Jump to content

བྷྲུ་ནའི། Brunei

Wikipedia ལས།

སའི་རྒྱ་ཚད་དང་ཆགས་རབས།

བྷྲུ་ནའི་རྒྱལ་དར།
རྷྲུ་ནིའི་ས་ཁྲ།

གཞུང་འབྲེལ་དུ་ བྷྲུ་ནའི་ཌ་རུ་ས་ལམ་ ཟེར་སླབ་སྲོལ་ཡོད་པའི་ བྷྲུ་ནའི་ཟེར་བའི་རྒྱལ་ཁབ་འདི་ ཤར་ལྷོ་ཨེ་ཤི་ཡ་གི་ བོར་ནིའོ་གླིང་ཕྲན་གྱི་བྱང་ཕྱོགས་ཀྱི་མཚོ་འགྲམ་ལུ་ཆགས་ཡོད་པའི་ རྒྱལ་ཁབ་ཆུང་ཀུ་གཅིག་ཨིན། རྒྱལ་ཁབ་འདི་ ཡོངས་རྫོགས་ སའུཐ་ཅའི་ན་རྒྱ་མཚོ་དང་ མ་ལེ་ཤི་ཡའི་མངའ་སྡེ་ སཱ་རཱ་ཝག་གིས་ མཐའ་སྐོར་ཏེ་ཡོདཔ་ཨིན།

རྒྱལ་ཁབ་འདི་གི་རྒྱ་ཁྱོན་ཡོངས་བསྡོམས་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༥༧༦༥ དེམ་ཅིག་ཡོདཔ་ལས་ ཨེ་ཤི་ཡ་གི་རྒྱལ་ཁབ་ཆུང་ཤོས་ཅིག་སྦེ་རྩིཝ་ཨིན། བྷྲུ་ནའི་འདི་ མངའ་སྡེ་བཞི་ལུ་དབྱེ་སྟེ་ཡོདཔ་དང་ དེ་ཚུ་ཡང་ བྷྲུ་ནའི་མུ་ར་དང་ བེ་ལའིཊ་ ཏུ་ཊོང་ དེ་ལས་ ཊེམ་བུ་རོང་ཟེར་མི་ཚུ་ཨིན།

ས་ཆའི་གནས་སྟངས་ཀྱི་ཐད་ལུ་ བྷྲུ་ནའི་ལུ་ མཚོ་མཐའི་ཐང་དང་ སྤོ་ཏོ་ དེ་ལས་ ཤར་ཕྱོགས་ལུ་ གངས་ཅན་གྱི་ལུང་ཕྱོགས་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་གནམ་གཤིས་འདི་ ཊོ་པི་ཀཱལ་ཨི་ཀོ་ཊོ་རི་ཡཱལ་ ཟེར་བའི་གནམ་གཤིས་འདི་ཨིནམ་ལས་ རློན་གཤེར་ཅན་སྦེ་སྡོད་དོ་ཡོདཔ་དང་ ཆརཔ་ཡང་མང་སུ་སྦེ་རྐྱབ་དོ་ཡོདཔ་ཨིན། དེ་གུ་ ལོ་གཅིག་ར་ དྲོད་ཚད་རན་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་ཨིན།

མི་རློབས་དང་མི་རིགས།

སྤྱི་ལོ་༢༠༢༥ ལུ་ བྷྲུ་ནའི་ལུ་ མི་རློབས་ ༤༦༦,༣༣༠ དེམ་ཅིག་ཡོདཔ་སྦེ་ ཚོད་རྩིས་བཏོན་ཏེ་ཡོདཔ་ཨིན། མི་རིགས་མང་ཤོས་ཅིག་རང་ མ་ལེ་ ཟེར་བའི་མི་རིགས་(བརྒྱ་ཆ་༦༥ དེམ་ཅིག་) འདི་ཨིནམ་དང་ དེ་གི་ཤུལ་ལས་ རྒྱ་ནག་གི་མི་རིགས་(བརྒྱ་ཆ་༡༠ དེམ་ཅིག་) དེ་ལས་ ནང་འཁོད་ཀྱི་མི་རིགས་དང་ ཕྱི་རྒྱལ་ལས་གནས་སྤོ་སྟེ་འོང་མི་དང་ ཕྱི་རྒྱལ་གྱི་ལཱ་འབད་མི་ཚུ་ཡོདཔ་ཨིན།

