མགར་ས་བླ་མའི་སེང་གེ་དང་དགའ་ལེགསམོ།

Wikipedia ལས།

འབྲུག་རྒྱལ་ཁབ་འདི་ ལམ་སྲོལ་གྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ སྲུང་གཏང་ནི་གི་ལུགས་སྲོལ་འདི་ཧེ་མ་ལས་ར་ དར་ཡོདཔ་ལས་དགའ་མཐུན་གྱི་སྲུང་མང་རབས་ཅིག་ཡོད་པའི་སླ་ལས་ མགར་ས་བླ་མའི་སེང་གེ་གི་སྲུང་འདི་ཡོངས་གྲགས་སྦེ་ཡོདཔ་ཨིན། དེ་ཡང་ གཙོ་བོ་ར་ང་བཅས་རའི་རྒྱལ་ཁབ་ནང་ལུ་ གློག་བརྙན་འགོ་དང་པ་སྟོན་ཞིནམ་ལས་ཚུར་ རྒྱལ་ཁབ་མཐའ་དབུས་མེད་པར་ མགར་ས་བླ་མའི་སེང་གེ་དང་ ལྕང་ཡུལ་གྱི་བུམོ་དགའ་ལེགསམོ་གཉིས་ཀྱི་སྲུང་འདི་ དར་ཁྱབ་སོང་ཡོདཔ་མ་ཚད་ དེ་བསྒང་ དགའཝ་མཐུནམ་ཚུ་ལུ་ སྐྱོན་མིང་སྦེ་ མགར་ས་བླ་མའི་སེང་གེ་དང་དགའ་ལེགསམོ་ཟེར་བཏགས་པའི་སྲོལ་དར་ཁྱབ་བྱུང་ཡོདཔ་ཨིན་པས།

