Jump to content

མ་དཱ་གེས་ཀར།

Wikipedia ལས།

ངོ་སྤྲོད།

མ་ད་གཱས་ཀར་གྱི་ས་ཁྲ།

༉ འཛམ་གླིང་ནང་ མཚོ་གླིང་སྦོམ་ཤོས་བཞི་པ་ཨིན་མི་ མ་དཱ་གེས་ཀར་གྱི་རྒྱལ་ཁབ་འདི་ རྒྱ་གར་གྱི་རྒྱ་མཚོ་ཆེན་མོའི་ནང་ ཨཕ་རི་ཀ་གི་ཤར་ལྷོ་མཚོ་འགྲམ་ལུ་ཆགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་དང་ལམ་སྲོལ་ཕྱུགཔོ་ཡོདཔ་ལས་ ལུང་ཕྱོགས་ཀྱི་སྲིད་འབྲེལ་རིག་པ་དང་དཔལ་འབྱོར་ དེ་ལས་ རང་བཞིན་གནས་སྟངས་ལུ་ གནད་འགག་སྦོམ་འཆང་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱལ་ས་ ཨཱན་ཏ་ན་དི་བོ་ཟེར་སླབ་ཨིན།

མི་རློབས་དང་མི་རིགས།

སྤྱི་ལོ་ ༢༠༢༥ ཚུན་ལུ་ མ་དཱ་གེས་ཀར་ལུ་ མི་རློབས་ས་ཡ་ ༣༠ ལྷགཔ་ཅིག་ཡོདཔ་དང་ འཛམ་གླིང་ནང་མི་རློབས་མང་ཤོས་ཡོད་པའི་ མཚོ་གླིང་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་གི་མི་རློབས་ན་ཚོད་ཆུང་བ་སྦེ་ཡོདཔ་ལས་ མང་ཤོས་ལོ་ན་ཚོད་ ༢༠ དེ་ཅིག་གི་ནང་ཡོདཔ་དང་ སྐྱེས་རྒྱུན་གྱི་ཚད་གཞི་འདི་ ཨམ་སྲུ་རེ་ལུ་སྤྱིར་སྙོམས་ལུ་ ཨ་ལུ་ ༣.༨ དེ་ཅིག་ཡོདཔ་ཨིན། དེ་བཟུམ་མའི་ ན་གཞོན་གྱི་མི་འབོར་ཞིབ་རྩིས་ཀྱིས་ཤེས་ཡོན་དང་ལཱ་གཡོག་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་བྱིན་ནི་གི་ཐད་ཁར་ཡར་རྒྱས་ཀྱི་གོ་སྐབས་དང་ གདོང་ལེན་གཉིས་ཆ་ར་གསལ་སྟོན་འབདཝ་ཨིན།

མ་དཱ་གེས་ཀར་གྱི་མི་རློབས་ལུ་ མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་དང་ དེ་ཚུ་ག་ར་ལུ་ རྒྱལ་ཁབ་གཅིག་གི་མི་སེར་ མ་ལ་ག་སི་ཟེར་སླབ་ཨིན། རྒྱལ་ཁབ་འདི་གི་མི་རིགས་འདི་ ཨཱས་ཊོ་ནི་ཤི་ཡཱན་དང་ ཨཕི་རི་ཀཱན་གི་རིགས་བརྒྱུད་སླ་བསྲེས་ཏེ་ཡོད་པའི་མི་རིགས་ཅིག་ཨིན། རིགས་མཚན་དང་སྐད་ཡིག་གི་ཞིབ་འཇུག་དང་འཁྲིལཝ་ད་ རྒྱལ་ཁབ་འདི་ནང་འགོ་ཐོག་གཞི་ཆགས་མི་ངོ་མ་ ལོ་ངོ་ ༡༥༠༠ དེ་ཅིག་གི་ཧེ་མ་ ད་ལྟོ་ཡོད་པའི་ ཨིན་ཌོན་ནེ་ཤི་ཡ་ལས་འོངས་ཡོདཔ་དང་ ཤུལ་ལས་ ཤར་ཕྱོགས་ཨཕི་རི་ཀ་ལས་གནས་སྤོ་འོངས་པའི་ བཱན་ཊུ་ཟེར་མི་རིགས་དང་སླ་བསྲེས་ཏེ་ ད་ལྟོ་ཡོད་པའི་ མ་ལ་ག་སི་གི་མི་རིགས་ངོ་རྟགས་འདི་བྱུང་ཡོདཔ་ཨིན།