གཞུང་འབྲེལ་གྱི་སྐད་ཡིག་འདི་ མ་ལེ་ ཟེར་བའི་སྐད་ཡིག་འདི་ཨིནམ་དང་ ཨིང་ལིཤ་གི་སྐད་ཡིག་འདི་ཡང་ ཁྱབ་ཆེ་དྲགས་སྦེ་སླབ་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ རྒྱ་ནག་གི་སྐད་ཡིག་ཁག་མང་རབས་གཅིག་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ ས་གནས་ཀྱི་སྐད་ཡིག་ཚུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན།

གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།

བྷྲུ་ནའི་འདི་ རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ཉག་གཅིག་ཨིནམ་དང་ རྒྱལ་ཁམས་དང་གཞུང་གཉིས་ཆ་རའི་དབུ་ཁྲིད་འདི་ རྒྱལཔོ་ སུལ་ཏན་ཧ་ས་ནཱལ་བོལ་ཀི་ཡ་ གིས་མཛད་དོ་ཡོདཔ་ཨིན། དེ་མ་ཚད་ བློན་ཆེན་དང་ སྲུང་སྐྱོབ་བློན་པོ་ དངུལ་རྩིས་བློན་པོ་ དེ་ལས་ ཕྱི་འབྲེལ་བློན་པོ་ཚུ་གི་འགན་ཁུར་ཚུ་ཡང་ སུལ་ཏཱན་གྱིས་འབག་དོ་ཡོདཔ་ཨིན།

བྷྲུ་ནའི་ལུ་ བཙག་འཐུ་གྲུབ་པའི་ཁྲིམས་བཟོ་ལྷན་སྡེ་མེདཔ་ཨིན། དེ་གི་ཚབ་ལུ་ སུལ་ཏཱན་གྱིས་ རྒྱལ་པོའི་བཀའ་ཤོག་གནང་སྟེ་ བཀའ་ཤོག་འདི་གི་ནང་དོན་ཚུ་དང་འཁྲིལ་ཏེ་ འཛིན་སྐྱོང་འབད་དོ་ཡོདཔ་ཨིན། དེ་ལས་ ཁྲིམས་བཟོའི་ཚོགས་སྡེ་ ཟེར་མི་གཅིག་ཡོདཔ་ཨིན་རུང་ ཚོགས་སྡེ་འདི་གི་འགན་ཁུར་འདི་ ཁྲིམས་བརྩམ་ནི་གི་མེན་པར་ རྒྱལཔོ་ལུ་ཞལ་བཀོད་དང་གྲོས་སྟོན་འབད་ནི་གི་འགན་ཁུར་རྐྱངམ་གཅིག་འབག་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་སྲིད་དོན་ལམ་ལུགས་འདི་ གཙོ་བོ་ར་ མ་ལེ་ཨིསི་ལ་མིཀ་གི་རྒྱལ་བརྒྱུད་རིང་ལུགས་ཀྱི་ལྟ་བ་ལུ་གཞི་བཞག་སྟེ་ཡོདཔ་ཨིན།

