Jump to content

མ་ལ་ཝི། Malawi

Wikipedia ལས།

ངོ་སྤྲོད།

མ་ལ་ཝི་གི་རྒྱལ་དར།

༉ མ་ལ་ཝི་འདི་ མཛའ་མཐུན་ཅན་གྱི་མི་དང་ལམ་སྲོལ་ཕྱུགཔོ་ དེ་ལས་ མཚོ་ལྡན་ས་ཆའི་གནས་སྟངས་ལུ་ཡོངས་གྲགས་ཡོད་པའི་ ཤར་ལྷོ་ཨཕ་རི་ཀའི་ཁ་ཐུག་གི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། རྒྱལ་ཁབ་འདི་ཆུང་ཀུ་ཅིག་དང་དཔལ་འབྱོར་ཤུགས་ཅིག་ལས་མེད་རུང་ ཨཕ་རི་ཀའི་རྒྱལ་ཁབ་ནང་འཁོད་ ལྡོག་ཤུགས་དང་ཡར་རྒྱས་ དེ་ལས་ ཁྱད་ཆོས་སྣ་མང་ལུ་གལ་གནད་སྦོམ་འཆང་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱལ་ས་ལྟེ་བ་འདི་འབད་བ་ཅིན་ ལེ་ལོང་ཝི་ཨིན།

སའི་རྒྱ་ཚད་དང་ས་ཆའི་གནས་སྟངས།

མ་ལ་ཝི་འདི་ བྱང་དང་བྱང་ཤར་ལུ་ ཏཱན་ཟ་ནི་ཡ་དང་ ཤར་ལྷོ་དང་ལྷོ་ནུབ་ལུ་ མོ་ཟམ་བིཀ་ དེ་ལས་ ནུབ་ལུ་ ཟམ་བི་ཡ་ཚུ་གིས་ས་མཚམས་བཅད་དེ་ཡོད་པའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་གི་སའི་རྒྱ་ཚད་ཡོངས་བསྡོམས་ ཀི་ལོ་མི་ཊར་གྲུ་བཞི་ ༡༡༨༠༠༠ དེ་ཅིག་ལས་མེདཔ་ལས་ ཨཕི་རི་ཀའི་ནང་འཁོད་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། མ་ལ་ཝི་འདི་ ཚད་གཞི་ཆུང་ཀུ་ཅིག་ལས་མེད་རུང་ ས་ཆའི་གནས་སྟངས་མ་འདྲཝ་དང་ མཛེས་ཏོག་ཏོ་སྦེ་ཡོདཔ་ཨིན།

མ་ལ་ཝི་གི་ས་ཁྲ།

རྒྱལ་ཁབ་འདི་ ཤར་ཕྱོགས་ཨཕི་རི་ཀའི་ ས་གདོང་དང་ཆུ་གདོང་ཅན་གྱི་ལུང་གཤོང་སྦོམ་ཅིག་ནང་ཆགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ཁྱད་ཆོས་གཙོ་བོ་ཅིག་འདི་ ཤར་ཕྱོགས་ས་མཚམས་བདའ་སྟེ་རྒྱུག་མི་ མ་ལ་ཝི་མཚོ་འདི་ཨིན། འདི་ཡང་ མཚོ་འདི་གི་རྒྱ་ཁྱོན་དང་འཁྲིལཝ་ད་ ཨཕི་རི་ཀའི་ནང་འཁོད་ ཆུ་གཙང་གི་མཚོ་སྦོམ་ཤོས་གསུམ་པ་དང་ འཛམ་གླིང་ནང་ཆུ་གཙང་གི་མཚོ་སྦོམ་ཤོས་དགུ་པ་ཨིན། མཚོ་འདི་གིས་ རྒྱལ་ཁབ་ཀྱི་སའི་བརྒྱ་ལས་ བཞི་དཔྱ་གསུམ་དེ་ཅིག་ཁྱབ་སྟེ་ཡོདཔ་ལས་ དེ་གིས་ རྒྱལ་ཁབ་འདི་མཛེས་སྡུག་དང་ལྡནམ་སྦེ་བཟོཝ་ལས་ ལྟ་བཤལ་གྱི་པའི་ མཛེས་ཆ་དང་ལྡནམ་སྦེ་ཡོདཔ་མ་ཚད་ ཉ་གསོ་སྐྱོང་གི་ ཐོན་སྐྱེད་ཚུ་ཡང་ ཁག་ཆེ་ཤོས་ཅིག་ཨིནམ་མ་ཚད་ ལྟ་བཤལ་གྱི་གཞི་རྟེན་འབདཝ་མ་ཚད་ མཚོ་འདི་ཉ་གཟུང་གི་ཐོན་ཁུངས་ཅིག་ཡང་ཨིན།