གཞུང་འབྲེལ་དུ་ མ་ལ་ག་སི་གི་མི་རིགས་སྡེ་ཚན་ ༡༨ ཡོདཔ་དང་་ འདི་ནང་ ལ་མཐོ་ས་ལས་ཕར་ཁྱབ་ཆེཝ་སྦེ་ཡོད་པའི་མི་རིགས་ མེ་རི་ན་དང་ ཤར་ཕྱོགས་ཀྱི་མཚོ་འགྲམ་ལས་ཕར་སྡོད་མི་ བེཊ་སི་མི་ས་ར་ཀ་ དེ་ལས་ ནུབ་མཚོའི་མཐའ་མར་སྡོད་མི་ ས་ཀ་ལ་བཱ་དང་ ལྷོ་ཕྱོགས་ལུ་སྡོད་མི་ ཨེན་ཊཱན་ཌོའི་གི་མི་རིགས་ཚུ་ཚུདཔ་ཨིན། མི་རིགས་སྡེ་ཚན་རེ་གིས་ ལམ་སྲོལ་གྱི་ཁྱད་ཆོས་དང་ གོ་ལ་གི་བཟོ་རྣམ་ དེ་ལས་ ཁ་སྐད་ཚུ་སོ་སོ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ག་ར་གིས་ མ་ལ་ག་སི་ཟེར་ རྒྱལ་ཁབ་གཅིག་གི་མི་སྦེ་ངོས་འཛིན་འབདཝ་ཨིན།

གཞུང་སྐྱོང་ལམ་ལུགས།

མ་དཱ་གེསི་ཀར་འདི་ སྤྱི་མཐུན་གྱི་རྒྱལ་ཁབ་ཅིག་ཨིནམ་དང་ གཞུང་སྐྱོང་ལམ་ལུགས་འདི་ནང་ རྒྱལ་ཁམས་ཀྱི་འགོ་ཁྲིད་སྲིད་འཛིན་དང་ གཞུང་སྐྱོང་མི་བློན་ཆེན་གཉིས་སྦེ་ཡོདཔ་ལས་ སྲིད་འཛིན་དང་བློན་ཆེན་གྱི་བར་ན་ དབང་ཚད་ཚུ་འདྲན་འདྲ་སྦེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་མངོན་མཐོའི་ཁྲིམས་འདི་ སྤྱི་ལོ་ ༢༠༡༠ ལུ་ ཆ་འཇོག་འབད་མི་ སྤྱི་མཐུན་རྒྱལ་ཁབ་བཞི་པའི་རྩ་ཁྲིམས་ཆེན་མོ་འདི་ཨིན།  

མ་དཱ་གེས་ཀར་གཞུང་འདི་ ལྷན་སྡེ་གསུམ་ལུ་དབྱེ་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་འཛིན་སྐྱོང་ལྷན་སྡེ་འདི་ སྲིད་འཛིན་གྱི་དབུ་ཁྲིད་ཐོག་ བློན་ཆེན་གྱིས་སྐྱོང་བའི་གཞུང་འདི་ཨིནམ་དང་ སྲིད་འཛིན་འདི་ མི་མང་གི་ཚོགས་རྒྱན་ཐོག་ལས་ ལོ་ངོ་ལྔ་གི་དོན་ལུ་བཙག་འཐུ་འབད་དེ་ རྒྱལ་ཁབ་ཀྱི་དབུ་ཁྲིད་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། དེ་ལས་ བློན་ཆེན་འདི་ སྲིད་འཛིན་གྱིས་བསྐོ་བཞག་འབདཝ་ཨིནམ་དང་ ཉིན་བསྟར་གཞུང་གི་བདག་སྐྱོང་གི་འགན་ཁུར་ཚུ་ བློན་ཆེན་གྱིས་འབགཔ་ཨིན།