ལམ་སྲོལ་དང་ཆོས་ལུགས།

བྷྲུ་ནའི་གི་ལམ་སྲོལ་འདི་ མ་ལེ་གི་ལམ་སྲོལ་ནང་ལུ་ གཞི་བརྟེན་པའི་ལམ་སྲོལ་གཅིག་ཨིན། དེ་མ་ཚད་ ཁོང་གི་གཞུང་འབྲེལ་གྱི་ཆོས་ལུགས་ཨིན་མི་ ཁ་ཆེའི་ཆོས་ལུགས་གིས་ཡང་ ཁོང་གི་ལམ་སྲོལ་ལུ་ ཤན་ཞུགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདིའི་ལམ་སྲོལ་ནང་ ཨིསི་ལ་མིཀ་གི་ལག་ལེན་དང་ རང་ལུགས་མ་ལེ་གི་འགྲོ་ལུགས་ དེ་ལས་ རྒྱལ་འཛིན་གྱི་སྒྲིག་གཞི་ཚུ་ལུ་ གཙོ་བོར་བཟུང་དོ་ཡོདཔ་ཨིན། དུས་སྟོན་གཙོ་བོ་ཚུ་ཡང་ ཧ་རི་ར་ཡ་ཨའི་ཌིལ་ཕིཏྲི་དང་ རྒྱལ་པོའི་ཁྲུངས་སྐར་ ལ་སོགས་པ་ཚུ་ཨིན།

དེ་ལས་ རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་༧༩ དེམ་ཅིག་ མུཛ་ལིམ་ཨིནམ་དང་ གཞན་མི་ བརྒྱ་ཆ་༩ དེམ་ཅིག་ ཡེ་ཤུའི་ཆོས་ལུགས་འཛིན་མི་ཨིན། དེ་ལས་ ནང་པའི་ཆོས་ལུགས་འཛིན་མི་ཡང་ བརྒྱ་ཆ་༨ དེམ་ཅིག་ཡོདཔ་ཨིན། དེ་ལས་ འདིའི་ལྷག་ལུས་ཚུ་ ས་གནས་ཀྱི་ཡིད་མོས་དང་ ཆོས་ལུགས་གཞན་འཛིན་མི་ཨིན། ཁ་ཆེའི་ཆོས་ལུགས་འདི་ རྒྱལ་ཡོངས་ཀྱི་ཆོས་ལུགས་གཅིག་ཨིནམ་དང་ ཤ་རི་ཡ་གི་ཉེས་འགེལ་ཁྲིམས་དེབ་འདི་ ཞི་བའི་ཁྲིམས་ལུགས་དང་གཅིག་ཁར་ འདྲ་མཉམ་སྦེ་བསྟར་སྤྱོད་འབད་དོ་ཡོདཔ་ཨིན།

དཔལ་འབྱོར་དང་ ཚོང་འབྲེལ།

བྷྲུ་ནའི་གི་དཔལ་འབྱོར་འདི་ འོང་འབབ་མཐོ་བའི་དཔལ་འབྱོར་ཨིནམ་དང་ གཙོ་བོ་ར་ ས་སྣུམ་དང་རང་བྱུང་འབར་རླུང་ལུ་ གཞི་བརྟེན་དོ་ཡོདཔ་ཨིན། དེ་ཡང་ རྒྱལ་ཁབ་ཀྱི་ཕྱིར་ཚོང་བརྒྱ་ཆ་༩༠ ལྷགཔ་ཅིག་ ས་སྣུམ་དང་རང་བྱུང་འབར་རླུང་འདི་ཨིནམ་དང་ ས་སྣུམ་དང་རང་བྱུང་འབར་རླུང་གིས་རྒྱལ་ཁབ་ཀྱི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ཡང་ རྒྱབ་སྐྱོར་སྦོམ་སྦེ་འབད་དོ་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་འདི་ནང་ ཧའི་ཌོ་ཀཱར་བོན་ ཟེར་བའི་ཆུ་རླངས་ཀྱི་རྒྱུ་དངོས་ཡོད་མི་ལུ་བརྟེན་ རྒྱལ་ཁབ་འདི་ ཨེ་ཤི་ཡ་ལུང་ཕྱོགས་ནང་ལུ་ མི་རེ་ལུ་འོང་འབབ་མཐོ་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཨིན།

