Jump to content

མ་ས་ཡ།

Wikipedia ལས།
མ་ས་ཡ་གི་ས་ཁྲ།

༉ མ་ས་ཡ་འདི་ ནི་ཀ་ར་གུ་ཝན་གྱི་སྔར་སྲོལ་བཟང་པོའི་ཁྱུན་འབྱུང་ས་དང་ (Cradle of Nicaraguan Folklore) དང་ མེ་ཏོག་གི་ཁྲོམ་(City of Flowers) ཨིན་ཟེར་སླབ་ཨིན་མས། མ་ས་ཡ་འདི་ ནི་ཀཱ་ར་གུ་ཝ་གི་ནུབ་ཕྱོགས་ལུ་ རྒྱལ་ས་ལྟེ་བ་ མ་ན་གུ་ཝ་ལས་ ཤར་ལྷོ་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༣༠ དེ་ཅིག་གི་ས་ཁར་ ཆགས་ཡོདཔ་ཨིན། དེ་ཡང་ མ་ས་ཡ་ལས་ཁུངས་ཀྱི་ནང་འཁོད་ལུ་ཡོདཔ་ལས་ རྒྱལ་ས་ལྟེ་བ་ཅིག་ཨིནམ་མ་ཚད་ མ་ན་གུ་ཝ་ཁྲོམ་ཆེན་ས་ཁོངས་ཀྱི་ཆ་ཤས་ཅིག་ཨིན། འདི་གི་ཐབས་བྱུས་ཅན་གྱི་ས་གོ་འདི་ ནི་ཀ་ར་གུ་ཝ་མཚོ་དང་ པེ་སི་ཕཱིཀ་གི་ཉེ་འདབས་ལུ་ཡོདཔ་ལས་ འཛམ་གླིང་རྒྱས་བཤད་དང་མཐའ་འཁོར་ དེ་ལས་ གོང་འཕེལ་གཏང་ནི་ནང་ གཞི་འགྱམ་སྒྲིང་སྒྲི་བཟོ་སྟེ་ཡོདཔ་ཨིན། མ་ས་ཡ་གི་ས་ཆའི་གནས་སྟངས་འདི་ མ་ས་ཡ་མེ་རི་རྒྱལ་ཡོངས་གླིང་ག་གིས་ དབང་ཤུགས་འབད་དེ་ཡོདཔ་དང་ དེ་ནང་ དབུས་ཕྱོགས་ཨ་མི་རི་ཀ་ལུ་ མེ་རི་ཤུགས་ཆེ་ཤོས་ཅིག་ཨིན་མི་ མ་ས་ཡ་མེ་རི་འདི་ཡང་ཚུདཔ་ལས་ གླིང་ག་འདི་ ས་ཁམས་རིག་པ་དང་ ལྟ་བཤལ་གྱི་ས་ཁོངས་ཁག་ཆེ་ཤོས་ཅིག་ཨིན་མས། དེ་ནང་ ཕུ་མ་རོལ་དང་ རྡོ་རུད་ཀྱི་ས་ཁོངས་ཚུ་ཡོདཔ་ཨིན།

མ་ས་ཡ་གི་རྒྱལ་ཡོངས་མེ་རི་གླིང་ག།

མ་ས་ཡ་གི་བྱུང་རབས་འདི་ ཀོ་བོམ་བི་ཡཱན་གྱི་དུས་སྐབས་ལུ་ ཀོ་རོ་ཊི་ག་ (Chorotega) དང་གཞན་མི་ས་གནས་ཀྱི་སྡེ་ཚན་ཚུ་གིས་ སྡོདཔ་ཨིན་མས། འ་ནི་མི་སྡེ་འདི་ མི་སོ་ཨ་མི་རི་ཀ་ (Mesoamerica) གི་ལམ་སྲོལ་གྱི་ཆ་ཤས་ཅིག་ཨིནམ་ལས་ སོ་ནམ་དང་རྫ་ཆས་བཟོ་ནི་ དེ་ལས་ ཚོང་འབྲེལ་གྱི་ལྟེ་བ་ཡང་ཨིན་མས། མིང་མ་ས་ཡ་འདི་ ནཱ་ཧུ་ཊེལ (Nahuatl) གི་མིང་ཚིག་ མཱ་ཟཊ (Mazatl) དང་ ཡུཊེ (Yáotl) ལས་བྱུང་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་ཨིནམ་དང་ འདི་གི་དོན་དག་འདི་ “ཤཝ་ཤ་བདའ་མི་ཚུ་གི་ས་གོ་” ཡང་ན་ “ཤཝ་གི་དགྲ་” ཟེར་བའི་དོན་དག་ཨིན་པས། དེ་མ་ཚད་ དུས་རབས་ ༡༦ པའི་ནང་ ཨིསི་པེ་ནིཤ་གི་དབང་བཟུང་འབད་མི་ཚུ་ལྷོད་དེ་ མ་ས་ཡ་འདི་ དབང་འོག་གཞི་ཆགས་ཁག་ཆེ་ཤོས་ཅིག་ལུ་འགྱུར་ནུག།