རྒྱལ་ཁབ་འདི་གི་ ཁྲིམས་བཟོ་ལྷན་སྡེ་གི་ཐད་ལུ་ ལྷན་སྡེ་འདི་ ཚོགས་ཁང་གཉིས་ལྡན་སྦེ་ཡོདཔ་དང་ འདི་ཡང་ རྒྱལ་ཡོངས་ཚོགས་འདུ་དང་ ཁྲིམས་བཟོ་ཚོགས་སྡེ་གཉིས་ཨིན། རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་བཟོའི་གཙུག་སྡེ་གཙོ་བོ་ཅིག་ཨིནམ་དང་ འཐུས་མི་ཚུ་ཡང་ མི་སེར་ཚུ་གིས་ ཐད་ཀར་དུ་ བཙག་འཐུ་འབད་མི་ཚུ་ཨིན། དེ་ལས་ ཁྲིམས་བཟོ་ཚོགས་སྡེ་འདི་གི་ཐད་ལུ་ འཐུས་མི་མང་ཤོས་ཅིག་ གྲོས་སྟོན་པ་ཚུ་ཨིནམ་དང་ དེ་ཚུ་ ལུང་ཕྱོགས་ཚོགས་སྡེ་ཚུ་གིས་བཙག་འཐུ་འབད་མི་དང་ སྲིད་འཛིན་གྱིས་ བསྐོ་བཞག་འབད་མི་འཐུས་མི་ཚུ་ཡོདཔ་ཨིན།

རྒྱལ་ཁབ་འདི་གི་དྲང་ཁྲིམས་ལྷན་སྡེ་གི་ཐད་ལུ་ ལྷན་སྡེ་འདི་ རང་དབང་ཅན་སྦེ་གནས་དགོཔ་སྦེ་ དངོས་གཞི་ལུ་ སྲིད་དོན་གྱི་ཤན་ཞུགས་འོག་ལུ་ཚུད་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ ཁྲིམས་ཁང་མཐོ་ཤོས་ཚུ་ཡང་ མངོན་མཐོའི་ཁྲིམས་འདུན་དང་ རྩ་ཁྲིམས་ཆེན་མོའི་ཁྲིམས་འདུན་ དེ་ལས་ མཐོ་གཏུག་ཁྲིམས་འདུན་ཚུ་ཨིན།

སྐད་ཡིག་དང་ལམ་སྲོལ།

མ་དཱ་གེས་ཀར་ལུ་ མ་ལ་གཱ་སི་དང་ ཕེརེནཆི་ཟེར་མི་ གཞུང་འབྲེལ་སྐད་ཡིག་གཉིས་ཡོདཔ་ཨིན། འདི་ནང་ལས་ དང་པ་ ཨཱས་ཊོ་ནི་ཤི་ཡཱན་ གྱི་འབྱུང་ཁུངས་ལས་ཨིན་མི་ མ་ལ་གཱ་སི་འདི་ རྒྱལ་ཁབ་མཐའ་དབུས་མེད་པར་སླབ་དོ་ཡོདཔ་ལས་ མི་རིགས་མ་འདྲཝ་ཚུ་གཅིག་སྒྲིལ་འབད་མི་ རྒྱལ་ཡོངས་སྐད་ཡིག་སྦེ་ལཱ་འབདཝ་ཨིན། གཉིས་པ་ དབང་འོག་རྒྱལ་ཁབ་ལས་བརྒྱུད་པའི་ ཕེརེནཆི་གི་སྐད་ཡིག་འདི་ གཞུང་དང་ ཤེས་རིག་ དེ་ལས་ ཚོང་འབྲེལ་ཚུ་ནང་ དམིགས་བསལ་གྱིས་ ཁྲོམ་ཚོགས་ཚུ་ནང་ཁྱབ་ཆེཝ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན།

