བྷོས་ནི་ཡ་ ཧར་ཛི་གྷོ་བི་ན།
སའི་རྒྱ་ཚད་ ཆགས་ཡུལ་དང་ གནམ་གཤིས།

བྷོས་ནི་ཡ་ ཧར་ཛི་གྷོ་བི་ན་འདི་ ཤར་ལྷོ་ཡུ་རོབ་ལུ་ བཱལ་ཀཱན་ཕྱོགས་གསུམ་ཆུ་གླིང་ནང་ལུ་ཆགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ བྱང་དང་ནུབ་ལུ་ ཀྲོ་ཨེ་ཤ་དང་ ཤར་ལུ་ སཱར་བྷི་ཡ་ དེ་ལས་ ཤར་ལྷོ་ལུ་ མོན་ཊེ་ནེ་གྲོ་རྒྱལ་ཁབ་ཚུ་གིས་མཐའ་སྐོར་ཡོདཔ་དང་ ཀི་ལོ་མི་ཊར་༢༠ དེམ་ཅིག་ ཨེ་ཌི་རི་ཡ་ཊིག་མཚོའི་འགྲམ་དང་གཅིག་ཁར་ཡང་ ས་མཚམས་མཐུད་དེ་ཡོདཔ་ཨིན།
རྒྱལ་ཁབ་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༥༡,༡༩༧ དེམ་ཅིག་ཡོདཔ་ཨིན། བདག་སྐྱོང་གྱི་ཐད་ལུ་ བྷོས་ནི་ཡ་ ཧར་ཛི་གྷོ་བི་ན་འདི་ སྡེ་ཚན་གཉིས་ལུ་ཁག་དབྱེ་སྟེ་ཡོདཔ་ཨིན། དེ་ཡང་ བྷོས་ནི་ཡ་དང་ ཧར་ཛི་གྷོ་བི་ན་གི་སྤྱི་མཐུན་ཚོགས་སྡེ་དང་ རི་པབ་ལི་ཀ་སརཔ་སི་ཀ་གཉིས་ ཨིན་པས། དེ་གུ་ རང་དབང་ཅན་གྱི་མངའ་སྡེ་ བྲཆ་ཀོ་ ཟེར་མི་གཅིག་ཡང་ཡོདཔ་ཨིན།

ས་ཆའི་གནས་སྟངས་ཀྱི་ཐད་ལུ་ རྒྱལ་ཁབ་འདི་ གངས་རི་ལེ་ཤ་ཡོད་པའི་རྒྱལ་ཁབ་གཅིག་ཨིནམ་དང་ འདི་ནང་ ཌི་ནཱ་རིག་ ཟེར་བའི་རི་རྩེ་མཐོ་དྲགས་ཚུ་གིས་ གང་སྟེ་ཡོདཔ་ཨིན། དེ་གུ་ རྒྱལ་ཁབ་འདི་ནང་ ཆུ་མཐའི་ལུང་གཤོང་དང་ ནགས་ཚལ་ དེ་ལས་ མཚོ་མཐའི་ས་ཁོངས་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན། གནམ་གཤིས་ཀྱི་ཐད་ཁར་ རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུ་ ཀཱན་ཏི་ནེན་ཊལ་ ཟེར་བའི་གནམ་གཤིས་འདི་ཨིནམ་ལས་ ནམ་བྱཱར་ཚ་དྲོད་ཅན་དང་ དགུན་ལུ་བསིལ་དྲགས་སྦེ་སྡོད་དོ་ཡོདཔ་ཨིན། དེ་ལས་ རྒྱ་མཚོའི་མཐའ་མར་ཆགས་སྟེ་ཡོད་པའི་ས་ཁོངས་ཚུ་ནང་ ནམ་དགུན་ལུ་ཚ་དྲོད་རན་ཏོག་ཏོ་དང་ ཆར་ཆུ་འབབ་སྟེ་སྡོད་དོ་ཡོདཔ་དང་ ནམ་བྱཱར་ལུ་ཚ་དྲོད་ཅན་དང་སྐམས་ཀྲོག་ཀྲོ་སྦེ་སྡོདཔ་ཨིན།
མི་རློབས་དང་མི་རིགས།
བྷོས་ནི་ཡ་ ཧར་ཛི་གྷོ་བི་ན་ལུ་ མི་རློབས་ས་ཡ་༣.༡༨ དེམ་ཅིག་ཡོདཔ་སྦེ་ ཚོད་དཔག་འབད་དེ་འདུག། རྒྱལ་ཁབ་འདི་ནང་ དམག་འཁྲུག་ཐོན་ཡོད་མི་དང་ མི་སེར་ཚུ་གནས་སྤོ་འགྱོ་མི་ལུ་བརྟེན་ཏེ་ ཁོང་གི་མི་རློབས་འདི་ སྤྱི་ལོ་༡༩༩༠ ལས་འགོ་བཟུང་ མར་ཕབ་འགྱོ་ནི་འགོ་བཙུགས་ཡོདཔ་ཨིན།