རྒྱལ་ཁབ་འདི་གི་ས་ཆའི་གནས་སྟངས་ཚུ་ ལུང་ཕྱོགས་སོ་སོ་ལུ་ མ་འདྲཝ་སྦེ་ཡོདཔ་ཨིན། དེ་ཡང་ བྱང་ཕྱོགས་ཀྱི་ཁ་ཐུག་ ཉི་ཀ་ལ་ཐང་ལ་སོགས་པ་ གངས་རི་སྦེ་ཡོདཔ་དང་ དབུས་ཕྱོགས་ལུ་ སོ་ནམ་གྱི་དོན་ལུ་ཁག་ཆེ་བའི་ས་ ཐང་སྦེ་ཡོདཔ་ཨིན། དེ་ལས་ ལྷོ་ཕྱོགས་ལུང་ཕྱོགས་ནང་ མི་རློབས་མང་དྲགས་སྦེ་ཡོད་མི་དང་ སོ་ནམ་གྱི་ཐོན་སྐྱེད་སྦོམ་ཡོད་པའི་ ཤི་ཡར་སྟོད་དང་སྨད་ཀྱི་ལུང་གཤོང་ཚུ་ཡོདཔ་ཨིན།

མི་རློབས་དང་མི་རིགས་ཀྱི་དབྱེ་བ།

སྤྱི་ལོ་ ༢༠༢༥ ཚུན་གྱི་གནས་སྡུད་དང་འཁྲིལཝ་ད་ མ་ལ་ཝི་གི་མི་རློབས་ཡོངས་བསྡོམས་ ས་ཡ་ ༢༡ དེ་ཅིག་ཡོདཔ་ཨིན། མ་ལ་ཝི་འདི་ ཨཕ་རི་ཀ་གི་རྒྱལ་ཁབ་ནང་འཁོད་ མི་རློབས་མངམ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ དེ་གི་འཕེལ་ཚད་འདི་ ཧ་ཅང་གིས་མཐོ་དྲགས་སྦེ་ཡོདཔ་ཨིན། དེ་ནང་ལས་ མི་རློབས་བརྒྱ་ཆ་ ༨༠ དེ་ཅིག་ གྲོང་གསེབ་ཀྱི་ས་གོ་ཚུ་ནང་སྡོད་དོ་ཡོདཔ་དང་ མི་རློབས་བརྒྱ་ཆ་ ༥༠ དེ་ཅིག་ག་ར་ སྐྱེ་ལོ་ ༡༨ མན་ཆད་འབད་མི་ ན་གཞོན་ཚུ་ཡོདཔ་ཨིན།

དེ་བཟུམ་སྦེ་ མ་ལ་ཝི་ལུ་ མི་རིགས་མ་འདྲཝ་སྦེ་ཡོདཔ་དང་ མི་རབས་ལས་མི་རབས་བརྒྱུད་དེ་ མི་རིགས་སྡེ་ཚན་མ་འདྲཝ་ཚུ་ གཅིག་ཁར་སྦེ་གཞིས་ཆགས་ཏེ་སྡོད་ཡོདཔ་ཨིན། དེ་ནང་ལས་ མི་རིགས་གཙོ་བོ་ཚུ་ཡང་ ཅི་ཝ། ༼སྡེ་ཚན་ཆེ་ཤོས། མང་ཆེ་བ་མ་ལཱ་ཝི་དབུས་ལུ་ཡོདཔ།༽ ལོམ་ཝེ། ཡའོ། ཏུམ་བུ་ཀ། ངོ་ནི། སེ་ན། ཊོང་ག་ཚུ་ཨིན།  