ས་སྣུམ་གྱི་འོང་འབབ་ལས་བརྟེན་ གཞུང་གིས་ མི་སེར་ཚུ་ལུ་ གསོ་བ་དང་ཤེས་རིག་གི་ཞབས་ཏོག་ཚུ་ རིན་མེད་སྟོང་པ་སྦེ་བྱིན་དོ་ཡོདཔ་དང་ འོང་འབབ་ཀྱི་ཁྲལ་ཡང་སྤྲོད་མི་དགོ་དོ་ཡོདཔ་ཨིན། དེ་ལས་ ཁོང་གི་ འཆར་སྣང་༢༠༣༥ ཟེར་བའི་ ཐབས་ལམ་དང་འཁྲིལཝ་ད་ ཁོང་གི་དཔལ་འབྱོར་གྱི་ལས་སྡེ་ཚུ་ སྣ་མང་སྦེ་བཟོ་ནི་གི་འཆར་གཞི་བརྩམ་དོ་ཡོདཔ་ཨིན། དེ་ཡང་ ལྟ་བཤལ་དང་ ཧ་ལཱལ་བཟོ་སྐྲུན་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ ལ་སོགས་པའི་ལས་སྡེ་ཚུ་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན།

རྒྱལ་ས་ལྟེ་བ་ བཱན་དྷར་ཤྲཱི་བྷ་ག་ཝཱན།

བྷྲུ་ནའི་ཌ་རུ་ས་ལམ་གྱི་རྒྱལ་ས་ལྟེ་བ་ བཱན་དྷར་ཤྲཱི་བྷ་ག་ཝཱན་འདི་ ལམ་སྲོལ་དང་ཆོས་ལུགས་ དེ་ལས་ རྒྱལ་བརྒྱུད་རིང་ལུགས་ཚུ་ལུ་གཞི་བརྟེན་པའི་ ཞི་བདེ་དང་དགའ་སྐྱིད་ལྡན་པའི་ ཁྲོམ་ཚོགས་གཅིག་ཨིན། བོར་ནིའོ་གི་བྱང་ཕྱོགས་མཚོ་འགྲམ་ལུ་ཡོད་པའི་ བྷྲུ་ནའི་གཙང་ཆུ་བདའ་སྟེ་ཆགས་ཡོད་མི་ རྒྱལ་ས་ལྟེ་བ་འདི་ རྒྱ་ཚད་ཆུང་ཀུ་གཅིག་ཨིན་ཏེ་འབད་རུང་ རྒྱལ་ཁབ་ཀྱི་ངོ་རྟགས་དང་གཞུང་སྐྱོང་གི་དོན་ལུ་ གལ་གནད་ཆེ་བའི་ཁྲོམ་གཅིག་ཨིན།

ཁྲོམ་ཚོགས་འདི་ སྔོན་མ་ བྷྲུ་ནའི་གི་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་དོན་ལུ་ གཙང་ཆུའི་གྲུ་ཁ་དང་ ཚོང་འབྲེལ་ལྟེ་བ་གཅིག་སྦེ་སྡོད་ཡོདཔ་ཨིན། དུས་རབས་༢༠ པ་འགོ་བཙུགས་ཁམས་ཅིག་ཁར་ བིརི་ཊིཤ་གི་མངའ་འོག་ལུ་ བདག་སྐྱོང་ལྟེ་བ་ལུ་འགྱུར་ཡོདཔ་དང་ སྤྱི་ལོ་༡༩༧༠ ཚུན་ ས་གནས་ཀྱི་མིང་འདི་ བྷྲུ་ནའི་ཁྲོམ་ཟེར་སླབ་དོ་ཡོདཔ་ཨིན། དེའི་ཤུལ་ལས་ སུལ་ཏན་ཨོ་མར་ཨ་ལི་སཱའི་ཕུ་ཌིན་༣ པ་ལུ་གུས་བཏུད་ཀྱི་ཚུལ་ལུ་ ཁྲོམ་འདི་གི་མིང་ཡང་ བཱན་དྷར་ཤྲཱི་བྷ་ག་ཝཱན་ ཟེར་བསྒྱུར་བཅོས་འབད་ནུག། དེ་མ་ཚད་ མིང་བསྒྱུར་བཅོས་འབད་དགོ་མི་འདི་ཡང་ སྤྱི་ལོ་༡༩༨༤ ལུ་ རྒྱལ་ཁབ་འདི་ བིརི་ཊིཤ་གི་དབང་འོག་ལས་ རང་དབང་ཧྲིལ་བུམ་ཐོབ་པའི་ཤུལ་ལས་ བྷྲུ་ནའི་རང་དབང་གི་བརྡ་མཚན་ གསལ་སྟོན་འབད་ནིའི་དོན་ལུ་ཨིན་པས།