རྒྱལ་ཁབ་འདི་ནང་ མི་རིགས་འདྲ་མི་འདྲ་སྦེ་ཡོདཔ་ཨིན། ཁྱབ་ཆེ་ཤོས་ར་ བྷོས་ནི་ཡཀས་ ཟེར་བའི་མི་རིགས་འདི་ཨིནམ་དང་ མི་རློབས་བརྒྱ་ཆ་༥༠.༡ དེམ་ཅིག་བྷོས་ནི་ཡཀས་ ཟེར་བའི་མི་རིགས་འདི་ཨིན། དེ་ལས་ མི་རློབས་བརྒྱ་ཆ་༣༠.༨ དེམ་ཅིག་ སཱར་བྷས་ཀྱི་མི་རིགས་དང་ བརྒྱ་ཆ་༡༥.༤ དེམ་ཅིག་ ཀྲོ་ཨེཊས་ཀྱི་མི་རིགས་ དེ་ལས་ མི་རིགས་གཞན་ཡང་བརྒྱ་ཆ་ཆུང་ཀུ་ཅིག་ཡོདཔ་ཨིན། མི་རིགས་ག་ར་ རྒྱལ་ཁབ་ཀྱི་ལུང་ཕྱོགས་རེ་རེ་དང་གཅིག་ཁར་འབྲེལ་བ་ཡོདཔ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
བྷོས་ནི་ཡ་ ཧར་ཛི་གྷོ་བི་ན་གི་སྲིད་དོན་ལམ་ལུགས་འདི་ བྷོས་ནི་ཡ་གི་དམག་འཁྲུག་ མཇུག་བསྡུ་ནི་གི་དོན་ལུ་བཟོ་ཡོད་པའི་ སྤྱི་ལོ་༡༩༩༥ ཅན་མའི་ ཌེ་ཊོན་ཞི་བདེ་གི་ཆིངས་ཡིག་གིས་ གཞི་བཙུགས་འབད་ཡོདཔ་ཨིན། རྒྱལ་ཁབ་འདི་གི་གཞུང་ལུགས་འདི་ སྤྱི་ཚོགས་ཅན་གྱི་མི་སེར་རྒྱལ་ཁབ་ཀྱི་གཞུང་ལུགས་འདི་ཨིནམ་དང་ དབང་ཚད་ཕྱིར་སྤེལ་འབད་དེ་ཡོདཔ་ལས་ བྷོས་ནི་ཡ་ ཧར་ཛི་གྷོ་བི་ན་དང་ རི་པབ་ལི་ཀ་སརཔ་སི་ཀ་གཉིས་ལུ་ རང་སྐྱོང་གི་དབང་ཚད་སྦོམ་སྦེ་རང་སྤྲོད་དེ་ཡོདཔ་ཨིན།
སྲིད་འཛིན་གྱི་འགན་ཁུར་འདི་ མངའ་སྡེ་གསུམ་གྱི་འཐུས་མི་གསུམ་གྱི་བར་ན་ སྤྱི་རུབ་ཀྱིས་ཐོག་ལས་འབག་དོ་ཡོདཔ་ཨིན། དེ་ཡང་ སྲིད་འཛིན་གྱི་གནས་ཡུན་འདི་ལོ་བཞི་ཨིནམ་དང་ ལོ་བཞི་གི་ནང་འཁོད་ལུ་ ཟླཝ་བརྒྱད་བརྒྱད་ཀྱི་རིང་ སྲིད་འཛིན་གྱི་འགན་ཁུར་འདི་ ཁོང་འཐུས་མི་གསུམ་གྱིས་སྐོར་རྒྱབ་སྦེ་འབག་དོ་ཡོདཔ་ཨིན། བློན་པོ་ལྷན་ཚོགས་ཀྱིས་ གཞུང་ལྟེ་བ་སྦེ་ལཱ་འབདཝ་མ་ཚད་ མངའ་སྡེ་རེ་རེ་ལུ་ རང་སོའི་གཞུང་དང་ཁྲིམས་བཟོའི་ལྷན་སྡེ་ཚུ་ཡང་ སོ་སོ་སྦེ་ཡོདཔ་ཨིན།
ལམ་སྲོལ་དང་ཆོས་ལུགས།
བྷོས་ནི་ཡ་ ཧར་ཛི་གྷོ་བི་ན་གི་ལམ་སྲོལ་འདི་ ཨོ་ཊོ་མཱན་དང་ ཨོས་ཊོ་ཧཱང་གྷ་རི་ཡཱན་ དེ་ལས་ སལི་བིཀ་ དང་ མེ་ཌི་ཊེ་རེ་ནི་ཡཱན་ཚུ་གི་ལམ་སྲོལ་གྱི་ཤན་ཞུགས་ལས་བརྟེན་བྱུང་ཡོདཔ་ལས་ ཁོང་གི་སྔར་སྲོལ་དང་སྙན་ཆ་ དེ་ལས་ ཟ་འཐུང་དང་སྒྱུ་རྩལ་ཚུ་ སྣ་མང་སྦེ་ཡོདཔ་ཨིན།