མི་རིགས་འདི་ཚུ་ནང་ལས་ ཅི་ཝ་མི་རིགས་ལུ་ ལམ་སྲོལ་གྱི་ཤུགས་སྦོམ་སྦེ་ཡོདཔ་དང་ ཡུ་ནེསི་ཀོ་གིས་ འཛམ་གླིང་གི་དངོས་མེད་ལམ་སྲོལ་གྱི་སྲོལ་ཁྱུན་ཅིག་སྦེ་ངོས་འཛིན་འབད་ཡོད་པའི་ གུ་ལེ་ ཝམ་ཀུ་ལུ་བཟུམ་གྱི་ སྔར་སྲོལ་གྱི་ཞབས་ཁྲ་ལུ་ཡོངས་གྲགས་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཁབ་ནང་ མི་རིགས་མ་འདྲཝ་སྦེ་ཡོད་རུང་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ རྒྱལ་ཡོངས་ཀྱི་ངོ་རྟགས་དང་ མི་སྡེ་གཅིག་མཐུན་སྒྲིང་སྒྲི་སྦེ་ཡོདཔ་ཨིན།

རྒྱལ་ཁབ་ཀྱི་རིམ་ལུགས།

མ་ལ་ཝི་འདི་ སྲིད་འཛིན་གྱིས་གཞུང་སྐྱོང་ལམ་ལུགས་ཡོད་པའི་ ཚོགས་པ་སྣ་ཚོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༦༤ སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༦ ལུ་ བིརི་ཊིཤ་གི་དབང་འོག་ལས་ རང་དབང་ཐོབ་སྟེ་ སྤྱི་ལོ་ ༡༩༦༦ ལུ་ མི་སེར་རྒྱལ་ཁབ་ཅིག་ལུ་གྱུར་ཡོདཔ་ཨིན། དེ་གི་ཤུལ་ལས་ ལོ་ངོ་བཅུ་ཕྲག་གསུམ་དེ་ཅིག་གི་རིང་ལུ་ ཌོག་ཊར་ཧཱསི་ཊིང་ཀ་མུ་ཛུ་བན་ཌ་གིས་ འགོ་འཁྲིད་འབད་དེ་ ཚོགས་པ་གཅིག་གི་ལམ་ལུགས་འོག་ལུ་ གཞུང་སྐྱོང་འབད་དེ་སྡོད་ནུག།

དེ་ལས་ སྤྱི་ལོ་ ༡༩༩༤ ལུ་ མ་ལ་ཝི་གིས་ གཞུང་སྐྱོང་རིམ་ལུགས་འདི་ ཚོགས་པ་སྣ་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ལུ་ བསྒྱུར་བཅོས་འབད་དེ་ རང་དབང་གི་བཙག་འཐུ་འགོ་དང་པ་འགོ་འདྲེན་འཐབ་ནུག།  དམངས་གཙོའི་གཞི་བཀོད་འདི་ རིམ་གྱིས་ སྒྲིང་སྒྲི་བཟོ་སྟེ་ཡོདཔ་དང་ སྤྱི་ལོ་ ༢༠༢༠ ལོའི་ སྲིད་འཛིན་བཙག་འཐུའི་སྐབས་ དབང་ཚད་དང་ཁྲིམས་དོན་རང་དབང་ཚུ་ ཞི་བདེ་གི་ཐོག་ལས་ སྤྲོད་ལེན་འབད་ཡོདཔ་ རྒྱལ་སྤྱིའི་ནང་བསྟོད་སྔགས་ཐོབ་སྟེ་ཡོདཔ་ཨིན།[]

མ་ལ་ཝི་གི་གཞུང་འདི་ ཡན་ལག་ལྷན་སྡེ་གཙོ་བོ་གསུམ་ལུ་དབྱེ་སྟེ་ཡོདཔ་ཨིན། དེ་ཡང་ དང་པ་ འཛིན་སྐྱོང་ལྷན་སྡེ་འདི་ རྒྱལ་ཁབ་དང་གཞུང་གི་འགོ་ཁྲིདཔ་གཉིས་ཆ་ར་ཨིན་མི་ སྲིད་འཛིན་གྱིས་འགོ་ཁྲིད་འབདཝ་ཨིནམ་དང་ གཉིས་པ་ ཁྲིམས་བཟོ་ལྷན་སྡེ་འདི་ ཁྲིམས་བཟོ་ནི་ནང་ཕྱག་ལཱ་གནང་མི་ ཚོགས་ཁང་གཅིག་འབད་མི་ རྒྱལ་ཡོངས་ཚོགས་འདུ་གིས་ འགོ་ཁྲིད་འབདཝ་ཨིན། དེ་ལས་ གསུམ་པ་ དྲང་ཁྲིམས་ལྷན་སྡེ་འདི་ རང་དབང་ཅན་གྱི་ ཆེ་མཐོའི་ཁྲིམས་འདུན་དང་ མངོན་མཐོའི་ཁྲིམས་འདུན་གྱིས་ འགོ་ཁྲིད་འབདཝ་ཨིན།

