བྷུ་རུན་ཌི

སའི་རྒྱ་ཚད་དང་ཆགས་རབས། བྷུ་རུན་ཌི་འདི་ དབུས་ཨཕ་རི་ཀའི་ཤར་ཕྱོགས་ལུ་ཆགས་ཏེ་ཡོད་པའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། རྒྱལ་ཁབ་འདི་གི་བྱང་ཕྱོགས་ལུ་ རུ་ཝན་ཌ་དང་ ཤར་ཕྱོགས་དང་ལྷོ་ཕྱོགས་ལུ་ ཊཱན་ཛ་ནི་ཡ་ དེ་ལས་ ནུབ་ཕྱོགས་ལུ་ ཌེ་མོ་ཀེརེ་ཊིཀ་རི་པབ་ལིཀ་ཨོཕ་ཀོང་གྷོ་ཚུ་གིས་ མཐའ་སྐོར་ཏེ་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཁབ་འདི་གི་ནུབ་ཕྱོགས་ལུ་ ཏང་གྷ་ནི་ཀ་ཟེར་བའི་རྒྱ་མཚོའི་མཚོ་འགྲམ་ཡང་ཡོདཔ་ཨིན།
རྒྱལ་ཁབ་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༢༧,༨༣༤ དེམ་ཅིག་ཡོདཔ་དང་ རྒྱལ་ཁབ་འདི་ ཨཕ་རི་ཀཱའི་རྒྱལ་ཁབ་ཚུ་ལས་ཆུང་ཤོས་ཅིག་ཨིན། བདག་སྐྱོང་གི་ཐད་ལུ་ རྒྱལ་ཁབ་འདི་ མངའ་སྡེ་༡༨ ལུ་དབྱེ་སྟེ་ཡོདཔ་དང་ དེ་གུར་ མངའ་སྡེ་ཚུ་ཡང་ དོ་རུང་ ཀ་མུ་ཡན་དང་ཧིལ་ ཟེར་བའི་ཡན་ལག་སྡེ་ཚན་ཚུ་ལུ་ཁག་དབྱེ་སྟེ་ཡོདཔ་ཨིན།

ས་ཆའི་གནས་སྟངས་ཀྱི་ཐད་ལུ་ བྷུ་རུན་ཌི་འདི་ སྒང་ཏོ་དང་གངས་རི་ལེ་ཤ་ཡོད་པའི་རྒྱལ་ཁབ་གཅིག་ཨིན། རྒྱལ་ཁབ་ཀྱི་དབུས་ཕྱོགས་ལས་འགོ་བཙུགས་མི་ལ་ཐང་འདི་གིས་ ནུབ་ཁ་ཐུག་ལུ་ རུ་ཟི་ཟི་གཙང་ཆུ་དང་ ཏང་གྷ་ནི་ཀ་མཚོ་ཚུན་ཚོད་ལྷོད་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་མཐོ་ཚད་ལས་བརྟེན་ གནམ་གཤིས་འདི་ཚ་དྲོད་རན་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་དང་ དེ་ནང་ ཆར་ཆུ་འབབ་པའི་ནམ་དུས་གཉིས་ (སྤྱི་ཟླ་༢ པ་ལས་སྤྱི་ཟླ་༥ པ་ཚུན་དང་ སྤྱི་ཟླ་༩ པ་ལས་སྤྱི་ཟླ་༡༡ པ་ཚུན་) དང་ སྐམ་སྐྲོག་སྐྲོ་སྦེ་སྡོད་པའི་ནམ་དུས་གཉིས་ (སྤྱི་ཟླ་༦ པ་ལས་སྤྱི་ཟླ་༨ པ་ཚུན་དང་ སྤྱི་ཟླ་༡ པ་ལས་སྤྱི་ཟླ་༢ པ་ཚུན་) མྱོང་དོ་ཡོདཔ་ཨིན།
མི་རློབས་དང་མི་རིགས།
བྷུ་རུན་ཌི་ལུ་ མི་རློབས་ས་ཡ་༡༣.༦༩ དེམ་ཅིག་ཡོདཔ་ལས་ ཨཕ་རི་ཀ་ལུ་ མི་འབོར་མཐོ་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།