ད་རེས་ནངས་པ་ བཱན་དྷར་ཤྲཱི་བྷ་ག་ཝཱན་འདི་ བྷྲུ་ནའི་གི་སྲིད་དོན་དང་ལམ་སྲོལ་ དེ་ལས་ ཆོས་ལུགས་ཚུ་གི་དོན་ལུ་ ག་ཅི་དེ་ཁག་ཆེ་བའི་ཁྲོམ་གཅིག་ཨིན། མི་དབང་རྒྱལ་པོའི་གཞུང་འབྲེལ་བཞུགས་གནས་ ཨིསི་ཊ་ན་ནུ་རུལ་ཨི་མཱན་ ཟེར་མི་འདི་ ཁྲོམ་འདི་ནང་ལུ་ཆགས་ཏེ་ཡོདཔ་ཨིན། ཁང་མིག་༡༧༠༠ ལྷགཔ་ཅིག་ཡོད་མི་ ཕོ་བྲང་འདི་ འཛམ་གླིང་ནང་ ཕོ་བྲང་སྦོམ་ཤོས་ཅིག་སྦེ་ངོས་འཛིན་འབད་དེ་ཡོདཔ་དང་ ཕོ་བྲང་འདི་ སུལ་ཏཱན་གྱི་བཞུགས་གནས་ཨིན་པའི་ཁར་ གཞུང་སྐྱོང་གི་ཕྱག་ལཱ་ཡང་ འདི་ནང་ར་གནང་དོ་ཡོདཔ་ཨིན། མི་མང་ལུ་ འཕྲལ་འཕྲལ་ལས་བརྒལ་མཇལ་ཁ་མེད་པའི་ཕོ་བྲང་གཅིག་ཨིན་རུང་ ཕོ་བྲང་འདི་གི་མཛེས་སྡུག་འདི་ རྒྱལ་ཁབ་ཀྱི་ རྒྱལ་བརྒྱུད་ཀྱི་སྲོལ་ཁྱུན་དང་ ས་སྣུམ་གྱི་འབྱོར་པ་སྦོམ་ཡོད་པའི་ བརྡ་མཚོན་གཅིག་སྦེ་གནས་ཏེ་ཡོདཔ་ཨིན།