སྐད་ཡིག་དང་ལམ་སྲོལ།

མ་ལ་ཝི་ལུ་ སྐད་ཡིག་དང་ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུག་པོ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ གཞུང་འབྲེལ་གྱི་སྐད་ཡིག་འདི་ ཨིང་སྐད་ཨིནམ་དང་ གཞུང་དང་ ཤེས་རིག་ དེ་ལས་ ཚོང་འབྲེལ་ཚུ་ནང་ འདི་ལག་ལེན་འཐབ་དོ་ཡོདཔ་ཨིན། ཨིན་རུང་ ཡོངས་གྲགས་སྦེ་སླབ་མི་དང་ རྒྱལ་ཡོངས་ནང་ལུ་ གལ་གནད་ཅན་གྱི་སྐད་ཡིག་འདི་ ཅི་ཅི་ཝ་ཨིནམ་དང་ སྐད་ཡིག་འདི་གིས་ མི་རིགས་མ་འདྲཝ་ཚུ་གི་ནང་རྡོག་ ཐུན་མོང་གི་སྐད་ཡིག་ཅིག་སྦེ་ལཱ་འབདཝ་ཨིན་མས།

དེ་ལས་ ས་གནས་ཀྱི་སྐད་ཡིག་གཞན་ཚུ་ཡང་ ཏུམ་བུ་ཀ་ ཡའོ་ ལོམ་ཝི་ སེ་ན་ ཏོང་ག་ཚུ་ཨིནམ་དང་ སྐད་ཡིག་རེ་རེ་བཞིན་དུ་ དམིགས་བསལ་གྱི་ལུང་ཕྱོགས་དང་ མི་རིགས་ཀྱི་མི་སྡེ་ཚུ་དང་འབྲེལ་བ་ཡོདཔ་ཨིན། སྐད་ཡིག་འདི་ཚུ་ ཉིན་བསྟར་གྱི་བརྡ་སྤྲོད་དང་ རེ་ཌིའོ་རྒྱང་བསྒྲགས་ དེ་ལས་ ལམ་སྲོལ་གྱི་བརྡ་སྟོན་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན།

ལམ་སྲོལ་གྱི་ཐད་ལས་ མ་ལ་ཝི་འདི་ སེམས་ཤུགས་ཅན་དང་ མངོན་གསལ་ཅན་ཅིག་ཨིན། མི་སྡེའི་མི་ཚེ་དང་ ཆོས་དང་འབྲེལ་བའི་མཛད་སྒོ་གཉིས་ཆ་རའི་ནང་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ ངག་ཐོག་ལམ་སྲོལ་ཚུ་གིས་ ཁྱད་ཆོས་གཙོ་བོ་སྟོནམ་ཨིན། དེ་ལས་ བི་ར་པི་ཡ་ནོ་དང་བང་རྔ་ལ་སོགས་པའི་ རང་ལུགས་སྙན་ཆ་ཚུ་ཡོངས་གྲགས་ཡོདཔ་ཨིན།  

མ་ལ་ཝི་གི་ལམ་སྲོལ་འདི་ ཆོས་ལུགས་དང་འབྲེལ་བ་ཡོདཔ་ཨིན། དེ་ཡང་ རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་ ༧༥ ལྷགཔ་ཅིག་གིས་ ཡེ་ཤུའི་ཆོས་ལུགས་འདི་གཙོ་བོ་སྟོནམ་ཨིན། ཨིསི་ལམ་གྱི་ཆོས་ལུགས་འདི་ བརྒྱ་ཆ་ ༡༥ ལས་ ༢༠ དེ་ཅིག་ཡོདཔ་དང་ དེ་ཡང་ གཙོ་བོ་རང་ ལྷོ་ཕྱོགས་ཀྱི་ཡའོ་མི་རིགས་ཚུ་གི་ནང་འཁོད་ལུ་ཨིན་མས། དེ་བཟུམ་སྦེ་ ས་གནས་ཀྱི་ཡིད་ཆེས་དང་ ཕ་བརྒྱུད་ཀྱི་སྐྱབས་བཅོལ་གྱིས་ དམིགས་བསལ་གྱིས་ གྲོང་གསེབ་ཀྱི་ས་ཁོངས་ཚུ་ནང་ ལམ་སྲོལ་གྱི་ལག་ལེན་ཚུ་ལུ་ཤན་ཞུགས་འབདཝ་ཨིན།