མི་རློབས་ཀྱི་གྲལ་ཁར་ ངོ་མ་རང་ ས་གནས་ཀྱི་མི་རིགས་གསུམ་ཡོདཔ་ཨིན། དེ་ཡང་ མི་རློབས་བརྒྱ་ཆ་༨༥ དེམ་ཅིག་ཧུ་ཏུ་དང་ བརྒྱ་ཆ་༡༤ དེམ་ཅིག་ཏུ་ཙི་ དེ་ལས་ བརྒྱ་ཆ་༡ དེམ་ཅིག་ཊ་ཝ་ཟེར་མི་ མི་རིགས་གསུམ་ཡོདཔ་ཨིན། མི་རིགས་མ་འདྲ་བའི་ངོ་རྟགས་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་མི་སྡེའི་བསྒྱུར་བཅོས་ནང་ལུ་ གནད་འགག་ཆེ་བའི་ཆ་རྐྱེན་གཅིག་སྦེ་བརྩི་དོ་ཡོདཔ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
བྷུ་རུན་ཌི་འདི་ སྲིད་འཛིན་གྱིས་སྐྱོང་བའི་གཞུང་གཅིག་རྐྱངམ་གཅིག་ཡོད་པའི་མི་སེར་རྒྱལ་ཁབ་ཅིག་ཨིན། སྤྱི་ལོ་༢༠༠༥ ལུ་ རྒྱལ་ཁབ་འདི་ནང་ ཡུན་རིང་གི་ནང་འཁྲུག་གཅིག་མཇུག་བསྡུ་བའི་ཤུལ་ལས་ རྒྱལ་ཁབ་འདི་གི་རྩ་ཁྲིམས་ཆེན་མོ་འདི་ཆ་འཇོག་འབད་ཡོདཔ་དང་ རྒྱལ་ཁབ་ཀྱི་སྲིད་དོན་ལམ་ལུགས་འདི་ཡང་ རྩ་ཁྲིམས་ཆེན་མོ་ལུ་འདི་ལུ་གཞི་བཞག་སྟེ་བཟོ་ཡོདཔ་ཨིན། རྒྱལ་ཁམས་དང་གཞུང་གཉིས་ཆ་རའི་དབུ་ཁྲིདཔ་ཨིན་མི་ སྲིད་འཛིན་འདི་ མང་མོས་ཀྱི་ཚོགས་རྒྱན་ཐོག་ལས་ བཙག་འཐུ་འབདཝ་ཨིན།
རྒྱལ་ཁབ་འདི་ནང་ ཚོགས་ཁང་གཉིས་ལྡན་གྱི་སྤྱི་ཚོགས་ལམ་ལུགས་ཡོདཔ་དང་ དེ་ནང་ རྒྱལ་ཡོངས་ཚོགས་འདུ་དང་ སེ་ནེཊ་ ཟེར་བའི་ཚོགས་ཁང་གཉིས་ཡོདཔ་ཨིན། མི་རིགས་མ་འདྲཝ་ཚུ་ གཞུང་སྐྱོང་ལམ་ལུགས་ནང་ལུ་ བཅའ་མར་གཏོགས་ནིའི་གོ་སྐབས་འདྲ་མཉམ་སྦེ་བྱིན་ཐབས་ལུ་དམིགས་ཏེ་ ཧུ་ཏུ་དང་ཏུད་སིས་གཉིས་ཀྱི་བར་ན་ དབང་ཚད་བགོ་བཀྲམ་གྱི་ལམ་ལུགས་ཡང་ བཙུགས་ཏེ་ཡོདཔ་ཨིན། རྩ་ཁྲིམས་འདི་ལེགས་བཅོས་འབད་དེ་ར་འབད་རུང་ རྒྱལ་ཁབ་འདི་ནང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ དབང་བཙན་གཞུང་ལུགས་ཀྱི་དཀའ་ངལ་ཚུ་ འཕྲོ་མཐུད་དེ་རང་ ཐོན་དོ་ཡོདཔ་ཨིན།
ལམ་སྲོལ་དང་ཆོས་ལུགས།
བྷུ་རུན་ཌི་གི་ལམ་སྲོལ་འདི་ བཱན་ཏུ་གི་རང་ལུགས་ལམ་སྲོལ་ཚུ་ལུ་གཞི་བཞག་ཡོདཔ་དང་ དེ་ནང་ ངག་ཐོག་གི་བྱུང་རབས་དང་ བང་རྔ་བརྡུང་ནི་ དེ་ལས་ ཞབས་ཁྲ་རྐྱབ་ནི་དང་ སྲུང་གཏང་ནིའི་སྲོལ་ཚུ་ ཁྱབ་ཆེ་ཏོག་ཏོ་སྦེ་ཡོདཔ་ཨིན། དེ་གུ་ རང་ལུགས་སོ་ནམ་གྱི་ལཱ་འབད་ཐངས་དང་ མི་སྡེའི་འཚོ་བའི་གནས་སྟངས་ཚུ་གིས་ཡང་ ཁོང་གི་ལམ་སྲོལ་མ་འདྲ་བའི་ཁྱད་ཆོས་ལུ་ ཤན་ཞུགས་དོ་ཡོདཔ་ཨིན།