བྱུང་རབས་ཅན་གྱི་ངོ་རྟགས་གཞན་མི་གཅིགཔོ་འདི་ སྤྱི་ལོ་༡༩༥༨ ལུ་བསྒྲུབས་ཡོད་མི་ སུལ་ཏཱན་ཨོ་མཱར་ཨ་ལི་སའི་ཕུ་ཌིན་གྱི་ཁ་ཆེའི་ལྷ་ཁང་འདི་ཨིན། ཤར་ལྷོ་ཨེ་ཤི་ཡ་ལུ་ ཁ་ཆེའི་ལྷ་ཁང་འདི་ མཛེས་སྡུག་ཅན་ཅིག་ཨིནམ་སྦེ་ཆ་བཞགཔ་དོ་ཡོདཔ་དང་ འདི་ནང་ལུ་ ཨི་ཊ་ལི་གི་རྡོ་རིང་དང་ ཨིང་ལིཤ་གི་སྒྲོན་མེ་ དེ་ལས་ གསེར་གྱི་ཟླུམ་རྩེ་ཚུ་ཡོདཔ་ཨིན། བཅོས་མའི་མཚོ་གིས་བསྐོར་ཏེ་ཡོད་མི་ ཁ་ཆེའི་ལྷ་ཁང་འདི་གིས་ རྒྱལ་ཁབ་ཀྱི་ངོ་རྟགས་དང་གཞུང་སྐྱོང་ནང་ལུ་ ཨིསི་ལམ་འདི་མེད་ཐབས་མེདཔ་གཅིག་ཨིན་པའི་ བརྡ་མཚོན་སྟོནམ་ཨིན།

ཁྲོམ་ཚོགས་འདི་གི་ཉེ་འདབས་ལུ་ ཀམ་པོང་ཨ་ཡར་ ཟེར་བའི་ས་གནས་གཅིག་ཡོདཔ་དང་ འདི་ལུ་ "ཤར་ཕྱོགས་ཀྱི་ཝེ་ནིསི" ཟེར་ཡང་སླབ་དོ་ཡོདཔ་ཨིན། གཡུས་ཚན་འདི་ དུས་རབས་ལས་བཅད་དེ་འགྱོ་ཡོདཔ་དང་ འདི་ནང་ མི་སེར་སྟོང་ཕྲག་ལས་བཅད་དེ་ བྷྲུ་ནའི་གཙང་ཆུ་གི་ལྟག་ལུ་ ཤིང་གི་ཁྱིམ་ཚུ་རྐྱབ་སྟེ་ སྡོད་དོ་ཡོདཔ་ཨིན། གཡུས་ཚན་འདི་ རྒྱལ་རབས་ཅན་གྱི་ས་ཆ་བཟུམ་སྦེ་མཐོང་དོ་ཡོད་རུང་ འདི་ནང་ སློབ་གྲྭ་དང་སྨན་ཁང་ དེ་ལས་ ཁ་ཆེའི་ལྷ་ཁང་ཚུ་བརྩིས་ཏེ་ དེང་སང་གི་མཐུན་རྐྱེན་ཚུ་གཞི་བཙུགས་འབད་དེ་ཡོདཔ་དང་ ཤིང་གིས་བཟོ་བའི་ལམ་དང་ རྐང་ཟམ་ཚུ་གིས་ མཐུད་སྦྲེལ་འབད་དེ་ཡོདཔ་ཨིན།

དཔལ་འབྱོར་གྱི་ཐད་ལུ་ བཱན་དྷར་ཤྲཱི་བྷ་ག་ཝཱན་འདི་ བྷྲུ་ནའི་གི་དངུལ་འབྲེལ་དང་བདག་སྐྱོང་ལྟེ་བ་གཅིག་སྦེ་གནས་ཏེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་རྒྱུ་ནོར་མང་ཤོས་རང་ མཚོ་ཁའི་ས་སྣུམ་དང་རླངས་རླུང་ལས་བརྟེན་ ཐོན་དོ་ཡོད་རུང་ ཁྲོམ་འདི་ནང་ དངུལ་ཁང་ལྟེ་བ་དང་ གཞུང་གི་ལྷན་ཁག་ དེ་ལས་ ཚོང་འབྲེལ་ལས་སྡེ་སྦོམ་ཚུ་ཡང་ཡོདཔ་ཨིན། འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ཨིསི་ལ་མིཀ་དངུལ་འབྲེལ་དང་ སྐྱེ་ལྡན་བལྟ་བཤལ་ དེ་ལས་ ཧ་ལཱལ་བཟོ་སྐྲུན་ལ་སོགས་པའི་ ལས་སྡེ་ཚུ་གཞི་བཙུགས་འབད་ཐོག་ལས་ དཔལ་འབྱོར་སྣ་མང་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན།