མི་རིགས་སྣ་མང་སྦེ་ཡོདཔ་ལས་བརྟེན་ ཆོས་ལུགས་ཡང་ རྣམ་པ་སྣ་ཚོགས་སྦེ་བསྟེན་དོ་ཡོདཔ་ཨིན། དེ་ཡང་ བྷོས་ནི་ཡཀས་ཀྱི་མི་རིགས་ཚུ་གིས་ ཁ་ཆེའི་ཆོས་ལུགས་བསྟེན་དོ་ཡོདཔ་དང་ སཱར་བྷས་ཀྱི་མི་རིགས་ཚུ་གིས་ ཨིས་ཊན་ཨོར་ཐོ་ཌོག་སི་ཟེར་བའི་ཡེ་ཤུའི་ཆོས་ལུགས་ དེ་ལས་ ཀྲོ་ཨེཊས་ཀྱི་མི་རིགས་ཚུ་གིས་ རོ་མཱན་ཀེ་ཐོ་ལིག་གི་ཡེ་ཤུའི་ཆོས་ལུགས་བསྟེན་དོ་ཡོདཔ་ཨིན། སྤྱིར་བཏང་ལུ་ ཆོས་ལུགས་མ་འདྲ་བའི་མི་རིགས་ཚུ་ གཅིག་ཁར་གནས་ཏེ་སྡོད་དོ་ཡོད་རུང་ ཧེ་མའི་ སྟབས་མ་བདེཝ་ཚུ་ལས་བརྟེན་ ད་ལྟོའི་བར་ན་ཡང་ མང་ཤོས་རང་སྡེ་ཚན་རང་སོའི་ནང་ལུ་ ཆོས་ལུགས་སོ་སོ་སྦེ་འཛིན་ཏེ་སྡོད་དོ་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
བྷོས་ནི་ཡ་ ཧར་ཛི་གྷོ་བི་ན་འདི་ འོང་འབབ་བར་མའི་དཔལ་འབྱོར་གྱི་རྒྱལ་ཁབ་ཅིག་ཨིནམ་དང་ དེ་ནང་ བཟོ་གྲྭ་དང་ས་གཏེར་ དེ་ལས་ ནུས་ཤུགས་དང་སོ་ནམ་ཚུ་ ལས་སྡེ་གཙོ་བོ་སྦེ་བརྩི་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ ལྕགས་རིགས་ཕྱིར་ཚོང་ བགོ་ལ་ ཁང་ཆས་ སྣུམ་འཁོར་གྱི་ཆ་ཤས་ དེ་ལས་ ཤིང་འབྲས་དང་ ཚོད་བསྲེ་ འབྲུ་སྣ་ལ་སོགས་པའི་སོ་ནམ་ཐོན་སྐྱེད་ཚུ་ལུ་ ཡོངས་གྲགས་ཡོད་པའི་རྒྱལ་ཁབ་ཅིག་ཨིན།
དཔལ་འབྱོར་གོང་འཕེལ་འདི་ བརྟན་ཏོག་ཏོ་སྦེ་ཡོད་རུང་ སྲིད་དོན་གྱི་དཀའ་ངལ་དང་ ངན་ལྷད་ དེ་ལས་ དམིགས་བསལ་གྱིས་ ན་གཞོན་ཚུ་ལུ་ ལཱ་གཡོག་མེད་པའི་དཀའ་ངལ་ཚུ་བྱུང་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ ཡུ་རོབ་གཅིག་བསྡོམས་ཚོགས་པ་ནང་འཛུལ་ནི་གི་རེ་བ་བསྐྱེད་དོ་ཡོདཔ་དང་ འདི་གི་དོན་ལུ་ ཡུ་རོབ་གཅིག་བསྡོམས་ཚོགས་པའི་དམིགས་ཡུལ་དང་འཁྲིལ་ཏེ་ གཞི་སྒྱུར་གྱི་ལཱ་ཚུ་ འཕྲོ་མཐུད་དེ་རང་འབད་བའི་བསྒང་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ ས་ར་ཡེ་བོ།
