བྷོཙ་ཝ་ན།
སའི་རྒྱ་ཚད་ ཆགས་ཡུལ་དང་ གནམ་གཤིས།


བྷོཙ་ཝ་ན་འདི་ ལྷོ་ཨཕ་རི་ཀ་ལུ་ཆགས་ཏེ་ཡོད་པའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་གི་ནུབ་དང་བྱང་ཕྱོགས་ལུ་ ན་མི་བི་ཡ་དང་ བྱང་ཤར་ཕྱོགས་ལུ་ ཛིམ་བྷབ་ཝེ་ ས་མཚམས་རྒྱ་གྲམ་གཅིག་ནང་ ཛམ་བྷི་ཡ་ དེ་ལས་ ལྷོ་དང་ཤར་ལྷོ་ཁ་ཐུག་ལུ་ སཱའུཐ་ཨཕ་རི་ཀ་ ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ སའི་རྒྱ་ཚད་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༥༨༡,༧༣༠ དེ་ཅིག་ཡོདཔ་ཨིན།
བྷོཙ་ཝ་ན་འདི་ བདག་སྐྱོང་གི་མངའ་སྡེ་༡༠ དང་ ཁྲོམ་སྡེ་ཚོགས་སྡེ་༥ ལུ་དབྱེ་སྟེ་ཡོདཔ་ཨིན། དབྱེ་ཁག་འདི་ཚུ་གི་གྲས་ལུ་ སེན་ཊལ་དང་ གཱ་བོ་རོ་ནི་ ཀག་ཊ་ལེང་ དེ་ལས་ ང་མི་ལེནཌ་ ལ་སོགས་པའི་ལང་ཕྱོགས་ཚུ་ཚུདཔ་ཨིན། རྒྱལ་ཁབ་ཀྱི་ས་ཆའི་ཆགས་ཚུལ་གྱི་ཐད་ཁར་ རྒྱལ་ཁབ་འདི་གི་ས་ཁྱོན་ བརྒྱ་ཆ་༧༠ དེ་ཅིག་ ཀཱ་ལ་ཧ་རི་བྱེ་ཐང་གིས་ ཁྱབ་སྟེ་ཡོདཔ་དང་ བྱེ་ཐང་དེ་ནང་ ས་སྐམ་རྡོ་སྐམ་གྱི་ཐང་ཡོདཔ་མ་ཚད་ སྔོ་ཚལ་གྱི་ཐང་ཡང་ཡོདཔ་ཨིན། དེ་ནང་ཡོད་པའི་ མག་གཱ་ཌིག་གཱ་ཌི་ཟེར་མི་ཚྭ་གཞོང་དང་ ཨོ་ཀ་ཝང་གོ་ཟེར་མི་མཚོ་གླིང་གཉིས་ འཛམ་གླིང་ནང་གི་མཚོ་གླིང་སྦོམ་ཤོས་ཅིག་ཨིན།
བྷོཙ་ཝ་ན་གི་གནམ་གཤིས་འདི་ ནམ་བྱཱར་ལུ་ཚ་དྲོད་ཆེ་བའི་ཁར་ དགུན་ལུ་བསིལ་ཏོང་ཏོ་དང་སྐམ་ཀྲོག་ཀྲོ་སྦེ་སྡོད་དོ་ཡོདཔ་ཨིན། དེ་ལས་ ཆརཔ་མང་ཤོས་རང་ སྤྱི་ཟླ་༡༡ པ་ལས་ སྤྱི་ཟླ་༣ པའི་བར་ན་རྐྱབ་དོ་ཡོདཔ་ཨིན།
མི་རློབས་དང་མི་རིགས།
བྷོཙ་ཝ་ན་ལུ་ མི་རློབས་ས་ཡ་༢.༧ དེ་ཅིག་ཡོདཔ་ཨིན། མི་རིགས་ཁྱབ་ཆེ་ཤོས་འདི་ ཙ་ཝ་ན་ ཟེར་བའི་མི་རིགས་འདི་ཨིནམ་དང་ མི་རིགས་འདི་ལུ་ བྷཙ་ཝ་ན་ ཟེར་ཡང་སླབ་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༧༩ དེ་ཅིག་ ཙ་ཝ་ན་ ཟེར་བའི་མི་རིགས་འདི་ཨིན། དེ་ལས་ ཀཱ་ལང་ག་ དང་ བཱ་སཱར་ཝ་ ཧེ་རེ་རོ་ དེ་ལས་ བུ་ཀུ་ཤུ་ ལ་སོགས་པའི་ མི་རིགས་གཞན་ཚུ་ཡང་ཡོདཔ་ཨིན།
