Jump to content

བླ་མ་བསྟེན་ཚུལ།

Wikipedia ལས།

བླ་མ་བསྟེན་པའི་ཚུལ་ནི།

[ཞུན་དག]

རྒྱལ་སྲས་ལག་ལེན་ལས།

གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང༌། །

ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །

བཤེས་གཉེན་དམ་པ་རང་གི་ལུས་ལས་ཀྱང༌། །

གཅེས་པར་འཛིན་པར་རྒྱལ་སྲས་ལག་ལེན་ཡིན། །

སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་པྱའོ། བླ་མ་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་པའོ། ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་པའོ། ཞེས་སོགས་དཔེ་དོན་དུ་མའི་

སྒོ་ནས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་བསྟེན་དགོས་ཏེ།

ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་།། འཇིགས་པས་ར་མདའ་ཚོང་པས་དེད་དཔོན་དང་།།

གྲུ་པས་མཉན་པ་བཞིན་དུ་སྐྱེ་ཤི་དང་།། ཉོན་མོངས་དགྲ༌ཡིས་འཇིགས་པས་བསྟེན་བར་བྱ།། ཞེས་གསུངས་པ་ལྟར། རང་གིས་སྲོག་ལ་བབས་ཀྱང་དགེ་བའི་བཤེས་གཉེན་འདིའི་ཐུགས་དང་འགལ་བར་མི་བྱ་སྙམ་དུ་སྙིང་སྟོབས་

ཆེ་བ། བློ་གྲོས་ཤིན་ཏུ་བརྟན་པ། ཞབས་ཏོག་སྒྲུབ་པ། ཅི་གསུང་གི་བཀའ་ལ་ཉན་ནས་རང་ཉིད་མི་སྲུང་བའི། སྐྱེས་བུ་དེ་ནི་བླ་མའི་མོས་གུས་ཁོ་ནས་གྲོལ་བར་འགྱུར་བ་ཡིན་ཏེ།

གོ་ཆ་ཆེ་ལ་བློ་གྲོས་ཤིན་ཏུ་བརྟན། ། ལུས་དང་སྲོག་ལ་མི་བལྟ་རིམ་གྲོ་བགྱིད། །

ཅི་གསུང་བཀྲ་དཀྲི་བདག་ཉིད་མི་སྲུང་བའི། ། སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། ། ཞེས་སོ། དུས་གནས་སྐབས་ཐམས་ཅད་དུ་བྱ་བ་དང་སྤྱོད་པ་ཐམས་ཅད་བླ་མའི་ཐུགས་དང་བསྟུན་ནས་སྒྲུབ་པ། ཐུགས་དང་འགལ་བའི་ལས་

མི་འབྱུང་བར་བསྲུང་བ་ལ་མཁས་པ་དང༌། བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་ཁྲོ་བ་དང་འཁོན་འཛིན་མེད་པ་རྟ་མཆོག་ལྟ་བུ། བླ་མའི་མངག་གཞུག་སོགས་ཀྱི་ཕྱིར་དུ་འགྲོ་འོང་གི་གནས་ལ་སྐྱོ་བ་མེད་པ་གྲུ་ལྟ་བུ།

ལས་བཟང་པོ་དང་ངན་པ་ཅི་དང་ཅི་ལྟ་བུ་བཀའ་སྩལ་ཀྱང་མི་ཐེག་པ་མེད་པ་ཟམ་པ་ལྟ་བུ། དཀའ་ཚེགས་དང་ཚ་གྲང་ཐམས་ཅད་བཟོད་པ་མགར་བའི་བཟོ་སྟེགས་ལྟ་བུ། ཅི་གསུང་གི་བཀའ་ཉན་པ་བྲན་ཁོལ་ལྟ་བུ།

ང་རྒྱལ་སྤངས་ནས་དམའ་ས་འཛིན་པ་ཕྱགས་དར་བ་ལྟ་བུ། དྲེགས་པ་སྤངས་ནས་ཐམས་ཅད་ལ་གུས་པ་ཁྱུ་མཆོག་ར་ཆད་པ་ལྟ་བུས་བླ་མ་བསྟེན་དགོས་པར་མདོ་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་ལས་གསུངས་པ་ཡིན་ཏེ།

བླ་མ་ཤིན་ཏུ་སྲུང་བས་མཛངས་པ་དང༌། ། བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །

གྲུ་ལྟར་འགྲོ་འོང་གནས་ལ་སྐྱོ་བ་སྤང༌། ། ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག །

བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། ། བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང༌།།

ང་རྒྱལ་སྤངས་པ་ཕྱགས་དར་ལྟ་བུ་དང༌། ། དྲེགས་པ་སྤངས་པ་ཁྱུ་མཆོག་ར་ཆད་ལྟས།།

བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས།། ཅེས་གསུངས་སོ།། [][]

  1. ཀུན་བཟང་བླ་མའི་ཞལ་ལུང་ - Wikipedia
  2. རྫ་དཔལ་སྤྲུལ་རིན་པོ་ཆེ། KMT publishers, Post Box 612, Thimphu, Bhutan. ISBN: 9993610615
"https://dz.wikipedia.org/w/index.php?title=བླ་མ་བསྟེན་ཚུལ།&oldid=33042" ལས་ སླར་འདྲེན་འབད་ཡོདཔ།