བྷུ་རུན་ཌི་ལུ་ མི་སེར་མང་ཤོས་ཅིག་རང་ ཡེ་ཤུ་པའི་ཆོས་ལུགས་འཛིན་མི་ཚུ་ཨིནམ་དང་ དེ་ནང་ མི་རློབས་བརྒྱ་ཆ་༦༢ དེམ་ཅིག་ རོ་མཱན་ཀེ་ཐོ་ལིག་གི་ཡེ་ཤུའི་ཆོས་ལུགས་འཛིན་མི་དང་ བརྒྱ་ཆ་༢༣ དེམ་ཅིག་ པྲོ་ཊེས་ཊེནཊ་གི་ཡེ་ཤུའི་ཆོས་ལུགས་འཛིན་མི་ དེ་ལས་ ཁ་ཆེའི་ཆོས་ལུགས་བསྟེན་མི་ཡང་ བརྒྱ་ཆ་༢ དེ་ཅིག་ཡོདཔ་ཨིན། དེ་མ་ཚད་ གྲོང་གསེབ་ས་གོ་ཚུ་ནང་ རང་ལུགས་ཀྱི་ཡིད་མོས་ལུ་བསྟེན་མི་ཡང་ཡོདཔ་ཨིན། དེ་ལས་ ཆོས་ལུགས་ཀྱི་དལ་དབང་འདི་ རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོའི་ནང་ར་འཁོད་དེ་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
བྷུ་རུན་ཌི་འདི་ འཛམ་གླིང་ནང་ལུ་ དཔལ་འབྱོར་གོང་འཕེལ་གྱི་ཚད་གཞི་ཉུང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ མི་རློབས་བརྒྱ་ཆ་༩༠ ལྷགཔ་ཅིག་ རང་འཚོ་ཙམ་གྱི་སོ་ནམ་གྱི་ལཱ་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ་ཨིན། རྒྱལ་ཁབ་འདིའི་ཕྱིར་ཚོང་གཙོ་བོ་རང་ ཀྭ་ཕི་དང་ཇ་རིལ་ ཀ་བལ་ དེ་ལས་ གསེར་ཚུ་ཨིན།
རྒྱལ་ཁབ་འདིའི་དཔལ་འབྱོར་ལུ་ རང་བཞིན་ཐོན་སྐྱེད་ཚད་གཅིག་ལས་བརྒལ་མེད་མི་དང་ གཞི་རྟེན་མཐུན་རྐྱེན་སྒྲིང་སྒྲི་མེད་མི་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ དེ་ལས་ གནམ་གཤིས་ལས་བརྟེན་པའི་ཉེན་ཁ་ ལ་སོགས་པའི་གདོང་ལེན་ཚུ་བྱུང་དོ་ཡོདཔ་ཨིན། དེ་གུ་ བཟའ་འཐུང་ལངམ་སྦེ་མེད་མི་དང་ དབུལ་ཕོངས་ཀྱི་དཀའ་ངལ་འདི་ ད་ལྟོའི་བར་ན་ཡང་ ཁྱབ་ཆེཝ་སྦེ་རང་ཡོདཔ་ཨིན། གཞུང་གིས་ དཔལ་འབྱོར་ལེགས་བཅོས་དང་ གོང་འཕེལ་མ་དངུལ་གྱི་དོན་ལུ་ རྒྱལ་སྤྱིའི་གཙུག་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དོ་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ བྷུ་ཇུམ་བྷུ་ར།