དེ་འབདཝ་ལས་ བྷོཙ་ཝ་ན་འདི་ རྒྱལ་ཁབ་ཆུང་ཀུ་གཅིག་འབད་རུང་ འདི་ནང་ མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་ལས་ གཞུང་གིས་ ལམ་སྲོལ་དང་སྐད་ཡིག་མ་འདྲ་བའི་མི་རིགས་ག་ར་ གཅིག་སྒྲིལ་ཐོག་ལུ་གནས་བཅུག་ནི་ལུ་འབད་བརྩོན་བསྐྱེད་དེ་ར་ཡོདཔ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
བྷོཙ་ཝ་ན་གི་གཞུང་ལུགས་འདི་ སྤྱི་ཚོགས་ཅན་གྱི་མི་སེར་རྒྱལ་ཁབ་ཀྱི་གཞུང་ལུགས་ཨིནམ་དང་ རྒྱལ་ཁབ་འདི་ ཨཕ་རི་ཀའི་གླིང་ཆེན་ནང་ གཞུང་ལུགས་བརྟན་ཏོག་ཏོ་ཡོད་པའི་ དམངས་གཙོའི་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་སྦེ་ངོས་འཛིན་འབད་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་ སྤྱི་ལོ་༡༩༦༦ ལུ་ བིརི་ཊིཤ་ལས་ རང་དབང་ཐོབ་ཞིནམ་ལས་ཚུར་ རྒྱལ་ཁབ་འདི་གིས་ ཚོགས་པ་མང་བའི་དམངས་གཙོའི་ལམ་ལུགས་འདི་ ཆ་འཇོག་འབད་དེ་ཡོདཔ་ཨིན།
རྒྱལ་ཁམས་ཀྱི་དབུ་ཁྲིདཔ་དང་ གཞུང་གི་དབུ་ཁྲིདཔ་གཉིས་ཆ་ར་ཨིན་མི་སྲིད་འཛིན་འདི་ རྒྱལ་ཡོངས་ཚོགས་འདུ་གིས་ བཙག་འཐུ་འབདཝ་ཨིན།
ཁྲིམས་བཟོའི་དབང་ཚད་འདི་ ཚོགས་ཁང་གཅིག་རྐྱངམ་གཅིག་ཡོད་པའི་སྤྱི་ཚོགས་ལུ་སྤྲོད་དེ་ཡོདཔ་དང་ དྲང་ཁྲིམས་ལྷན་སྡེ་འདི་ལྷན་སྡེ་གཞན་གཉིས་ལས་ རང་དབང་ཐ་དད་ཨིན།
ལམ་སྲོལ་དང་ཆོས་ལུགས།
བྷོཙ་ཝ་ན་གི་ལམ་སྲོལ་འདི་ ཙ་ཝ་ན་ གི་ལམ་སྲོལ་དང་འབྲེལ་བ་སྦོམ་སྦེ་ཡོདཔ་དང་ དེ་ནང་ མི་སྡེའི་འཚོ་བ་དང་ རང་ལུགས་ཀྱི་ཁྲིམས་ཁང་ དེ་ལས་ མཛད་སྒོའི་ཞབས་ཁྲ་ཚུ་ཚུདཔ་ཨིན། དེ་ལས་ སྙན་ཆ་དང་ ངག་ཐོག་ལས་གཏམ་རྒྱུད་བཤད་ནི་ དེ་ལས་ ཕྱེངམ་བཟོ་ནི་ཚུ་ ཁོང་གི་ལམ་སྲོལ་གྱི་ཆ་ཤས་གཙོ་བོ་ཅིག་ཨིན།
རྒྱལ་ཁབ་འདི་ནང་ ཆོས་ལུགས་ཁྱབ་ཆེ་ཤོས་འདི་ ཡེ་ཤུའི་ཆོས་ལུགས་ཨིནམ་དང་ མི་རློབས་བརྒྱ་ཆ་༧༩ དེ་ཅིག་གིས་ ཆོས་ལུགས་འདི་ལུ་དད་པ་བསྐྱེད་དོ་ཡོདཔ་ཨིན། དེ་ལས་ སྲོལ་རྒྱུན་གྱི་ཨཕ་རི་ཀའི་ཆོས་ལུགས་དང་ ཆོས་ལུགས་གཞན་ཚུ་ཡང་ཡོདཔ་ཨིན། ཆོས་ལུགས་ཀྱི་ཐོབ་དབང་འདི་ རྒྱལ་ཁབ་འདི་གི་རྩ་ཁྲིམས་ཆེན་མོ་ནང་རང་འཁོད་དེ་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