གྷི་རི་ན་ཌ་དང་ལེཡོན་གྱི་བར་ན་ ཚོང་འབྲེལ་གྱི་ལམ་བདའ་སྟེ་ ཐབས་བྱུས་ཅན་གྱི་ས་གནས་འདི་གིས་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན་མས། སྤྱི་ལོ་༡༨༣༥ ལུ་ མ་ས་ཡ་འདི་ གཞུང་འབྲེལ་ཐོག་ལས་ ཁྲོམ་ཚོགས་ཅིག་སྦེ་ གསལ་བསྒྲགས་འབད་ནུག། དུས་རབས་ ༢༠ པའི་ནང་ ནི་ཀ་ར་གུ་ཝ་ལུ་ ཞི་བའི་འཁྲུག་རྩོད་དང་ངོ་རྒོལ་ཚུ་ནང་ ཁག་ཆེ་བའི་འགན་ཁུར་འབག་ཡོདཔ་དང་ དེ་ཡང་ ཡུ་ཨེས་ཀྱི་དམག་མི་ཚུ་གིས་ བར་འཛུལ་འབད་མི་དང་ སོ་མོ་ཛ (Somoza) བཀའ་བཙན་དབང་འཛིན་ལུ་ ངོ་རྒོལ་འབད་མི་ཚུ་བརྩིས་ཏེ་ཨིན་མས།

སྤྱི་ལོ་༢༠༢༤ ལུ་ མ་ས་ཡ་གི་ཁྲོམ་ཚོགས་ཀྱི་མི་རློབས་འདི་ ༡༣༠༠༠༠ དེ་ཅིག་ཡོདཔ་སྦེ་ཚོད་དཔག་འབད་དེ་ཡོདཔ་ལས་ ནི་ཀ་ར་གུ་ཝ་གི་ཁྲོམ་ཚོགས་འདི་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ལུ་ འགྱུར་ཡོདཔ་ཨིན། ལས་ཁུངས་རྒྱ་ཆེ་བ་འདི་གིས་ མི་སྟོང་ཕྲག་༣༥༠ ལྷགཔ་ཅིག་ བཞག་སྟེ་ཡོདཔ་ཨིན་མས། མི་རློབས་འདི་ ངོ་མ་རང་ མེསི་ཊི་ཟོ་ (mestizo) ཨིནམ་ལས་ ས་གནས་ཀྱི་མི་ཁུངས་དང་ ཡུ་རོབ་གི་སྲོལ་ཁྱུན་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་རུང་ ས་གནས་ཀྱི་མི་སྡེ་དང་ ཨེཕཱོརོ་ནི་ཀ་ར་གུ་ཝ་ (Afro-Nicaraguan) གི་གྲངས་ཉུང་མི་རིགས་ཚུ་གིས་ཡང་ ཁྲོམ་ཚོགས་ཀྱི་སྣ་མང་ལུ་ ཕན་ཐོགས་དོ་ཡོདཔ་ཨིན།