བྷོས་ནི་ཡ་ ཧར་ཛི་གྷོ་བི་ན་གི་རྒྱལ་ས་ལྟེ་བ་ ས་ར་ཡེ་བོ་འདི་ ཤར་ཕྱོགས་དང་ནུབ་ཕྱོགས་གཉིས་འཛོམས་སའི་ཁྲོམ་ཚོགས་ཅིག་ཨིནམ་དང་ འདི་ནང་ལུ་ ཨོ་ཊོ་མཱན་དང་ ཨོས་ཊོ་ ཧཱང་གྷ་རི་ཡཱན་ དེ་ལས་ ཡུ་གོསི་ལབ་གི་ལམ་སྲོལ་ཚུ་སླ་བསྲེ་རྐྱབ་པའི་ གཞན་དང་མ་འདྲ་བའི་ལམ་སྲོལ་གཅིག་ཡོདཔ་ཨིན། ས་ར་ཡེ་བོ་གི་ཁྲོམ་འདི་ ཌི་ན་རིཀ་ ཟེར་བའི་རི་རྩེ་མཐོ་དྲགས་གིས་བསྐོར་བའི་ མིལ་ཇཱ་ཀ་གཙང་ཆུའི་ལུང་གཤོང་ནང་ལུ་ ཆགས་ཏེ་ཡོདཔ་ཨིན། དེ་ལས་ ཁྲོམ་འདི་ བྱུང་རབས་མ་འདྲཝ་དང་ བཟོ་བཀོད་སྣ་ཚོགས་སྦེ་ཡོད་པའི་ཡོངས་གྲགས་ཡོདཔ་མ་ཚད་ དེ་ནང་ཡོད་པའི་མི་ཚུ་ལུ་ཡང་ བཟོད་བསྲན་ཅན་གྱི་སེམས་ཤུགས་ཡོད་པའི་མིང་གཏམ་ཡོདཔ་ཨིན།
ས་ར་ཡེ་བོ་འདི་ ཁྲོམ་ཚོགས་འདིའི་དོན་ལུ་རྐྱངམ་གཅིག་མེན་པར་ འཛམ་གླིང་ནང་རང་ གལ་ཆེ་བའི་བྱུང་རིམ་ཚུ་བྱུང་ཡོད་པའི་ཁྲོམ་གཅིག་ཨིན། ཁྲོམ་འདི་ དུས་རབས་༡༥ པའི་ནང་ ཨོ་ཊོ་མཱན་མངའ་རིས་ཀྱི་སྐབས་ལུ་ གཞི་བཙུགས་འབད་ཡོདཔ་ལས་ ཁ་ཆེའི་ཆོས་ལུགས་བསྟེན་མི་ཚུའི་དོན་ལུ་གལ་ཆེ་བའི་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན། དེ་ཡང་ ཁྲོམ་འདི་ནང་ གཱ་ཟི་ཧུས་རེབ་བེ་ ཟེར་བའི་ཁ་ཆེའི་ལྷ་ཁང་དང་ བཱ་ཤ་ཅཱར་ཤི་ཇ་ ཟེར་བའི་ཁྲོམ་ཚུ་ ས་གནས་འདི་ནང་ཆགས་ཏེ་ཡོད་ནི་འདི་གིས་ ཁྲོམ་འདི་ཁ་ཆེའི་ཆོས་ལུགས་པ་ཚུ་ལུ་ཁག་ཆེ་བའི་ས་གནས་ཨིན་པའི་སྐོར་ལས་ཤེས་ཚུགས་དོ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ ཨོས་ཊོ་ ཧཱང་གྷ་རི་ཡཱན་གྱི་དབང་འོག་ལུ་སྡོད་ནི་འདི་གིས་ གལ་གནད་ཆེ་བའི་ཁྲོམ་ཚོགས་གཅིག་ལུ་འགྱུར་ཡོདཔ་དང་ སྤྱི་ལོ་༡༩༡༤ ལུ་ ཁོང་གི་རྒྱལཔོ་ ཨརཆ་ཌུཀ་ཕཱརན་ཛི་ཕར་ཌི་ནེནཌ་ ཟེར་མི་འདི་བཀྲོངས་པའི་ཤུལ་ལུ་ འཛམ་གླིང་དམག་ཆེན་དང་པ་འགོ་བཙུགས་ཡོདཔ་ཨིན།
ས་ར་ཡེ་བོ་གི་ ཆོས་ལུགས་དང་ལམ་སྲོལ་སྣ་ཚོགས་ཀྱི་སྲོལ་ཁྱུན་ལས་བརྟེན་ ཁྲོམ་འདི་ ཡུ་རོབ་ཀྱི་ ཇུ་རུ་ས་ལེམ་ཨིན་ཟེར་ཡང་སླབ་སྲོལ་ཡོདཔ་ཨིན། ཁྲོམ་འདི་གི་རྒྱལ་རབ་ཅན་གྱི་ས་སྒོ་ཚུ་གི་ནང་འཁོད་ལུ་ ཁ་ཆེའི་ལྷ་ཁང་དང་ ཡེ་ཤུའི་ལྷ་ཁང་ཚུ་ མཉམ་གཅིག་གནས་ཏེ་ཡོདཔ་དང་ འདི་གིས་ ཁྲོམ་ཚོགས་འདི་གི་ ལམ་སྲོལ་སྣ་ཚོགས་ཀྱི་སྲོལ་ཁྱུན་ཚུ་ གསལ་སྟོན་འབདཝ་ཨིན། འདི་བཟུམ་སྦེ་ ས་ར་ཡེ་བོ་གློག་བརྙན་དུས་སྟོན་དང་ བཤ་ཅཱར་ཤི་ཇ་ནཡཊེས་ ལ་སོགས་པའི་ ཁྲོམ་ཚོགས་ཀྱི་དུས་སྟོན་ཚུ་ནང་ལས་ཕར་ཡང་ ཁྲོམ་འདིའི་ལམ་སྲོལ་མ་འདྲ་བའི་ཁྱད་ཆོས་ཚུ་ མངོན་གསལ་ཅན་སྦེ་མཐོང་དོ་ཡོདཔ་ཨིན།
