་དང་ངན་ལྷད་ དེ་ལས་ ཁྲིམས་དོན་རང་དབང་དང་འབྲེལ་བའི་ གནད་དོན་ཚུ་ འཕྲོ་མཐུད་དེ་ར་བྱུང་སྟེ་ཡོདཔ་ལས་ དམངས་གཙོའི་གོང་འཕེལ་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་ཨིན། དཔལ་འབྱོར་གྱི་ཐད་ལུ་ རྒྱལ་ཁབ་ཀྱིས་ལེགས་སྒྱུར་ལེ་ཤ་འབག་འོངས་ཏེ་འབད་རུང་ བྱང་མེ་སི་ཌོ་ནི་ཡ་ལུ་ ལཱ་གཡོག་མེད་པའི་གནས་སྟངས་མཐོ་དྲགས་སྦེ་ཡོདཔ་དང་ དམིགས་བསལ་གྱིས་ ན་གཞོན་ཚུ་གི་ནང་འཁོད་ལུ་ ལུགས་མཐུན་མིན་པའི་ཚོང་ལཱ་སྦོམ་སྦེ་ར་འབད་དོ་ཡོདཔ་ཨིན།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་མི་རིགས་མ་འདྲཝ་ཡོད་མི་ལས་བརྟེན་ཏེ་ མི་རིགས་ནང་རྡོག་མ་མཐུན་པའི་དཀའ་ངལ་འབྱུང་དོ་ཡོདཔ་དང་ མི་རིགས་མེ་སི་ཌོ་ནི་ཡཱན་དང་ཨཱལ་བ་ནི་ཡཱན་གྱི་བར་ན་ འཕྲལ་འཕྲལ་སྐབས་ མ་འགྲིགསཔ་ཐོན་མི་འདི་གིས་ མི་སྡེ་གཅིག་མཐུན་ལུ་ཐོ་ཕོག་དོ་ཡོདཔ་ཨིན། དེ་ལས་ གཞན་ཡང་ གིརིསི་དང་གཅིག་ཁར་སྟབས་མ་བདེཝ་ཡོད་མི་དེ་ ཆིངས་ཡིག་གཅིག་བཟོ་ཐོག་ལས་བཤལ་ཡོད་རུང་ བྱང་མེ་སི་དོ་ནི་ཡ་འདི་ ཡུ་རོབ་གཅིག་བསྡོམས་ཚོགས་པ་ནང་འཛུལ་ནིའི་གྲོས་བསྟུན་དེ་ བཱལ་ག་རི་ཡ་དང་གཅིག་ཁར་མ་འགྲིགཔ་ཐོན་ཡོད་མི་དེ་གིས་ འཛུལ་མ་ཚུགས་པའི་གདོང་ལེན་བྱུང་སྟེ་ཡོདཔ་ཨིན། [༣]
༼སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས༽
རྒྱབ་རྟེན་དཔེ་ཆ།
- ↑ Poulton, H. (2000). Who are the Macedonians? Indiana University Press.
- ↑ Roudometof, V. (2015). Nationalism, globalization, and orthodoxy: The social origins of ethnic conflict in the Balkans. Greenwood Press.
- ↑ Brown, K. S. (2003). The past in question: Modern Macedonia and the uncertainties of nation. Princeton University Press