ཏང་གྷ་ནི་ཀ་རྒྱ་མཚོའི་བྱང་ཤར་ལུ་ཆགས་ཡོད་པའི་ བྷུ་ཇུམ་བྷུ་ར་གི་ཁྲོམ་འདི་ བྷུ་རུན་ཌི་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་མ་ཚད་ དཔལ་འབྱོར་དང་ཚོང་འབྲེལ་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཡང་ཨིན། སྤྱི་ལོ་༢༠༡༩ ལུ་ སྲིད་དོན་གྱི་རྒྱལ་ས་ལྟེ་བ་འདི་ གཞུང་འབྲེལ་དུ་ གི་ཊེ་ག་ལུ་སྤོ་བཤུད་འབད་ཡོད་རུང་ བྷུ་ཇུམ་བྷུ་ར་འདི་ ད་ལྟོའི་བར་ན་ཡང་ ཚོང་འབྲེལ་དང་བཟོ་གྲྭ་ དེ་ལས་ རྒྱལ་སྤྱིའི་མཉམ་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་སྦེ་རང་ལུས་ཏེ་ཡོདཔ་ཨིན།
དུས་རབས་༡༩ པ་མཇུག་བསྡུ་ཁམས་ལུ་ རྒྱལ་ཁབ་འདི་ ཇཱར་མ་ནིའི་དབང་འོག་བཙུགས་པའི་སྐབས་ལུ་ ས་ཁོངས་འདི་ནང་ ས་སྲུང་དམག་སྒར་གཅིག་གཞི་བཙུགས་འབད་ཐོག་ལས་ ད་ལྟོའི་ཁྲོམ་འདི་ ཆགས་ནི་འགོ་བཙུགས་ནུག། འཛམ་གླིང་དམག་ཆེན་དང་པ་མཇུག་བསྡུ་བའི་ཤུལ་ལས་ ཁྲོམ་འདི་ བྷེལ་ཇམ་གྱི་དབང་འོག་ལུ་ བདག་སྐྱོང་ལྟེ་བ་ཅིག་སྦེ་གནས་ཡོདཔ་ཨིན། དེ་ལས་ སྤྱི་ལོ་༡༩༦༢ ལུ་ བྷུ་རུན་ཌི་རང་དབང་ཐོབ་པའི་ཤུལ་ལུ་ ཁྲོམ་གྱི་མིང་འདི་ སྔོན་མའི་མིང་ ཨུ་སུམ་བྷུ་ར་ལས་ བྷུ་ཇུམ་བྷུ་ར་ལུ་བསྒྱུར་བཅོས་འབད་ཡོདཔ་ཨིན། དེ་གི་ཤུལ་ལས་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ བྷུ་ཇུམ་བྷུ་ར་འདི་ ཞི་བའི་ངོ་རྒོལ་དང་ མི་རིགས་ཀྱི་འཛིང་ལས་བརྟེན་ སྟབས་མ་བདེ་བའི་གནས་སྟངས་ཐོག་ལུ་གནས་ཡོདཔ་དང་ དམིགས་བསལ་དུ་ བྷུ་རུན་ཌི་ཡཱན་ནང་འཁྲུག་གི་སྐབས་ལུ་ ཁྲོམ་འདི་ལུ་ གནོད་སྐྱོན་སྦོམ་སྦེ་རྐྱབ་ཡོདཔ་ཨིན།
ས་ཆའི་གནས་སྟངས་ཀྱི་ཐད་ལུ་ བྷུ་ཇུམ་བྷུ་ར་འདི་ མཐོ་ཚད་མི་ཊར་༧༧༤ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། དེ་གུ་ ཁྲོམ་འདི་ རུ་ཟི་ཟི་གཙང་ཆུ་དང་ ཏང་གྷ་ནི་ཀ་མཚོ་གཉིས་འཛོམས་སའི་ས་གོ་ནང་ ཆགས་ཏེ་ཡོད་ནི་འདི་གིས་ ཁྲོམ་འདི་ སྔོ་ལྗང་ཅན་དང་ མཛེས་ཆ་ཅན་སྦེ་མཐོང་དོ་ཡོདཔ་མ་ཚད་ ཁྲོམ་འདི་ རྒྱལ་ཁབ་ཀྱི་གྲུ་ཆགས་སའི་ས་གནས་ གལ་གནད་ཅན་གཅིག་ལུ་འགྱུར་ཏེ་ཡོདཔ་ཨིན། དེ་ཡང་ ཀཱ་ཕི་དང་ཇ་རིལ་ དེ་ལས་ ཀ་བལ་ ལ་སོགས་པའི་ཕྱིར་ཚོང་ཚུ་ མང་ཆེ་ཤོས་ཅིག་ ཁྲོམ་འདི་ནང་ཡོད་པའི་ གྲུ་ཆགས་ས་ལས་ འབད་དོ་ཡོདཔ་ཨིན།