སྤྱི་ལོ་༡༩༩༠ ལོ་གྲངས་ལུ་ བྷོས་ནི་ཡཱན་དམག་འཁྲུག་གི་སྐབས་ལུ་ ཁྲོམ་ཚོགས་འདི་ སྦོམ་སྦེ་རང་མེདཔ་ཐལ་ཡོདཔ་ལས་ གྱོང་རྒུད་དང་གཏོར་བཤིག་སྦོམ་སྦེ་ར་བྱུང་ནུག། ཨིན་རུང་ ས་ར་ཡེ་བོ་གིས་ གཞི་རྟེན་མཐུན་རྐྱེན་དང་ ལམ་སྲོལ་གྱི་ གཙུག་སྡེ་ཚུ་ ལོག་སྟེ་ར་ བཟོ་སྐྲུན་འབད་དེ་ ཁོང་བཟོད་བསྲན་ཅན་ཨིན་པའི་ཁྱད་ཆོས་ ཡ་མཚན་ཆེ་ཏོག་ཏོག་སྦེ་སྟོན་ཡོདཔ་ཨིན། ཉམས་གསོ་ཞུ་ཡོད་པའི་ཁྲོམ་སྡེའི་ཁང་མིག་ ཝི་ཇེཆ་ནི་ཀ་དང་ དམག་འཁྲུག་གི་ཨ་ལུའི་འགྲེམས་སྟོན་ཁང་ ལ་སོགས་པའི་དྲན་རྟེན་ཚུ་ ཁྲོམ་སྡེ་འདི་གི་ བཟོད་བསྲན་དང་འདས་པའི་ལོ་རྒྱུ་ཚུ་གི་ དྲན་གསོ་བཟུམ་ཅིག་སྦེ་གནས་ཏེ་ཡོདཔ་ཨིན།
དེ་ལས་ ས་ར་ཡེ་བོ་ལུ་ ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་བྲོ་རྫས་ཚུ་ མཉམ་སྦྱོར་འབད་བའི་བཞེས་སྒོ་འབད་ཐངས་ཚུ་ཡོདཔ་ཨིན། རང་ལུགས་ཀྱི་ཟ་འཐུང་ ཤ་བསྲེགས་ཏེ་བཟོ་བའི་ཅེ་ཝ་པི་ ཟེར་མི་དང་ སོ་མུན་ཟེར་བའི་བཱམ་རོ་ཊི་ དེ་ལས་ ཀ་ཇ་མཀ་ ཟེར་བའི་སྤྱིས་ཟས་ཚུ་ ས་གནས་ཀྱི་མི་ཚུ་གིས་ དགའ་ཤོས་ཅིག་ཨིན། ཁྲོམ་སྡེ་འདི་ནང་ ཀེ་ཕེ་ཟེར་ འཕྲལ་སྤྱོད་ཟ་ཁང་གི་ལམ་སྲོལ་འདི་ མ་ཉམས་པར་ཡོདཔ་དང་ ཀ་ཕི་ཊི་ཊོ་དང་ ཟ་ལཏ་ན་རི་བི་ཀ་ ལ་སོགས་པའི་བཟའ་ཁང་ཚུ་ བྷོས་ནི་ཡཱན་གྱི་ཀཱ་ཕི་འཐུང་ནིའི་དོན་ལུ་ བདེ་ཉམས་ཅན་གྱི་ས་གོ་ཅིག་སྦེ་བརྩི་དོ་ཡོདཔ་ཨིན།
ད་རེས་ ས་ར་ཡེ་བོ་འདི་ རྒྱལ་རབས་ཅན་ས་གོ་བལྟ་དགོ་མནོ་མི་དང་ ལམ་སྲོལ་སྣ་ཚོགས་མྱོང་དགོ་མནོ་མི་ དེ་ལས་ འཚོལ་མི་ བལྟ་བཤལཔ་ཚུ་གི་དོན་ལུ་ འོས་འབབ་ཅན་གྱི་ས་གོ་གཅིག་ལུ་འགྱུར་ཏེ་ཡོདཔ་ཨིན། ཁྲོམ་འདི་ནང་ མཛེས་སྡུག་ལྡན་པའི་ས་ཆའི་གནས་སྟངས་དང་ རྒྱལ་རབས་ཅན་གྱི་ས་ཁོངས་ དེ་ལས་ མགྱོནམ་ལུ་དག་སྣང་ཆེ་བའི་མི་ཚུ་ཡོདཔ་མ་ཚད་ འདས་པ་དང་དེང་སང་གི་མཐོང་སྣང་ཚུ་མཉམ་གནས་འབད་དེ་ཡོདཔ་ལས བཱལ་ཀཱན་ལུང་ཕྱོགས་ཀྱི་མི་སེར་ཚུ་གི་དོན་ལུ་ ངེས་པར་དུ་བལྟ་སྐོར་འབད་དགོ་པའི་ཁྲོམ་ཚོགས་གཅིག་ལུ་འགྱུར་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