མ་ས་ཡ་འདི་ ནི་ཀ་ར་གུ་ཝ་གི་ལམ་སྲོལ་གྱི་ རྒྱལ་ས་ལྟེ་བ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་མས། དེ་ཡང་ མི་སྡེའི་གཏམ་རྒྱུད་དང་སྙན་ཆ་ ཞབས་ཁྲ་དང་ལག་བཟོ་ དེ་ལས་ རང་ལུགས་ཀྱི་དུས་སྟོན་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་ཅིག་ཨིན་མས། དེ་བཟུམ་སྦེ་ ཁྲོམ་འདི་ ནི་ཀ་ར་གུ་ཝ་གི་ངོ་རྟགས་དང་ལམ་སྲོལ་ཚུ་ བདག་འཛིན་འཐབ་མི་ཁག་ཆེ་ཤོས་ཅིག་ཨིནམ་ལས་ མི་ཚུ་གིས་ ཁོང་རའི་སྲོལ་ཁྱུན་ལུ་ མི་ཉམས་རྒྱུན་སྐྱོང་འབད་དོ་ཡོདཔ་ཨིན། མ་ས་ཡ་གི་ལམ་སྲོལ་གྱི་མི་ཚེ་ནང་ལུ་ ངོ་རྟགས་ཅན་ཅིག་འདི་ ཨེསི་པི་ནིཤ་གི་ དབང་འོག་སྒྲིང་ཁྱིམ་ཉམས་གསོ་འབད་དེ་ཡོད་མི་ནང་ལུ་ཆགས་ཏེ་ཡོད་མི་ ལག་བཟོའི་ཚོང་ཁང་འདི་ཨིན་པས། ཁྲོམ་ཁར་ ལག་བཟོའི་ཐོན་སྐྱེད་མ་འདྲཝ་ཚུ་བཙོང་དོ་ཡོདཔ་དང་ དེ་ཡང་ ཧམ་མོ་དང་རྫ་ཆས་ ཤིང་གི་བརྐོས་རིས་དང་ལྤགས་ཀོ་གི་ཅ་ཆས་ དེ་ལས་ ཐགས་འཐག་པའི་བགོ་ལ་ཚུ་ཨིན་པས། འ་ནཱི་ལག་བཟོ་ཚུ་ འཕྲལ་འཕྲལ་ར་ མཐའ་འཁོར་གྱི་ཁྲོམ་ཚོགས་ སཱན་ཇོཡན་ ཌི་ ཨོ་རེན་ཊི་ (San Juan de Oriente) དང་ ཀ་ཊི་རི་ན་ (Catarina) ཚུ་ནང་ལས་ཕར་ བཟོ་བསྐྲུན་འབད་དོ་ཡོདཔ་དང་ འདི་ཡང་ ཁོང་གི་ལག་བཟོའི་ཁྱད་འཕགས་ཅན་གྱི་ཆ་ཤས་ཅིག་ཨིན་མས།

མ་ས་ཡ་འདི་ རང་ལུགས་ཀྱི་ཞབས་ཁྲ་དང་སྙན་ཆ་ཚུ་གི་དོན་ལུ་ཡང་ ཡོངས་གྲགས་ཡོདཔ་མ་ཚད་ ཁྲོམ་ཚོགས་འདི་ནང་ལུ་ དུས་སྟོན་ལེ་ཤ་ཅིག་འགོ་འདྲེན་འཐབ་དོ་ཡོདཔ་དང་ དེ་ཡང་ དུས་སྟོན་གཙོ་བོ་ ཕཱེསི་ཊ ཌི་སཱན་ཇི་རོ་ནི་མོ (Fiesta de San Jerónimo) ཟེར་མི་ ཆོས་དང་ལམ་སྲོལ་གྱི་ལས་རིམ་འདི་ སྤྱི་ཟླ་ ༩ པ་ལས་ སྤྱི་ཟླ་ ༡༠ པ་ཚུན་ཚོད་ འགོ་འདྲེན་འཐབ་དོ་ཡོདཔ་དང་ འདི་ནང་ལུ་ འགྲུལ་སྐྱོད་དང་ སྔར་སྲོལ་གྱི་ཞབས་ཁྲ་རྐྱབ་ནི་ དེ་ལས་ ས་གནས་ཀྱི་ཆོ་ག་ཚུ་ མཉམ་བསྡོམ་འབདཝ་ཨིན་མས། དེ་ལས་ མ་ས་ཡ་ལུ་ ཤེས་རིག་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ལས་ གཞུང་དང་སྒེར་གྱི་སློབ་གྲྭ་ཚུ་ ཁྱབ་ཆེཝ་སྦེ་ཡོདཔ་མ་ཚད་ ལག་རྩལ་སྦྱོང་བརྡར་ལྟེ་བ་ཚུ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། ཨིན་རུང་ མཐོ་རིམ་ཤེས་ཡོན་གྱི་ གོ་སྐབས་ཚད་འཛིན་དང་ གྲོང་གསེབ་དང་ཁྲོམ་ཚོགས་ཀྱི་ ཁྱད་པར་ལ་སོགས་པའི་ གདོང་ལེན་ཚུ་ ད་ལྟོ་ཡང་ཡོདཔ་ཨིན་པས།