མ་ལ་གཱ་སི་གི་ལམ་སྲོལ་འདི་ ཨཕི་རི་ཀ་དང་ ཨཱས་ཊོ་ནི་ཤི་ཡཱ་ དེ་ལས་ ཨ་རབ་དང་ཡུ་རོབ་ཀྱི་ཤན་ཞུགས་ཡོད་མི་ ལམ་སྲོལ་སྣ་ལྡན་ཅིག་ཨིན། རྒྱལ་ཁབ་འདི་ནང་ རང་ལུགས་ཀྱི་ལུགས་སྲོལ་ཚུ་དང་ མི་སྡེའི་སྒྲིག་གཞི་ཚུ་སྒྲིང་སྒྲི་སྦེ་གནས་ཏེ་ཡོདཔ་དང་ དམིགས་བསལ་གྱིས་ གྲོང་གསེབ་ས་ཁོངས་ཚུ་ནང་ཡོདཔ་ཨིན། དེ་ལས་ མ་ལ་གཱ་སི་གི་མི་སྡེ་ནང་ལུ་ ཉེ་འབྲེལ་དང་ མི་སྡེ་གཅིག་སྒྲིལ་ ཕན་ཚུན་གུས་ཞབས་ལ་སོགས་པའི་ བརྩི་མཐོང་སྦོམ་ཡོདཔ་ཨིན། རང་ལུགས་ཀྱི་ལུགས་སྲོལ་ལུ་ རང་གི་མི་བརྒྱུད་ཚུ་དུས་དྲན་འབད་བའི་དུས་སྟོན་ཚུ་ བརྩི་སྲུང་འབད་དོ་ཡོདཔ་དང་ རང་ལུགས་ལམ་སྲོལ་ལུ་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ ཁ་རྒྱུན་རྣ་རྒྱུན་གྱི་སྲུང་གཏང་ནི་ཚུ་ ལམ་སྲོལ་གྱི་བརྩི་མཐོང་དང་བྱུང་རབས་རྒྱུན་སྐྱོང་གྱི་དོན་ལུ་ རྒྱུན་སྤྱོད་འབད་དེ་ར་ཡོདཔ་ཨིན།

མ་དཱ་གེས་ཀར་ལུ་ ཆོས་ལུགས་མ་འདྲཝ་ལེ་ཤ་ཡོདཔ་དང་ དེ་ནང་ལས་ མི་རློབས་བརྒྱ་ཆ་ ༥༠ དེ་ཅིག་གིས་ རང་ལུགས་ཀྱི་ཡིད་ཆེས་ལུ་མོས་གུས་སྐྱེད་དོ་ཡོདཔ་དང་ བརྒྱ་ཆ་ ༤༠ དེ་ཅིག་གིས་ ཡེ་ཤུའི་ཆོས་ལུགས་ཉམས་ལེན་འབད་དོ་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་ ༧ དེ་ཅིག་གིས་ ཨིསི་ལམ་གྱི་ཆོས་ལུགས་ཉམས་ལེན་འབད་དོ་ཡོདཔ་དང་ དེ་ཡང་ མཚོ་མཐའ་ལས་ཕར་སྡོད་མི་ཚུ་ཨིན་མས། མ་ལ་གཱ་སི་གི་མི་མང་ཤོས་ཅིག་གིས་ར་ རང་ལུགས་ཀྱི་ཆོས་དང་འབྲེལ་བའི་ལཱ་ཚུ་ ལུགས་མཐུན་གྱི་ཆོས་ལུགས་དང་བསྟུན་འབད་དོ་ཡོདཔ་ཨིན།