བྷོཙ་ཝ་ན་འདི་ ཨཕ་རི་ཀ་ལུ་ མཐར་འཁྱོལ་ཅན་གྱི་དཔལ་འབྱོར་ཅིག་སྦེ་བརྩི་དོ་ཡོདཔ་ཨིན། དེ་ཡང་ རྡོ་རྗེ་ཕ་ལམ་གྱི་ས་གཏེར་དང་ ནོར་ཤ་ཕྱིར་ཚོང་ ལྟ་བཤལ་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ཚུ་ལས་བརྟེན་ ཁོང་གི་དཔལ་འབྱོར་འདི་ འཕྲོ་མཐུད་དེ་རང་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། བྷོཙ་ཝ་ན་འདི་ འཛམ་གླིང་གི་ རྡོ་རྗེ་ཕ་ལམ་རྒྱ་ཆེ་དྲགས་སྦེ་ཐོན་སྐྱེད་འབད་མི་རྒྱལ་ཁབ་ཨང་གཉིས་པ་ཨིནམ་དང་ མང་ཤོས་ཅིག་རང་ གཞུང་དང་སྒེར་སྡེ་གཉིས་མཉམ་འབྲེལ་གྱི་ཐོག་ལས་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན།
དེ་མ་ཚད་ རྒྱལ་ཁབ་འདི་ནང་ དངུལ་འབྲེལ་གྱི་སྲིད་བྱུས་ལེགས་ཤོམ་ཡོད་མི་དང་ ངན་ལྷད་ཉུང་སུ་ཡོད་མི་ དེ་ལས་ གཞི་རྟེན་མཐུན་རྐྱེན་དང་ཤེས་རིག་གི་ལམ་ལུགས་ཚུ་ སྒྲིང་སྒྲི་ཡོད་མི་ལས་བརྟེན་ དཔལ་འབྱོར་ཡར་རྒྱས་གཏང་ནི་ལུ་རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན། ཨིན་རུང་ ལཱ་གཡོག་ལངམ་སྦེ་མེད་མི་དང་ འོང་འབབ་འདྲ་མཉམ་མེད་མི་ ལ་སོགས་པའི་གདོང་ལེན་ཚུ་ཡང་བྱུང་དོ་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ གྷ་བྷོ་རོ་ནེ།
བྷོཙ་ཝ་ན་གི་རྒྱལ་ས་ལྟེ་བ་ གྷ་བྷོ་རོ་ནེ་འདི་ རྒྱལ་ཁབ་འདི་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། ཁྲོམ་ཚོགས་འདི་ རྒྱལ་ཁབ་ཀྱི་ཤར་ལྷོ་ཁ་ཐུག་ལུ་ སཱའུཐ་ཨཕ་རི་ཀ་གི་ས་མཚམས་ཉེ་འདབས་ལུ་ ཆགས་ཏེ་ཡོདཔ་ཨིན། སྤྱི་ལོ་༡༩༦༠ ལོར་གཞི་བཙུགས་འབད་ཞིནམ་ལས་ཚུར་ ཁྲོམ་འདི་ རྒྱལ་ཁབ་འདི་གི་ཁྲོམ་ཚོགས་ཀྱི་ལྟེ་བ་དང་ རྒྱལ་ཁབ་ཀྱི་བདག་སྐྱོང་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན།
གྷ་བྷོ་རོ་ནེ་ཟེར་བའི་མིང་འདི་ དུས་རབས་༡༩ པའི་ནང་ ས་གནས་དེ་ཁར་ གཞིས་ཆགས་མི་ བཱ་ཊི་ལོ་ཀྭ་ཟེར་བའི་མི་རིགས་ཀྱི་གཙོ་འཛིན་ ཀོ་སི་གྷ་བྷོ་རོ་ནེའི་མིང་ལས་ རྟ་དྲང་སྟེ་བཏགས་ཡོདཔ་ཨིན་པས། བྷོཙ་ཝ་ན་འདི་ བིརི་ཊིཤ་གི་དབང་འོག་ལས་ རང་དབང་མ་ཐོབ་པའི་ལོ་གཅིག་གི་ཧེ་མ་ སྤྱི་ལོ་༡༩༦༥ ལུ་ ཁྲོམ་ཚོགས་འདི་ རྒྱལ་ཁབ་འདི་གི་རྒྱལ་ས་ལྟེ་བ་སྦེ་ གདམ་ཁ་རྐྱབ་ཡོདཔ་ཨིན།