དཔལ་འབྱོར་དང་ཚོང་ལཱ།

མ་ལ་ཝི་གི་དཔལ་འབྱོར་འདི་ སོ་ནམ་ལུ་གཞི་རྟེན་འབདཝ་ལས་ མི་རློབས་བརྒྱ་ཆ་ ༨༠ ལྷགཔ་ཅིག་ འཚོ་བའི་དོན་ལུ་ སོ་ནམ་གྱི་ལཱ་འབད་དོ་ཡོདཔ་ཨིན། སོ་ནམ་གྱིས་ རྒྱལ་ཡོངས་ནང་འཁོད་ཡོངས་འབོར་ལུ་ བརྒྱ་ཆ་ ༣༠ དེ་ཅིག་དང་ ཕྱིར་ཚོང་གི་འོང་འབབ་བརྒྱ་ཆ་ ༧༠ ལྷགཔ་ཅིག་ མཐུན་རྐྱེན་འབདཝ་ཨིན། སོ་ནམ་ལས་བརྟེན་པའི་ཕྱིར་ཚོང་གཙོ་བོ་ཚུ་ཡང་ ཏམ་ཁུ་ (མ་ལཱ་ཝི་གི་ཕྱིར་ཚོང་གཙོ་བོ་) ཇ་རིལ་ གུ་རམ་ བ་དམ་དང་ ཀ་བལ་ཚུ་ཨིན། རྒྱལ་ཁབ་འདི་གཙོ་བོ་ཏམ་ཁུ་ལུ་བརྟེན་དོ་ཡོད་རུང་ ཤིང་འབྲས་ ཚོད་བསྲེ་ སྲནམ་ དེ་ལས་ ལྡུམ་རའི་ལཱ་ཚུ་འབད་དེ་ དཔལ་འབྱོར་ཡར་རྒྱས་སྣ་མང་བཟོ་ནི་ལུ་ ནན་སྐུལ་འབད་དོ་ཡོདཔ་ཨིན།

དེ་ལས་ རྒྱལ་ཁབ་འདི་ནང་ དངུལ་ཁང་ལས་དོན་དང་བརྒྱུད་འབྲེལ་ དེ་ལས་ ལྟ་བཤལ་ལས་སྡེ་ལ་སོགས་པའི་ ཞབས་ཏོག་གི་ལས་སྡེ་ཚུ་ ཡར་རྒྱས་འགྱོ་དོ་ཡོདཔ་ལས་ དེ་གིས་དཔལ་འབྱོར་ལུ་ཡང་ མཐུན་རྐྱེན་འབད་དོ་ཡོདཔ་ཨིན། དེ་གི་ནང་ལས་ ལྟ་བཤལ་གྱི་ཞབས་ཏོག་ལུ་ གཞི་རྟེན་མཐུན་རྐྱེན་ཡར་རྒྱས་མ་འགྱོ་བར་ཡོད་རུང་ མ་ལ་ཝི་མཚོ་དང་ རི་དྭགས་ས་ཁོངས་ དེ་ལས་ མཛའ་མཐུན་ཅན་གྱི་ལམ་སྲོལ་ཚུ་ ལྟ་བཤལཔ་ཚུ་གི་དོན་ལུ་ མཛེས་སྡུག་གི་མཐོང་སྣང་སྦེ་གནས་ཏེ་ཡོདཔ་ཨིན།