དཔལ་འབྱོར་དང་ཚོང་ལཱ།

མ་དཱ་གེས་ཀར་འདི་ འོང་འབབ་ཆུང་བའི་རྒྱལ་ཁབ་ཅིག་སྦེ་རྩི་དོ་ཡོདཔ་དང་ རྒྱལ་ཁབ་འདི་གི་རྒྱལ་ཡོངས་ནང་འཁོད་ཡོངས་འབོར་ ཡུ་ཨེས་ཌོ་ལར་ ༥༥༠ དེ་ཅིག་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་ གཙོ་བོ་སོ་ནམ་ལུ་བརྟེན་དོ་ཡོདཔ་ལས་ མི་རློབས་བརྒྱ་ཆ་ ༨༠ དེ་ཅིག་སོ་ནམ་གྱི་ལཱ་འབད་དོ་ཡོདཔ་དང་ རྒྱལ་ཡོངས་ནང་འཁོད་ཡོངས་འབོར་ལུ་ བརྒྱ་ཆ་ ༢༥ དེ་ཅིག་གི་ཐོན་ཤུགས་གྲོགས་རམ་འབད་དོ་ཡོདཔ་ཨིན། འདི་གི་ནང་ལས་ཐོན་ཤུགས་སྦོམ་ཤོས་ ཝེ་ནི་ལ་ཕྱིར་ཚོང་འཐབ་མི་འདི་ཨིནམ་ལས་ འཛམ་གླིང་ནང་བཀྲམ་སྤེལ་བརྒྱ་ཆ་ ༧༠ ལྷགཔ་ཅིག་འབད་དོ་ཡོདཔ་ཨིན། དེ་ལས་ ལོ་ཐོག་གཙོ་བོ་གཞན་ཚུ་ཡང་ ཀཱ་ཕི་དང་ ལི་ཤི་ ཀོ་ཀོ་ ཆུམ་དང་ ལི་ཅི་ཚུ་ཨིན།

མ་དཱ་གེས་ཀར་འདི་ ལྕགས་དཀར་རྩི་ ལྕགས་རྫས་ ཨིལ་མེ་ནའིཊ་ དེ་ལས་ གཡུ་རྡོ་ལ་སོགས་པའི་རང་བཞིན་གྱི་ཐོན་སྐྱེད་ཚུ་ལུ་ ཕྱུགཔོ་སྦེ་ཡོདཔ་ཨིན། འདི་གིས་སྦེ་ ཨམ་བཱ་ཊོ་ཝི་ལྕགས་རྫས་གཏེར་ཁ་བཟུམ་གྱི་ ས་གཏེར་ལས་འགུལ་སྦོམ་ཚུ་གིས་ ཕྱི་རྒྱལ་གྱི་མ་རྩ་གཞི་བཙུགས་ཚུ་འོང་བཅུག་སྟེ་ཡོདཔ་ཨིན། མ་དཱ་གེས་ཀར་འདི་ ཕྱི་རྒྱལ་གྱི་གྲོགས་རམ་ལུ་ཡང་བརྟེན་དོ་ཡོདཔ་དང་ རྒྱལ་ཡོངས་འཆར་དངུལ་གྱི་བརྒྱ་ཆ་ ༤༠ དེ་ཅིག་ ཕྱིའི་མ་རྩ་ཚུདཔ་ཨིན་མས། དེ་ཡང་ རྒྱལ་སྤྱིའི་གྲོགས་རམ་བྱིན་མི་ འཛམ་གླིང་དངུལ་ཁང་དང་ ཡུ་རོབ་གཅིག་བསྡོམས་ཚོགས་པ་ལ་སོགས་པ་ཚུ་གིས་ རྒྱལ་ཁབ་ཀྱི་གཞི་རྟེན་མཁོ་ཆས་ གསོ་བ་དང་ཤེས་རིག་ལས་རིམ་ཚུ་ལུ་རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན།

རྒྱལ་ཁབ་འདི་ནང་ ཐོན་སྐྱེད་གཅིགཔོ་འདི་ལྟ་བཤལ་ལས་བརྟེན་ཨིནམ་དང་ མཚོ་གླིང་འདི་ལུ་སྐྱེ་ལྡན་རིགས་སྣ་མ་འདྲཝ་ཡོད་མི་གིས་ སྐྱེ་ལྡན་ལྟ་བཤལ་ཡར་སྐྱེད་གཏང་དོ་ཡོདཔ་ཨིན།  དེ་ཡང་ མ་དཱ་གེས་ཀར་ལུ་ཡོད་པའི་ རི་དྭགས་སྲོག་ཆགས་བརྒྱ་ཆ་ ༩༠ ལྷགཔ་ཅིག་ འཛམ་གླིང་བུ་གླིང་རྒྱལ་ཁབ་གཞན་ཁར་མེད་ནི་འདི་གིས་ཨིན་མས། []