ཁྲོམ་ཚོགས་འདི་ རྒྱལ་ས་ལྟེ་བའི་ཁྲོམ་ཚོགས་ཅིག་སྦེ་འཆར་གཞི་བརྩམ་སྟེ་ གཞི་བཙུགས་འབད་ཡོདཔ་ལས་ བདག་སྐྱོང་དང་འབྲེལ་བའི་ལཱ་ཚུ་དོན་སྨིན་ཅན་སྦེ་ འབད་ཚུགས་ནིའི་དོན་ལུ་ གཞུང་གི་སྒྲིང་ཁྱིམ་དང་ལམ་ དེ་ལས་ སྡོད་ཁྱིམ་ལ་སོགས་པའི་གཞི་རྟེན་མཐུན་རྐྱེན་ཚུ་ མགྱོགས་དྲགས་སྦེ་ གོང་འཕེལ་བཏང་ཡོདཔ་ཨིན་པས། ཁྲོམ་ཚོགས་འདི་ གྷ་བྷོ་རོན་ཁྲོམ་སྡེ་ཚོགས་སྡེ་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་དང་ ཁྲོམ་འདི་ནང་ སྤྱི་ཚོགས་ཁང་དང་ སྲིད་འཛིན་གྱི་ཡིག་ཚང་ དེ་ལས་ ལྷན་ཁག་མང་རབས་ཀྱི་ཡིག་ཚང་ཚུ་ཡོདཔ་ཨིན།
གྷ་བྷོ་རོ་ནེ་འདི་ བྷོཙ་ཝ་ན་གི་དཔལ་འབྱོར་ལྟེ་བ་གཙོ་བོ་ཅིག་ཨིནམ་དང་ འདི་ནང་ལུ་ བྷོཙ་ཝ་ན་གི་བགོ་བཤའ་བརྗེ་སོར་ཁང་དང་ རྒྱལ་ཡོངས་དང་ ལུང་ཕྱོགས་འདུས་ཚོགས་མང་རབས་ཅིག་གི་ ཡིག་ཚང་ལྟེ་བ་ཚུ་ཡང་ཡོདཔ་ཨིན། དེ་མ་ཚད་ ལྷོ་ཨཕ་རི་ཀའི་གོང་འཕེལ་སྡེ་ཚན་ (SADC) གྱི་ཡིག་ཚང་ལྟེ་བ་ཡང་ ཁྲོམ་ཚོགས་འདི་ནང་ཆགས་ཏེ་ཡོདཔ་ལས་ ཁྲོམ་འདི་ ལུང་ཕྱོགས་སྲིད་དོན་གྱི་གནས་སྟངས་ནང་ལུ་ ཁག་ཆེ་བའི་ཁྲོམ་གཅིག་སྦེ་བརྩིཝ་ཨིན། ཁྲོམ་སྡེ་འདི་གི་ དངུལ་འབྲེལ་དང་ བརྒྱུད་འཕྲིན་ དེ་ལས་ ཚོང་འབྲེལ་ལས་སྡེ་ཚུ་ ཡར་རྒྱས་མགྱོགས་དྲགས་སྦེ་ འགྱོ་སྟེ་ཡོདཔ་ཨིན།
ཁྲོམ་ཚོགས་འདི་ནང་ ལམ་སྲོལ་དང་རང་བཞིན་གནས་སྟངས་དང་འབྲེལ་བའི་ མཛེས་ཆ་ཅན་གྱི་ས་གནས་ལེ་ཤ་ཡོདཔ་ཨིན། དེ་ཡང་ བྷོཙ་ཝ་ན་གི་རྒྱལ་རབས་ནང་ གལ་ཆེ་བའི་འགན་ཁུར་འབག་མི་ གཙོ་འཛིན་གསུམ་རྗེས་དྲན་གྱི་དོན་ལུ་ བཞེངས་ཡོད་པའི་ ཌིག་གོ་སི་ ཟེར་བའི་དྲན་རྟེན་འདི་ ཁྲོམ་འདི་ནང་ཡོདཔ་ཨིན། དེ་ལས་ ཡོངས་གྲགས་ལུ་ དཱ་སི་ལི་པིང་ཇའེནཊ་ ཟེར་སླབ་མི་ ཀ་གེལ་གངས་རི་འདི་ ཁྲོམ་ཡོངས་རྫོགས་ཀྱི་མཐོང་སྣང་ཚུ་ མཐོང་ཚུགས་པའི་ ལམ་འགྲུལ་འབད་སའི་ས་གོ་ ཡོངས་གྲགས་ཅན་ཅིག་ཨིན། དེ་བཟུམ་སྦེ་ ཁྲོམ་གྱི་ནང་འཁོད་ལུ་ རི་དྭགས་སེམས་ཅན་ ཨིམ་པ་ལ་དང་ རི་ཕག་ དེ་ལས་ བྱ་ཚུ་འཁྱམ་སའི་ གྷ་བྷོ་རོན་རི་དྭགས་སྲུང་སྐྱོབ་ས་ཁོངས་ཡང་ཡོདཔ་ཨིན། དེ་ལས་ ཁྲོམ་གྱི་ལྷོ་ཕྱོགས་ལུ་ཡོད་པའི་ མོ་ཀོ་ལོ་ཌི་རང་བཞིན་སྲུང་སྐྱོབ་ས་ཁོངས་ནང་ ལམ་སྟོན་ལྟ་བཤལ་གྱི་ཞབས་ཏོག་དང་ རི་དྭགས་ཉམས་སྲུང་གི་ཤེས་ཡོན་ཚུ་ བྱིན་དོ་ཡོདཔ་ཨིན།
གྷ་བྷོ་རོ་ནེ་འདི་ བྷོཙ་ཝ་ན་གི་ཤེས་ཡོན་ལྟེ་བ་ཅིག་ཨིནམ་ལས་ དེ་ནང་ བྷོཙ་ཝ་ན་གཙུག་ལག་སློབ་སྡེ་དང་ ཤེས་ཡོན་གྱི་གཙུག་སྡེ་གཞན་ཚུ་ཡོདཔ་ཨིན། ཨིན་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་དང་ སེཊ་སི་ཝ་ན་ ཟེར་བའི་ཁ་སྐད་འདི་ཡང་ ཁྱབ་ཆེ་དྲགས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
- CIA World Factbook – Botswana
- World Bank – Botswana Country Profile
- Botswana Ministry of Local Government and Rural Development
- Britannica – Geography of Botswana
- Climate-Data.org – Botswana Climate
- United Nations – World Population Prospects 2023
- Minority Rights Group International – Botswana
- Human Rights Watch – Botswana Country Report
- African Elections Database – Botswana Political History
- Inter-Parliamentary Union – Botswana Government Structure
- UNESCO – Botswana Cultural Heritage
- US Department of State – International Religious Freedom Report: Botswana
- IMF – Botswana Economic Outlook
- Debswana Official Website – About Us
- World Economic Forum – Botswana Development and Economic Challenges
- Encyclopædia Britannica. Gaborone. https://www.britannica.com/place/Gaborone
- BlackPast. Gaborone, Botswana (1880–). https://www.blackpast.org/global-african-history/gaborone-botswana-1880
SADC. Southern African Development Community Headquarters. https://www.sadc.int