སྲུང་འདི་གི་བཅུད་དོན་ངོ་མ་ར་ ང་བཅས་ར་ཕོ་དང་མོ་གི་བར་ན་ལུ་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་རྩི་ཐངས་ དེ་ལས་གཉེན་གྲོགས་ཀྱི་བར་ན་ལུ་ བརྩེ་གདུང་སྐྱེད་ཐངས་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ གསལ་སྟོན་འབད་དོ་ཡོདཔ་ཨིན་པས། ད་རེས་ནངས་པ་ཡང་ མགར་ས་བླ་མའི་སེང་གེ་དང་ལྕང་ཡུལ་བུམོ་དགའ་ལེགསམོ་གི་སྲུང་འདི་ལུ་ མི་ཚུ་གི་སྤྲོ་བ་དང་དག་སྣང་སྦོམ་སྐྱེད་དོ་ཡོདཔ་ལས་ བར་སྐབས་ཅིག་ལས་འབྲུག་གི་གློག་བརྙན་བཟོ་མི་ཚུ་གིས་ མགར་ས་བླ་མའི་སྲུང་གུར་གཞི་བཞག་སྟེ་ གློག་བརྙན་ཚུ་ ཐབས་ཤེས་རིག་པ་དང་ཅ་ཆས་ཀྱི་རིགས་ཚུ་ མ་བཏུབ་བཏུབ་སྦེ་ལག་ལེན་འཐབ་སྟེ་བཟོ་ཡོད་ནི་འདི་གིས ད་ལྟོའི་བར་ན་ཡང་ གློག་བརྙན་འདི་ལྟདམོ་ཆེ་ཤོས་སྦེ་ཆ་བཞགཔ་ཨིན། འབྲུག་རྒྱང་བསྒྲགས་གླུ་སྒྲོམ་ (སྤྱི་ལོ་ ༢༠༡༦ ) ཧེ་མ་རབ་བྱུང་ ༡༤ པའི་ལྕགས་གླང་ སྤྱི་ལོ་ ༡༨༤༡ ལོ་ལུ་ སྡེ་སྲིད་ཁྲི་རབས་ ༣༨ པ་བཀྲ་ཤིས་རྡོ་རྗེ་གི་སྐབས་ལུ་ དགོན་ལས་སེང་གེ་ཟེར་མི་གཅིག་ སྡེཔ་གི་འབོད་འབད་ནིའི་དོན་ལུ་ སྤུ་ན་ཁ་རྫོང་ནང་ལྷོད་ལྷོདཔ་ཨིན་པས། དེ་སྐབས་ལུ་ ང་བཅས་རའི་འཇིག་རྟེན་པའི་དཔྱེ་གཏམ་ལུ་ བརྩེ་མིག་གཞི་མཐུན་པར་ལེགས་མི་དགོ།། ལས་གནམ་བསྐོས་ཡོད་པར་སྦྲགས་མི་དགོ།། ཟེར་དོ་བཟུམ་སྦེ་ སྤུ་ན་ཁ་ལྕང་ཡུལ་ལས་ བུམོ་དགའ་ལེགསམོ་ཟེར་མི་འདི་དང་གཅིག་ཁར་ཕྱད་དེ་ སེང་གེ་དང་དགའ་ལེགསམོ་གཉིས་ ལྟ་བའི་མིག་གཞི་མཐུན་ཏེ་ མཐོངམ་ཅིག་གཅིག་སེམས་གཅིག་ལུ་ཤོར་ཏེ་ གཅིག་མེད་པར་ཅིན་གཅིག་མ་ཆགས་པར་ ཁ་བྱལ་འགྱོ་ནི་འདི་ ཤ་དང་སེན་མོ་འབྲལ་བའི་སྡུག་བསྔལ་བཟུམ་ཡོད་རུང་ར་ ལས་ལ་གང་བསྐོས་མ་གཏོགས། །སྣང་བ་གང་ཤར་མིན་འདུག། ཟེར་དོ་བཟུམ་ རང་དགའ་མི་དང་མཉམ་ཅིག་གཉེན་རྐྱབ་སྟེ་ མི་ཚེ་སྐྱོང་ནི་གི་རང་དབང་མེདཔ་མ་ཚད་ དུས་ཚོད་དེ་སྐབས་ལུ་ ད་རེས་ནངས་པ་བཟུམ་སྦེ་ རྒྱུན་འབྲེལ་གྱི་འཕྲུལ་ཆས་ཡང་མེདཔ་ལས་ ལྕང་ཡུལ་བུམོ་དགའ་ལེགསམོ་ལུ་བཟོད་མ་ཚུགས་པའི་སྡུག་བསྔལ་མྱོངས་ཏེ་གིས ཚེ་མ་རྫོགསཔ་ལས་རྒྱགས་རྫོགསཟེར་སླབ་དོ་བཟུམ་སྦེ་ མནོ་བསམ་གཏང་མ་ཚུགསཔ་དང་སེམས་འཁྲུལ་སྣང་ལངས་པའི་གཞི་ཅིག་ཡང་ཨིན་པས། དེ་ཡང་ དགའ་ལེགསམོ་འདི་ སེམསའཁྲུལ་སྣང་ལངས་པའི་ཤུགས་ཀྱིས་ ཁྱོད་མགར་ས་འགྱོ་མི་མེན་ག་ཟེར་བའི་གླུ་འཁྲུལ་སི་སི་སྦེ་འཐེནམ་ད་ ཕར་ལོགས་ཀྱི་ཕོ་སྐྱེས་ཀྱིས་ཡང་ དགའ་ལེགསམོ་གི་ལན་ཞབས་ཁྲ་ནང་འཇལ་ཏེ་ མགར་ས་ལུ་ཁ་འཐེན་སླབ་པར་འགྱོ་ནི་སྦེ་ཁ་བཟེད་ཆི་ནུག། སེང་གེ་འདི་གིས་ ཁ་འཐེན་འདི་གོཝ་ཅིག་ སེམས་འཁྲུལ་སྣང་ལངས་པའི་ཤུགས་ཀྱིས་ སྤུ་ན་ཁ་ལུ་འོངས་ཏེ་ལྷོདཔ་ད་ དགའ་ལེགསམོ་གི་ཕུངམོ་འདི་ མེ་གཏང་བའི་བསྒང་འབདཝ་ལས་ སེང་གེ་ཁོ་ར་ཡང་སྡོད་རུང་གཅིག་ཁར་དང་ ཤི་རུང་གཅིག་ཁར་ཨིན་ཟེར་བའི་བརྡ་དོན་ལུ་ སེང་གེ་ཡང་དགའ་ལེགསམོ་དང་སྦྲགས་ཏེ་ མེ་ནང་མཆོངས་ཏེ་ཤི་སོ་ནུག།

སྲུང་འདི་གིས་ བཅུད་དོན་ངོ་མ་ར་ རང་གི་དགའཝ་མཐུན་གྱི་བར་ན་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་འདི་ དམ་ཚིག་དར་གྱི་མདུད་ཕོད་བཟུམ་སྦེ་ བཞག་དགོ་ཟེར་གསལ་སྟོན་འབད་བའི་ཁར་ གོངམ་ལུ་གུས་ཞབས་དང་འོགམ་ལུ་བྱམས་སྐྱོང་འབད་ཐངས་དང་། འབྲུག་གི་ཐུན་མོང་མ་ཡིན་པའི་ལམ་སྲོལ་བཟང་པོ་སྒྲིག་ལམ་ཆོས་གསུམ་ཟེར་མི་འདི་ ག་ཅི་བཟུམ་ལུ་སླབ་ཨིན་ནའི་སྐོར་ལས་ཡང་གསལ་སྟོན་འབདཝ་ཨིན་པས།

རྒྱབ་རྟེན།

lhamo, s. (2016). gasa lamai singye and galaim. thimphu: bbs radio.