མ་ས་ཡ་གི་དཔལ་འབྱོར་དེ་ ལག་བཟོའི་ཐོན་སྐྱེད་དང་སོ་ནམ་ ཚོང་འབྲེལ་དང་ལྟ་བཤལ་ཚུ་ནང་ གཞི་རྟེན་སྒྲིང་སྒྲི་ཡོདཔ་ལས་ མ་འདྲཝ་སྦེ་ཡོདཔ་ཨིན་མས། ཁྲོམ་ཚོགས་འདི་ ནི་ཀ་ར་གུ་ཝ་གི་ལག་བཟོའི་བཟོ་གྲྭའི་ལྟེ་བ་ཅིག་ཨིནམ་ལས་ དེ་ནང་ ལག་བཟོཔ་སྟོང་ཕྲག་ལས་བཅད་དེ་ ལཱ་གཡོག་བྱིན་དོ་ཡོདཔ་དང་ ཁོང་གི་ཐོན་སྐྱེད་ཚུ་ རྒྱལ་ཁབ་ནང་འཁོད་དང་ རྒྱལ་སྤྱིའི་ནང་བཙོང་དོ་ཡོདཔ་ཨིན། དེ་དང་གཅིག་ཁར་ སོ་ནམ་འདི་ དམིགས་བསལ་གྱིས་ ཉེ་འདབས་ཀྱི་གྲོང་གསེབ་ས་ཁོངས་ཚུ་ནང་ ཁག་ཆེཝ་སྦེ་ར་ཡོདཔ་ཨིན་མས། སོ་ནམ་པ་ཚུ་གིས་ ཀོ་ཕི་དང་ཚོད་བསྲེ་ སྲནམ་ཅུམ་དང་གེ་ཟ་ དེ་ལས་ ཚ་ཁུལ་གྱི་ཤིང་འབྲས་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས། མེ་རི་གི་ས་གཞི་དང་ གནམ་གཤིས་ལེགས་ཤོམ་ཡོད་མི་འདི་གིས་ ལོ་བསྟར་བཞིན་དུ་ འཛུགས་སྐྱོང་འབད་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན་མས།

དེ་ལས་ ལྟ་བཤལ་འདི་ མ་ས་ཡ་གི་ལམ་སྲོལ་ཕྱུགཔོ་དང་རང་བཞིན་གྱི་མཐོང་སྣང་ཚུ་གིས་ དཔལ་འབྱོར་གྱི་ལས་སྡེ་ཁག་ཆེ་ཤོས་ཅིག་ཨིནམ་དང་ མ་ས་ཡ་ མེ་རི་རྒྱལ་ཡོངས་གླིང་ག་ (Masaya Volcano National Park) འདི་ ཁྲོམ་སྡེ་གི་རྒྱལ་རབས་ཅན་གྱི་བཟོ་རིགས་དང་ དུས་སྟོན་ཚུ་ཨིན་མས། འདས་པའི་ལོ་ཚུ་ནང་ གཞུང་དང་གཞུང་མིན་ཚོགས་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ སྐྱེ་ལྡན་ལྟ་བཤལ་དང་ ལམ་སྲོལ་ལྟ་བཤལ་གྱི་ལས་སྣ་ཚུ་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན་པས། དེ་ལས་ ཕྱི་རྒྱལ་ལུ་སྡོད་མི་ ནི་ཀ་ར་གུ་ཝན་ཚུ་གིས་ དམིགས་བསལ་གྱིས་ ཨ་མི་རི་ཀ་དང་ ཀཱོསི་ཊ་རི་ཀ་ལས་ དངུལ་བཏང་མི་ཚུ་གིས་ཡང་ ས་གནས་ཀྱི་དཔལ་འབྱོར་ནང་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ བཟའ་ཚང་མང་ཤོས་ཅིག་ལུ་ མ་དངུལ་རྒྱབ་སྐྱོར་འབད་དེ་ ཉོ་སྤྱོད་ཀྱི་ཟད་འགྲོ་ཚུ་ བཏང་ཚུགསཔ་ཨིན་པས།

