མཁའ་འགྲོ་རྡོ་རྗེ་ཕག་མོའི་སྐོར། About Khandro Dorji Phagmo
ངོ་སྤྲོད།
[ཞུན་དག]རྡོ་རྗེ་ཕག་མོ་ཟེར་བའི་ངེས་ཚིག་གི་དོན་དག་འདི་ རྡོ་རྗེ་ཟེར་མི་འདི་ཐབས་ལ་མཁས་པའི་རང་བཞིན་དང་ ཕག་ཟེར་མི་འདི་ཤེས་རབ་ཀྱི་རང་བཞིན་ལུ་གོ་ནི་ཨིནམ་དང་ མོ་ཟེར་མི་འདི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཨིན་ཟེར་ཧ་གོ་དགོཔ་ཨིན། མདོར་བསྡུ་བ་ཅིན་རྡོ་རྗེ་ཕག་མོ་ཟེར་མི་འདི་འཁོར་འདས་ཐམས་ཅད་ཀྱི་རང་བཞིན་འབྱུང་གནས་འདི་ ཐབས་ལ་མཁས་པ་དང་ཤེས་རབ་ཀྱི་རང་བཞིན་ཨིན་ཟེར་བའི་དོན་ཨིན་མས། དེ་བཟུམ་སྦེ་ དང་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཐུགས་སྙིང་རྗེའི་ངང་ལས་ འགྲོ་བ་སེམས་ཅན་གྱི་དོན་ལུ་མིའི་གཟུགས་ལུ་བྱོན་མི་རྡོ་རྗེ་ཕག་མོའི་འཁྲུངས་ཡུལ་འདི་ བོད་ཁ་ཅན་གྱི་ལྗོངས་ལས་ཡབ་ལྷ་དབང་རྒྱལ་པོ་དང་ཡུམ་མདོ་སྡེ་རྒྱལ་མོ་གི་གཉིས་ཀྱི་སྲས་མོ་སྦེ་ རབ་བྱུང་བདུན་པའི་ཆུ་སྟག་ ༡༤༢༢ ལོ་ལུ་མང་ཡུལ་རྫོང་མཁར་ལུ་ ངོ་མཚར་ཆེ་བའི་རྟགས་དང་རྟེན་འབྲེལ་བཟང་པོ་ལེ་ཤ་ཅིག་བྱུང་སྟེ་སྐུ་འཁྲུངས་ནུག།
མཁའ་འགྲོའི་སྐོར།
[ཞུན་དག]མཁའ་འགྲོ་རྡོ་རྗེ་ཕག་མོ་གིས་སྐུ་ན་ཆུང་ཀུའི་བསྒང་ལས་ཧེ་མའི་འཕྲོ་བཟང་པོ་སད་དེ་ ནང་པའི་སངས་རྒྱས་ཀྱི་སྒོར་ཞུགས་ཏེ་ནང་པའི་སྐུ་ཡོན་མཁས་མི་སློབ་དཔོན་ལེ་ཤ་ཅིག་བསྟེན་ཏེ་ ཕྱག་དཔེ་ལེ་ཤ་གཟིགས་ཏེ་ཡོད་རུང་ ཡོངས་གྲགས་ལུ་བླ་མ་བོ་གདོང་ཕྱོགས་ལས་རྣམ་རྒྱལ་དང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གཉིས་ལས་ཆོས་ཀྱི་བདུད་བརྩི་ཞུཝ་བཞིན་དུ་ བོ་གདོང་ཕྱོགས་ལས་རྣམ་རྒྱལ་གྱིས་རྡོ་རྗེ་ཕག་མོ་གི་མཛན་ཡང་དཀོན་མཆོག་རྒྱལ་མོ་དང་ཐང་སྟོང་རྒྱལ་པོ་གིས་ རྗེ་བཙུན་ཆོས་ཀྱི་སྒྲོན་མེ་ཟེར་བཏགས་གནང་ནུག། རྒྱུ་མཚན་དེ་ལུ་བརྟེན་ཏེ་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པ་གི་མཚན་འདི་ཆོས་ཀྱི་སྒྲོན་མེ་ཟེར་ཞུཝ་ཨིན་མས། དེ་བཟུམ་སྦེ་ ཁྲོས་མོའི་ཚོགས་ཞིང་གི་སྐབས་ལུ་མཁའ་འགྲོ་རྡོ་རྗེ་ཕག་མོ་འདི་ ཧ་ཅང་གིས་རྩ་ཅན་སྦེ་བརྩི་དགོ་པའི་རྒྱུ་མཚན་ཡང་ ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ཟེར་བའི་སྐབས་སུ་ ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་རྡོ་རྗེ་ཕག་མོ་དང་སྤྲུལ་སྐུ་ཁྲོས་མ་ནག་མོ་ཟེར་བརྩི་བའི་སྐབས་ལུ་ མཁའ་འགྲོ་རྡོ་རྗེ་ཕག་མོ་འདི་ལོངས་སྐུའི་རྣམ་པ་སྦེ་བཞུགས་ཏེ་ཡོད་ནི་དེ་གིས་ཨིན་མས།
དེ་བཟུམ་སྦེ་ཡི་དམ་གྱི་ལྷ་རྡོ་རྗེ་ཕག་མོ་འདི་སྤྱིར་བཏང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཨིནམ་ལས་ སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཨིནམ་དང་ལྷག་པར་དུ་ཡང་ ཨུ་རྒྱན་གུ་རུ་རིན་པོ་ཆེ་ལུ་མཁའ་འགྲོ་རྡོ་རྗེ་ཕག་མོ་གིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་ ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་འགྲོ་དོན་མཛད་ནུག། དེ་ཡང་སྐུའི་མཛད་པ་འདི་ཟ་ཧོར་རྒྱལ་པོའི་སྲས་མོ་མན་ད་ར་བ་དང་ གསུང་གི་མཛད་པ་འདི་བོད་ལས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཨིནམ་དང་ ཐུགས་ཀྱི་མཛད་པ་འདི་བལ་བུ་ལས་སཱཀ་ཡ་ཌི་བི་སྦེ་འགྲོདོན་མཛད་ཡོདཔ་དང་ ཡོན་ཏན་གྱི་མཛད་པ་འདི་རྒྱ་གར་ལས་ཀཱ་ལ་སིཌི་འཕྲིན་ལས་ཀྱི་མཛད་པ་མཛད་ཡོདཔ་དང་ དེ་ལས་འབྲུག་རྒྱལ་ཁབ་ལས་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་སྦེ་སྤྲུལ་ཏེ་བྱོན་ཞིནམ་ལས སེམས་ཅན་གྱི་འགྲོ་དོན་ལེ་ཤ་མཛད་ནུག། དེ་མ་ཚད་མཁའ་འགྲོ་རྡོ་རྗེ་ཕག་མོའི་སྐུ་གཟུགས་ཀྱི་འགྲེལ་བཤད་དུམ་དྲ་ཅིག་བཤད་པ་རྐྱབ་པ་ཅིན་ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ་སྦེ་ཡོད་པའི་ཁར་ མེ་དཔུང་འབར་བའི་དབུས་སུ་ཕྱག་གཡས་ལུ་གྲི་གུག་དང་ གཡོན་ལུ་ཐོད་པ་ཐོགས་ཤིང་ཕྱག་རྒྱ་ལྔས་སྤྲས་པ། གྲུ་མོ་ན་ཁཱ་ཊཱཾ་འཆང་བ། བཅུ་དྲུག་ལང་ཚོའི་དཔལ་དང་ལྡན་ཞིང་འདོད་པའི་མྱོས་བུམ་ཟུང་ཞིག་འབུར་དུ་ཐོན་ཏེ་ཡོདཔ་མ་ཚད་ སྤྱན་གསུམ་འབུར་ཚུགས་སུ་གཟིགས་ཏེ་ཡོདཔ་ཨིན། ཞལ་གྱི་མཆེ་བས་མ་མཆུ་དམ་དུ་བསྡམས་པ། དབུ་སྐྲ་སེར་ནག་གྱེན་ལ་གཟེངས་པ། མི་མགོ་སྐམ་པོ་ལྔའི་ཅོད་པཎ་དང་རློན་པ་ལྔ་བཅུ་རྩ་གཅིག་གྱིས་བརྒྱན་ཏེ་ཡོདཔ་མ་ཚད་ གར་དགུའི་ཉམས་དང་ལྡན་པ་ལ། ཞབས་གཡས་བསྐུམ་ཞིང་གཡོན་པ་རྐྱང་བའི་ཚུལ་གྱིས་པདྨ་ཉི་རོའི་གདན་ལུ་བཞུགས་ཏེ་ཡོད།