དེ་ལས་ ཁྲོམ་འདི་གི་དཔལ་འབྱོར་འདི་ གཙོ་བོ་ར་ སོ་ནམ་དང་ མེ་འོད་ཀྱི་བཟོ་གྲྭ་ དེ་ལས་ ལུང་ཕྱོགས་ཚོང་འབྲེལ་ཚུ་ལུ་གཞི་བརྟེན་དོ་ཡོདཔ་ཨིན། བྷུ་ཇུམ་བྷུ་ར་ལུ་ཡོད་པའི་བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ བགོ་ལ་དང་ གླང་ལེབ་ དེ་ལས་ ལྷམ་དང་ བཟོ་སྦྱོར་འབད་བའི་བཞེས་སྒོ་ཚུ་ བཟོ་སྐྲུན་འབདཝ་ཨིན། དེ་གུ་ ཁྲོམ་འདི་རྒྱལ་ཁབ་ཀྱི་ ཕྱིར་ཚོང་དང་ནང་འདྲེན་གྱི་ཚོང་ལམ་བཟུམ་གཅིག་སྦེ་གནས་ཏེ་ཡོདཔ་ཨིན།
བྷུ་ཇུམ་བྷུ་ར་གི་ལམ་སྲོལ་འདི་ ལུགས་སྲོལ་མ་འདྲཝ་ལེ་ཤ་གིས་ཤན་ཞུགས་ཡོད་པའི་ ལམ་སྲོལ་གཅིག་ཨིན། ཆོས་ལུགས་ཀྱི་ཐད་ལུ་ ཡེ་ཤུའི་ཆོས་ལུགས་དང་ ཁ་ཆེའི་ཆོས་ལུགས་བསྟེན་མི་ཚུ་ཡོདཔ་དང་ ཆོས་ལུགས་མ་འདྲཝ་བསྟེན་མི་ཚུ་ མི་སྡེའི་ནང་མཉམ་གཅིག་གནས་ཏེ་སྡོད་དོ་ཡོདཔ་ཨིན། ཁྲོམ་འདི་ནང་ཆགས་ཡོད་པའི་ བྷུ་རུན་ཌི་གི་མི་ཚེའི་འགྲེམས་སྟོན་ཁང་དང་ ས་ཁམས་རིག་པའི་འགྲེམས་སྟོན་ཁང་ ལ་སོགས་པ་ཚུ་གི་ཐོག་ལས་ རྒྱལ་ཁབ་འདི་གི་སྲོལ་ཁྱུན་དང་ སྐྱེ་ལྡན་རིགས་སྣ་ཚུ་གི་སྐོར་ལས་ ཤེས་ཚུགས་དོ་ཡོདཔ་ཨིན། རྒྱལ་ཡོངས་ཀྱི་ངལ་གསོ་དང་ མི་མང་གི་དུས་སྟོན་ཚུའི་སྐབས་ལུ་ རང་ལུགས་ཀྱི་ཞབས་ཁྲ་རྐྱབ་ནི་དང་ བང་རྔ་རྡུང་ནི་ ལ་སོགས་པའི་ལས་རིམ་ཚུ་གི་ཐོག་ལས་ ས་གནས་ཀྱི་ལམ་སྲོལ་ཚུ་ གསལ་སྟོན་འབད་དོ་ཡོདཔ་ཨིན།
བྷུ་ཇུམ་བྷུ་ར་འདི་ མཛེས་སྡུག་ཅན་གྱི་མཚོ་མཐའི་མཐོང་སྣང་ཚུ་ཡོད་པའི་ཁྲོམ་གཅིག་ཨིན་པའི་ ཡོངས་གྲགས་ཡོདཔ་དང་ དེ་ནང་ ས་གནས་ཀྱི་མི་དང་ བལྟ་བཤལཔ་གཉིས་ཆ་ར་ འོང་དོ་ཡོདཔ་ཨིན། དེ་གུ་ ཁྲོམ་ཚོགས་འདི་ནང་ ཚོང་ཁང་དང་ འཕྲལ་སྤྱོད་ཟ་ཁང་ དེ་ལས་ བོརོ་ཅེཊ་དང་ ཨུ་གཱ་ལི་ ལ་སོགས་པའི་ ལུང་ཕྱོགས་ཀྱི་ཟ་འཐུང་ཚུ་ཐོབ་སའི་ ས་གནས་ཀྱི་ཟ་ཁང་ཚུ་ཡོདཔ་ལས་བརྟེན་ མི་སྡེའི་སྤྲོ་ཉམས་ཡང་ འདི་ཚུ་ལས་བརྟེན་ ཡུན་བརྟན་སྦེ་གནས་དོ་ཡོདཔ་ཨིན།
ཁྲོམ་སྡེ་འདི་ནང་ གཞི་རྟེན་མཐུན་རྐྱེན་སྒྲིང་སྒྲི་མེད་པའི་དཀའ་ངལ་དང་ དབུལ་ཕོངས་ཀྱི་དཀའ་ངལ་ དེ་ལས་ སྲིད་དོན་ལམ་ལུགས་བརྟན་ཏོག་ཏོ་མེད་པའི་གདོང་ལེན་ཚུ་ འཕྲོ་མཐུད་དེ་རང་བྱུང་དོ་ཡོད་རུང་ བྷུ་ཇུམ་བྷུ་ར་འདི་ བྷུ་རུན་ཌི་གི་ལམ་སྲོལ་གྱི་ངོ་རྟགས་དང་ དཔལ་འབྱོར་གྱི་སྲོག་ཤིང་གཅིག་སྦེ་རང་ གནས་ཏེ་ཡོདཔ་ཨིན། ཁྲོམ་འདིའི་ཆགས་ཡུལ་དང་ བྱུང་རབས་ཀྱི་ཤུལ་བཞག་ དེ་ལས་ སེམས་ཤུགས་ཆེ་བའི་ས་གནས་ཀྱི་མི་སེར་ཚུ་ཡོད་མི་ལས་བརྟེན་ ཁྲོམ་འདི་ རྒྱལ་ཁབ་གོང་འཕེལ་གྱི་ནང་ལུ་ མེད་ཐབས་མེདཔ་གཅིག་སྦེ་བརྩི་དོ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