འདས་པའི་ལོ་ཚུ་ནང་ མ་ས་ཡ་གིས་ ནི་ཀ་ར་གུ་ཝ་གི་ སྲིད་དོན་དང་དཔལ་འབྱོར་གྱི་ གནས་སྟངས་རྒྱ་ཆེཝ་སྦེ་འགྱོ་བའི་སྐབས་ གོ་སྐབས་དང་གདོང་ལེན་གཉིས་ཆ་ར་ ཐོན་ཡོདཔ་ཨིན་པས། སྤྱི་ལོ་༢༠༡༨ ལུ་ གཞུང་ལུ་རྒྱབ་འགལ་འབད་མི་ ངོ་རྒོལ་དང་ ཁྱབ་ཆེ་བའི་ངོ་རྒོལ་གྱི་ སྲིད་དོན་དཀའ་ངལ་གྱིས་ མ་ས་ཡ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོདཔ་ཨིན་པས། ཁྲོམ་འདི་ ལྡོག་ཕྱོགས་ཀྱི་ངོ་རྒོལ་གྱི་ལྟེ་བ་ཅིག་ལུ་འགྱུར་ཏེ་ གཞུང་གི་དམག་སྡེ་དང་ འཁྲུག་འཛིང་ དེ་ལས་ དཔལ་འབྱོར་གྱི་བྱེམ་དང་ འགྲོ་བ་མིའི་ཐོབ་དབང་གི་ཚ་གྱང་ཚུ་བྱུང་ནུག། དུས་ཡུན་འདི་གི་རིང་ལུ་ མི་སེར་མང་ཤོས་ཅིག་ར་ གནས་སྤོ་འགྱོ་མི་གི་དཀའ་ངལ་བྱུང་སྟེ་ཡོདཔ་ཨིན།

དེ་དང་གཅིག་ཁར་ མཐའ་འཁོར་ཉམས་སྲུང་ཡང་ ཁག་ཆེཝ་སྦེ་ལས་བརྟེན་ མེ་རུད་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ལེགས་ཤོམ་སྦེ་ ལྟ་རྟོག་འབད་དོ་ཡོདཔ་དང་ རྒྱལ་ཡོངས་གླིང་ག་གིས་ སྐྱེ་ལྡན་གནས་སྟངས་ཉམས་སྲུང་འབད་ནི་གི་དོན་ལུ་ ཐབས་ལམ་ཚུ་ལག་ལེན་འཐབ་སྟེ་ཡོདཔ་ཨིན། དེ་ལས་ མཐའ་འཁོར་གནས་སྟངས་ནང་ ཁྲོམ་སྡེ་གོང་འཕེལ་གྱི་དོན་ལུ་ ད་རེས་ མཐའ་འཁོར་ཡུན་བརྟན་དང་ དཔལ་འབྱོར་གྱི་དགོས་མཁོ་ཚུ་ འདྲ་མཉམ་བཟོ་དོ་ཡོདཔ་ཨིན་པས། མ་ས་ཡ་གིས་ དམིགས་བསལ་གྱིས་ ན་གཞོན་ཚུ་ལུ་ དེང་སང་དུས་དང་བསྟུན་པའི་ གློག་རིག་དང་ཚོང་འབྲེལ་གྱི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་མི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། གསར་གཏོད་བཟོ་གྲྭ་དང་ འཕྲུལ་རིག་གི་ཤེས་ཡོན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་དོན་ལུ་ ལས་རིམ་ཚུ་ཐོན་དོ་ཡོདཔ་ཨིན་རུང་ ས་གནས་ལ་ལུ་ཅིག་ནང་ བློ་གཏད་ཅན་གྱི་ཡོངས་འབྲེལ་དང་ འཕྲུལ་རིག་གི་ཐོན་ཁུངས་ཚུ་ ཚད་འཛིན་འབད་དེ་ཡོདཔ་ཨིན་མས།