མཁའ་འགྲོ་ལྔ།
[ཞུན་དག]༡༽ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ།
༢༽ ལྷོ་ཕྱོགས་སུ་རིན་ཆེན་མཁའ་འགྲོ་མ་སེར་མོ།
༣༽ ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ།
༤༽ བྱང་ཕྱོགས་སུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ།
༥༽ གོང་ན་རིན་ཆེན་ཆོས་རྒྱལ།
འོག་ན་ཆོས་སྐྱོང་བར་ནག་ཅན་ཚུ་བཞུགས་ཏེ་ཡོདཔ་ཨིན། རྡོ་རྗེ་ཕག་མོ་བསྒོམ་པའི་སྐབས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སེལ་ཞིང་ཤེས་རབ་རྒྱས་པ། འཆི་མེད་རྡོ་རྗེའི་ལུས་ལུ་མངའ་བརྙེས་པ། དགྲ་དང་བདུད་སོགས་མ་རུང་བའི་སྡེ་ལས་རྣམ་པར་རྒྱལ་བ་ཨིནམ་མ་ཚད་ ཆོས་ཐམས་ཅད་ལུ་ཆགས་ཐོགས་བྲལ་བའི་གོ་འཕང་འཐོབ་ཟེར་གསུངས་ཏེ་ཡོདཔ་ཨིནམ་མཚད་ མཁའ་འགྲོ་རྡོ་རྗེ་ཕག་མོ་བསྒོམ་པའི་སྐབས་གཟུངས་སྔགས་འདི་ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཟེར་གྱངས་ཁ་ག་དེ་མང་མང་བགྱང་དགོཔ་ཨིན་མས།
ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་མཁའ་འགྲོ་རྡོ་རྗེ་ཕག་མོའི་སྤྲུལ་པ་སྦེ་བྱོན་མི་ མཁའ་འགྲོ་ཕར་ཕྱིན་བཟང་མོ་ཨིན། མཁའ་འགྲོ་འདི་སྤུ་ན་ཁ་རྫོང་ཁག་་ོག་གི་གཡུས་ཀ་སྦི་ས་ལུ་ ཡབ་རྟ་མགྲིན་རྒྱལ་མཚན་དང་ཡུམ་ལྷ་ཆོས་སྒྲོལ་མ་གཉིས་ཀྱིས་སྲས་མོ་སྦེ་འཁྲུངས་ནུག། ལྷག་པར་དུ་ འབྲུག་རྒྱལ་ཁབ་མ་ཚད་ཕྱིའི་རྒྱལ་ཁབ་ལས་ཕར་ཡང་ སེམས་ཅན་ཐམས་ཅད་ཀྱི་འགྲོ་དོན་མཛད་དང་མཛད་བཞིན་པ་ཡོདཔ་ལས་ སངས་རྒྱས་ཀྱི་བསྟན་པ་ལུ་ཤ་ཞེན་ཅན་གྱི་སྒོ་ལས་བསྟན་པ་འཛིན་མི་ཅིག་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡. སྐུ་ཞབས་ཚེ་རིང། འཇིགས་ཆོས། ཀརྨ་རྒྱལ་མཚན། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་བསྡུས་པ། གངས་ལྗོངས་ཉི་གཞོན་དྲ་བ།
༢. འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གནམ་ལོ་མེད། སྤྱི་ལོ་ ༢༠༡༥། རྡོ་རྗེ་ཕག་མོའི་ཟབ་ཁྲིད། རིན་ཆེན་གཏེར་མཛོད།