དཀའ་ངལ་དང་གདོང་ལེན།

མ་དཱ་གེས་ཀར་ལུ་དཀའ་ངལ་ཚུ་ཡང་ དང་པ་དབུལ་ཕོངས་དང་ཉེ་རིང་ཕྱོགས་རིས་ཀྱི་དཀའ་ངལ་ཡོདཔ་ཨིན། དེ་ཡང་ མི་རློབས་བརྒྱ་ཆ་ ༧༥ ལྷག་ཙམ་ཅིག་གིས་ ཉིནམ་རེ་ལུ་ ཏི་རུ་ཨུ་ཨེས་ཌོ་ལར་ ༡.༩༠ ལས་ཉུང་བའི་ འཚོ་བ་སྐྱོང་སྟེ་སྡོད་དོ་ཡོདཔ་ཨིན། དབུལ་ཕོངས་འདི་ དམིགས་བསལ་གྱིས་ གྲོང་གསེབ་ཀྱི་ས་ཁོངས་ཚུ་ནང་ཤུགས་སྦེ་ཡོདཔ་དང་ དེ་ནང་ ཤེས་ཡོན་དང་གསོ་བའི་ཞབས་ཏོག་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ ཚད་འཛིན་སྦེ་ཡོདཔ་ཨིན། ཕྱོགས་རིས་འདི་ཡང་གཙོ་བོ་ ཁྲོམ་ཁར་ལས་ཕར་ཡར་རྒྱས་ཆེ་སུ་དང་ སྲིད་དོན་པ་ཚུ་གི་ནང་འཁོད་ཡར་དྲག་ཆེ་སུ་སྦེ་འགྱོ་དོ་ཡོདཔ་ཨིན།

རྒྱལ་ཁབ་འདི་ནང་ སྤུས་ཚད་ཅན་གྱི་ཤེས་ཡོན་འཐོབ་ནི་འདི་ གདོང་ལེན་སྦོམ་ཅིག་སྦེ་ར་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ ཨ་ལུ་མང་ཤོས་ཅིག་གིས་ དབུལ་ཕོངས་དང་ཨ་ལུའི་ལས་མི་ དེ་ལས་ སློབ་གྲྭའི་མཐུན་རྐྱེན་ཚུ་ལངམ་སྦེ་མེད་མི་ལུ་བརྟེན་ སློབ་གྲྭ་ཆུང་བ་རྫོགསཔ་ཅིག་ཐོན་སྡོད་དོ་ཡོདཔ་ཨིན། དེ་འབདཝ་ལས འབྲི་ལྷག་ཤེས་ཡོན་གྱི་གནས་ཚད་འདི་ ཨ་ཙིརེ་ཡར་དྲག་འགྱོ་སྟེ་ཡོད་རུང་ ལུང་ཕྱོགས་ཀྱི་སྤྱིར་སྙོམས་ལས་ རྒྱབ་ཁར་ལུས་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ར་ གསོ་བའི་ཞབས་ཏོག་ལམ་ལུགས་ཡང་ ཐོན་ཁུངས་མེདཔ་ཨིན། རྒྱལ་ཁབ་ནང་ ཨམ་སྲུ་དང་ཨ་ལུ་ཤི་རྐྱེན་གྱི་ཚད་གཞི་མཐོ་དྲགས་དང་ ཟས་བཅུད་མ་ལངས་པའི་དཀའ་ངལ་ དེ་ལས་ ཆུ་གཙང་ཏོག་ཏོ་དང་གཙང་སྦྲ་འཕྲོད་བསྟེན་ཚུ་མ་ཐོབ་མི་ལུ་བརྟེན་ དཀའ་ངལ་བྱུང་སྟེ་ར་ཡོདཔ་ཨིན། []