གསོ་བའི་ཞབས་ཏོག་ཐད་ཁར་ མི་མང་གསོ་བའི་སྐུལ་བསྒྲགས་ཚུ་གིས་ ཌེང་གུ་དང་ དབུགས་གཏོང་ལེན་གྱི་ནད་གཞི་ དེ་ལས་ འཕྲལ་ཁམས་ཅིག་ཁར་ ཀོ་ཝིཌ་-༡༩ ལ་སོགས་པའི་ ནད་གཞི་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས། ཨིན་རུང་ མི་མང་གསོ་བའི་མཐུན་རྐྱེན་དང་ དམིགས་བསལ་གྱི་སྨན་བཅོས་ཚུ་ འཕྲོ་མཐུད་དེ་ར་ ཡར་དྲག་གཏང་དགོ་པའི་ ས་ཁོངས་ཚུ་ཨིན་པས། མ་ས་ཡ་གིས་ གཞུང་སྐྱོང་དང་གནམ་གཤིས་ དེ་ལས་ གོང་འཕེལ་དང་འབྲེལ་བའི་གདོང་ལེན་ཚུ་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ མི་སེར་ཚུ་ བཟོད་བསྲན་ཅན་དང་གསར་གཏོད་ཅན་ དེ་ལས་ ཁོང་རའི་སྲོལ་ཁྱུན་དང་འབྲེལ་བ་ཡོད་མི་ཚུ་ རྒྱུ་དངོས་སྦོམ་ཤོས་ཅིག་སྦེ་ར་ ལུས་ནུག། དེ་མ་ཚད་ ཡུན་བརྟན་གྱི་མ་རྩ་གཞི་བཙུགས་དང་ བཅའ་མར་གཏོགས་པའི་གཞུང་སྐྱོང་ དེ་ལས་ ལམ་སྲོལ་གྱི་བང་མཛོད་ཚུ་ ཉམས་སྲུང་འབད་མི་ལུ་བརྟེན་ མ་ས་ཡ་འདི་ ནི་ཀ་ར་གུ་ཝ་གི་རྒྱལ་ཡོངས་ངོ་རྟགས་དང་ མ་འོངས་པའི་མདུན་ལམ་ལེགས་ཤོམ་འགྱོ་ནི་གི་ རྟགས་མཚན་བཟང་པོ་ཅིག་ཨིན་པས།

 རྒྱབ་རྟེན་ཐོ།

༡) ཨིསི་ཀྲེན་ཕོརཌ་ སི་ཨེམ་ (གནམ་ལོ་མེད ༢༠༠༨) ནི་ཀ་ར་གུ་ཝའི་ཆོས་ལུགས་དང་སྲིད་དོན། ནིའུ་ཡོག་མངའ་སྡེའི་གཙུག་ལག་སློབ་སྡེ། ཨཱལ་བ་ནི།

༢) ལི་ཨའི་ (གནམ་ལོ་མེད ༢༠༡༦). མ་ས་ཡ་གི་ལམ་སྲོལ་གསོན་པོ་ ཨི་ཨའི་མཱེསི་ཊི་ཟ་ཇི་གི་ ལམ་སྲོལ་དང་གནས་སྟངས།

༣) ཊེཔ་ལིཊ་ཟི་ བི་ཨའི་ (གནམ་ལོ་མེད ༡༩༧༣) ནི་ཀ་ར་གུ་ཝ་ལུ་ དེང་སང་གི་སྲིད་དོན་དང་དཔལ་འབྱོར་གྱི་གཞི་འགྱམ། ཧོ་ཝཌ་གཙུག་ལག་སློབ་སྡེ།

"https://dz.wikipedia.org/w/index.php?title=མ་ས་ཡ།&oldid=39095" ལས་ སླར་འདྲེན་འབད་ཡོདཔ།