- CIA World Factbook – Burundi
- World Bank – Burundi Country Overview
- Government of Burundi – Ministry of the Interior and Public Security
- Britannica – Geography and Climate of Burundi
- United Nations – World Population Prospects 2023
- Minority Rights Group International – Burundi
- Constitution of the Republic of Burundi (2005)
- Inter-Parliamentary Union – Burundi Government Structure
- Human Rights Watch – Burundi Political Overview
- UNESCO – Intangible Cultural Heritage: Burundi Drumming
- U.S. Department of State – International Religious Freedom Report: Burundi
- FAO – Burundi Agricultural Profile
- International Trade Centre – Burundi Trade Data
- IMF – Burundi Economic Outlook and Reforms
- Encyclopædia Britannica – Bujumbura https://www.britannica.com/place/Bujumbura
- BlackPast.org – Bujumbura, Burundi (1899–) https://www.blackpast.org/global-african-history/bujumbura-burundi-1899/
- International Cities of Peace – Bujumbura, Burundi https://www.internationalcitiesofpeace.org/cities-listing/bujumbura-burundi/
- Rustic Pathways – 9 Fun Facts About Burundi That You Should Know https://rusticpathways.com/blog/fun-facts-about-burundi
- Sophie's World – Bustling Bujumbura, Burundi https://www.sophiesworld.net/bujumbura-burundi/
- HelloMondo – Bujumbura, Burundi Travel Guide https://www.hellomondo.com/burundi/bujumbura/