མ་དཱ་གེས་ཀར་འདི་ མཐའ་འཁོར་གནས་སྟངས་དྲག་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཨིན་རུང་ སྐྱེ་ལྡན་གནས་སྟངས་ལུ་གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ཨིན། དེ་ཡང་ རྒྱལ་ཁབ་ནང་ཁྲིམས་ལྡན་དང་ ཁྲིམས་འགལ་གཉིས་ཆ་རའི་ཐོག་ལས་ ཤིང་བཏོགས་ཏེ་བཙོང་མི་དང་ རྩེ་རི་བརྫམ་ནི་ལ་སོགས་པ་ཚུ་གིས་ རྒྱལ་ཁབ་འདི་ནང་གི་ སྔོ་ཤིང་དང་སེམས་ཅན་ལ་སོགས་པའི་ སྐྱེ་ལྡན་གནས་སྟངས་ཉམས་ནི་ལུ་ཉེན་ཁ་བྱིན་ཏེ་ཡོདཔ་ཨིན། དེ་བཟུམ་མའི་ ཡུན་བརྟན་མེད་པའི་སོ་ནམ་གྱི་ལཱ་འབད་མི་གིས་ ས་རུད་དང་ཆུ་རུད་ དེ་ལས་ ས་གནས་ཚུ་བྱེ་ཐང་ལུ་འགྱུར་ནིའི་ཡར་དྲག་འགྱོ་སྟེ་ཡོདཔ་ཨིན། དེ་མ་ཚད་ གནམ་གཤིས་འགྱུར་བ་འདི་གིས་ དཀའ་ངལ་འདི་ཚུ་ ཧེང་སྐལ་ར་ཚབས་ཆེན་བཟོ་སྟེ་ཡོདཔ་དང་ འདི་ཡང་ དམིགས་བསལ་གྱིས་ ལྷོ་ཕྱོགས་ཁ་ཐུག་ལུ་ རླུང་འཚུབ་དང་ཐན་པ་ དེ་ལས་ ཆུ་རུད་ཚུ་ཡར་སེང་འགྱོ་སྟེ་ཡོདཔ་ཨིན། []

༼སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས༽

རྒྱབ་རྟེན་དཔེ་ཆ།

  1. Campbell, G. (2005). An economic history of imperial Madagascar, 1750–1895: The rise and fall of an island empire. Cambridge University Press. ཀེམ་བེལ་ ཇི། ༼༢༠༠༥༽ མ་དཱ་གེས་ཀར་རྒྱལ་ཁམས་ཀྱི་དཔལ་འབྱོར་བྱུང་རབས་ ༡༧༥༠-༡༨༩༥། ཀེམ་བིརིཆ་གཙུག་ལག་སློབ་སྡེ་དཔེ་སྐྲུན་ལས་ཁང་།
  2. Ellis, S. (1985). The rising of the red shawls: A revolt in Madagascar 1895–1899. Cambridge University Press. ཨི་ལིསི་ ཨེསི། ༼༡༩༨༥༽ མ་དཱ་གེས་ཀར་ལུ་ངོ་རྒོལ་ ༡༨༩༥ - ༡༨༩༩། ཀེམ་བིརིཆ་གཙུག་ལག་སློབ་སྡེ་དཔེ་སྐྲུན་ལས་ཁང་།
  3. Sharp, L. A. (2002). The sacrificed generation: Youth, history, and the colonized mind in Madagascar. University of California Press. ཤརཔ་ ཨེལ་ ཨེ། ༼༢༠༠༢༽ མི་ཐོག་རྒུད་དུས། མ་དཱ་གེས་ཀར་ལུ་ན་གཞོན་དང་བྱུང་རབས་ དེ་ལས་ རྒྱལ་ཁབ་གཞན་དབང་གྱི་སེམས་དྲན་གཏད། ཀེ་ལི་ཕོར་ནི་ཡ་གཙུག་ལག་སློབ་སྡེ་དཔེ་སྐྲུན་ལས་ཁང་།
"https://dz.wikipedia.org/w/index.php?title=མ་དཱ་གེས་ཀར།&oldid=39950" ལས་ སླར་འདྲེན་འབད་ཡོདཔ།