དེ་ལས་ མ་ལ་ཝི་གི་ལས་འཛིན་ཆུང་བ་དང་བར་མ་ཚུ་ ལུགས་མཐུན་མིན་པའི་དཔལ་འབྱོར་གྱི་ཆ་ཤས་ ཁག་ཆེ་ཤོས་ཅིག་ཨིན། ཨིན་རུང་ མ་དངུལ་གྱི་ཐོབ་ལམ་ཚད་འཛིན་དང་ ངེས་མེད་གློག་མེ་མཐུད་སྦྲེལ་ དེ་ལས་ སྐྱེལ་འདྲེན་གྱི་མཐུན་རྐྱེན་ཚུ་ ལེགས་ཤོམ་མེད་མི་བཟུམ་གྱི་གདོང་ལེན་ཚུ་གིས་ སྒེར་སྡེ་གོང་འཕེལ་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན། མ་ལ་ཝི་གིས་ ཕྱི་རྒྱལ་གྱི་གྲོགས་རམ་དང་གནང་སྦྱིན་ལུ་ཡང་ ཤུགས་སྦེ་ར་བརྟེན་དོ་ཡོདཔ་ལས་ ཚོང་འབྲེལ་འཇམ་ཏོང་ཏོ་དང་ ཨང་ཅན་གཞི་རྟེན་མཁོ་ཆས་བཟོ་ནི་ དེ་ལས་ དངུལ་འབྲེལ་གྱི་ཞབས་ཏོག་ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན།  []

དཀའ་ངལ་དང་གདོང་ལེན།

མ་ལ་ཝི་ལུ་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རྒྱུ་སྟོབས་ལ་སོགས་པ་ཡོད་རུང་ གོང་འཕེལ་གྱི་ལས་སྣ་ལུ་གདོང་ལེན་ དེ་ལས་ རྒྱལ་ཁབ་ནང་དཀའ་ངལ་ཚུ་བྱུང་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་དཀའ་ངལ་གཅིགཔོ་འདི་ དབུལ་ཕོངས་ཀྱི་དཀའ་ངལ་འདི་ཨིན། དེ་ཡང་ མ་ལ་ཝི་འདི་ འཛམ་གླིང་ནང་ དབུལ་ཕོངས་མཐོ་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ མི་རློབས་མང་ཤོས་ཅིག་ར་ དབུལ་ཕོངས་ཀྱི་ཚད་གཞི་ལས་ འོག་ལུ་སྡོད་དོ་ཡོདཔ་ཨིན། དེ་ཡང་གཙོ་བོ་ དཔལ་འབྱོར་གྱི་གོ་སྐབས་གནམ་མེད་ས་མེད་ཅིག་མེད་མི་ལས་བརྟེན་ཨིན་མས།

དེ་ལས་ དཀའ་ངལ་གཞན་ཡང་ གསོ་བའི་ཐད་ལུ་ མ་དངུལ་མ་ལངས་པའི་དཀའ་ངལ་གྱིས་ ཨེཆ་ཨའི་ཝི་ཨེཌསི་ ཚད་པའི་ནད་ ཨའི་དང་ཨ་ལུའི་ཤི་རྐྱེན་ དེ་ལས་ ཟས་བཅུད་ཉུང་བའི་ན་ཚ་ཚུ་ བཀག་འཛིན་དང་མར་ཕབ་འབད་མ་ཚུགས་པར་ཡོདཔ་ཨིན།

དེ་ལས་ ཤེས་རིག་གི་ཐད་ལུ་ ཉམས་མྱོང་དང་སྦྱོང་བརྡར་ཡོད་པའི་སློབ་དཔོན་མ་ལངས་པའི་དཀའ་ངལ་ལས་བརྟེེན་ ཤེས་ཡོན་གྱི་སྤུས་ཚད་མེད་པའི་དཀའ་ངལ་དང་ སློབ་གྲྭའི་གཞི་མཁོ་ཆས་མ་ལངས་པའི་དཀའ་ངལ་ཚུ་ཡོདཔ་ཨིན། གཞན་ཡང་ གནམ་གཤིས་འགྱུར་བགྲོས་དང་ གཞུང་སྐྱོང་ནང་ངན་ལྷད་ དེ་ལས་ ན་གཞོན་ཚུ་ལཱ་གཡོག་མེད་པའི་དཀའ་ངལ་ཚུ་ཐོན་ཏེ་ཡོདཔ་ཨིན།

རྒྱབ་རྟེན་དཔེ་ཆ།

  1. McCracken, J. (2012). A history of Malawi, 1859–1966. Boydell & Brewer.
  2. Englebert, P., & Dunn, K. C. (2013). Inside African politics. Lynne Rienner Publishers.
"https://dz.wikipedia.org/w/index.php?title=མ་ལ་ཝི།_Malawi&oldid=39612" ལས་ སླར་འདྲེན་འབད་ཡོདཔ།