ལམ་སྲོལ་གྱི་ཐད་ལུ་ ཁྲོམ་སྡེ་འདི་གིས་ བྷྲུ་ནའི་གི་ལམ་སྲོལ་ཚུ་ ཉམས་སྲུང་འབད་ཡོད་མི་ལུ་ དཔའ་ཉམས་བསྐྱེད་དོ་ཡོདཔ་ཨིན། བྷྲུ་ནའི་འགྲེམས་སྟོན་ཁང་དང་ རྒྱལ་འཛིན་རྟགས་ཆས་འགྲེམས་སྟོན་ཁང་ དེ་ལས་ མ་ལེ་འཕྲུལ་རིག་འགྲེམས་སྟོན་ཁང་ ལ་སོགས་པ་ཚུ་གིས་ རྒྱལ་ཁབ་ཀྱི་རྒྱལ་བརྒྱུད་ཀྱི་སྲོལ་རྒྱུན་དང་ ཨིསི་ལཱ་མིཀ་སྒྱུ་རྩལ་ དེ་ལས་ ས་གནས་ཀྱི་གསར་བཏོད་ཚུ་ གསལ་སྟོན་འབད་དོ་ཡོདཔ་ཨིན། ཁྲོམ་སྡེ་འདི་ནང་ ལམ་སྲོལ་གྱི་དུས་སྟོན་དང་ ཁྲོམ་སྐོར་ དེ་ལས་ ཆོས་དོན་གྱི་ལས་རིམ་ཚུ་ དུས་རྒྱུན་དུ་ར་ འགོ་འདྲེན་འཐབ་དོ་ཡོད་མི་ལས་བརྟེན་ རྒྱལ་ཡོངས་གཅིག་སྒྲིལ་དང་ རང་ལུགས་ཀྱི་བརྩི་མཐོང་ཚུ་ བརྟན་ཏོག་ཏོ་བཟོ་དོ་ཡོདཔ་ཨིན།

བཱན་དྷར་ཤྲཱི་བྷ་ག་ཝཱན་ལུ་ ཤེས་རིག་དང་ མི་མང་གསོ་བའི་ཞབས་ཏོག་འདི་ གཙོ་རིམ་ཅན་ཅིག་ཨིན། ཁྲོམ་འདི་ནང་ བྷྲུ་ནའི་དཱ་རུ་ས་ལམ་གྱི་གཙུག་ལག་སློབ་སྡེ་དང་ བྷྲུ་ནའི་འཕྲུལ་རིག་གཙུག་ལག་སློབ་སྡེ་ཚུ་ཡོདཔ་ཨིན། མི་མང་ཞབས་ཏོག་ཡོངས་སུ་རྫོགསཔ་སྦེ་ཡོད་མི་དང་ ལམ་གྱི་མཐུན་རྐྱེན་ལེགས་ཤོམ་ཡོད་མི་ དེ་ལས་ མཐའ་འཁོར་གནས་སྟངས་ཀྱི་གཙང་སྦྲ་ལུ་གཙོ་བོར་བཏོན་མི་ལས་བརྟེན་ ཁྲོམ་འདི་ ཤར་ལྷོ་ཨེ་ཤི་ཡ་ལུ་ མི་སྡོད་བཏུབ་པའི་ཁྲོམ་ཚོགས་དྲག་ཤོས་གཅིག་གི་གྲངས་སུ་ཚུདཔ་ཨིན།

རྒྱབ་རྟེན་དཔེ་ཐོ།

    "https://dz.wikipedia.org/w/index.php?title=བྷྲུ་ནའི།_Brunei&oldid=38981" ལས་ སླར་འདྲེན་འབད་ཡོདཔ།