- CIA World Factbook – Bosnia and Herzegovina
- World Bank – Bosnia and Herzegovina Country Profile
- Office of the High Representative (OHR) – Administrative Structure
- Britannica – Geography of Bosnia and Herzegovina
- Climate-Data.org – Bosnia and Herzegovina Climate
- United Nations – World Population Prospects 2023
- Agency for Statistics of Bosnia and Herzegovina – 2013 Census
- Dayton Peace Agreement (Annex 4 – Constitution of Bosnia and Herzegovina)
- Presidency of Bosnia and Herzegovina – Official Website
- Inter-Parliamentary Union – Political Structure of Bosnia and Herzegovina
- UNESCO – Cultural Heritage in Bosnia and Herzegovina
- US State Department – International Religious Freedom Report: Bosnia and Herzegovina
- IMF – Bosnia and Herzegovina Economic Outlook
- European Commission – Bosnia and Herzegovina Economic Profile
- World Economic Forum – Challenges to Bosnia’s Economic Growth
- Encyclopædia Britannica – Sarajevo https://www.britannica.com/place/Sarajevo
- Rough Guides – Sarajevo Travel Guide https://www.roughguides.com/bosnia-herzegovina/sarajevo/
- Vogue – An Insider’s Guide to Experiencing Sarajevo https://www.vogue.com/article/sarajevo-bosnia-travel-guide
- Lonely Planet – Guide to Sarajevo https://www.lonelyplanet.com/articles/guide-to-sarajevo
The Sun – Europe’s Cheapest City Break?
https://www.thesun.co.uk/travel/33529320/europe-cheapest-city-sarajevo/