Jump to content

མགོན་པོའི་བཟློག་བསྒྱུར།

Wikipedia ལས།

༈ མགོན་པོའི་བཟློག་བསྒྱུར་ནི།

ཧཱུྃ༑ སྔོན་གྱི་བསྐལ་པའི་དང་པོ་ལ། །བདུད་རྒྱལ་ལྷ་ཆེན་འཇིགས་བྱེད་དུ། །རིམ་པར་སྤྲུལ་ནས་རྒྱལ་བའི་ཞིང་། །དུག་གསུམ་ལས་ཀྱི་རླུང་དམར་གྱིས། །འཇིགས་པའི་མུན་པར་ཕྱོགས་བཅུག་ཆེ། །རྒྱལ་བ་ཞི་བའི་འོད་ཀྱིས་སྦྲན། །ཁྲག་འཐུང་ཆེན་པོའི་སྦྱོར་མཚམས་ནས། །མགོན་པོ་ཆེན་པོ་ཁྱོད་འོངས་ཏེ། །དྲག་པོ་འཇིགས་བྱེད་ཁྱོ་ཤུགས་བསད། །ལྷ་ཆེན་བཀའ་ཉན་འཁོར་དུ་བསྡུས། །དགའ་རབ་དབང་ཕྱུག་མྱང་ངན་གྱི། །ཁང་བུའི་ནང་དུ་བཅིངས་ཏེ་བཞག །དེ་བཞིན་ལྔ་བརྒྱ་ཐ་མ་འདིར། །བདུད་དང་བདུད་ཀྱི་ལས་རྣམས་ཟློག །དེ་ནས་ལྷ་དབང་བརྒྱ་བྱིན་ལ། །ལྷ་མིན་ཕྲག་དོག་དམག་བསགས་ནས། །རི་རབ་རི་ཡི་རྩེ་མོར་འཐབ། །དེ་ཚེ་ལྷ་རྒྱལ་གྱིས་སྦྲན་པས། །ཁྱོད་ཀྱིས་སྤྲུལ་པའི་དམག་བཀྱེ་ནས། །ལྷ་མིན་གཡུལ་དུ་བརླག་བྱས་པ། །དེ་བཞིན་དུས་ཀྱི་སྙིགས་མ་འདིར། །མཐའ་མིའི་དམག་ལྷགས་ནང་རྩོད་པའི། །འཁྲུགས་སློང་བྱེད་པ་ཐམས་ཅད་ཟློག །ཐ་མ་བསྐལ་པ་བཟང་པོ་འདིར། །རྩོད་པའི་དུས་སུ་ཤཱཀྱ་ཐུབ། །བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ། །རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། །གཡོན་ཅན་བདུད་ཀྱི་གཡུལ་བཤམས་ཚེ། །སེམས་དཔའ་མཆོག་དེས་ཁྱེད་སྦྲན་པས། །བདུད་སྡེ་ཕམ་ནས་ཕྱོགས་བཅུར་བྱེར། །ཐུབ་པ་མངོན་པར་སངས་རྒྱས་གྱུར། །དེ་བཞིན་ཀློག་དང་སྤོང་བ་པར། །བར་ཆད་རྩོམ་པ་ཐམས་ཅད་ཟློག །དེ་ནས་རྒྱ་གར་ཆོས་ཀྱི་གླིང་། །ཀླ་ཀློ་གདུག་པའི་འཚེ་བ་བྱུང་། །ཁྱད་པར་མུ་སྟེགས་ནག་པོ་བརྒྱས། །ཆོས་འཁོར་ཐམས་ཅད་འཇིག་ཉེའི་ཚེ། །པཎ་གྲུབ་རྣམས་ཀྱིས་ཁྱེད་སྦྲན་པས། །ཀླ་ཀློ་ཐམས་ཅད་ཐལ་བར་བཏང་། །མུ་སྟེགས་ནག་པོ་ཆོས་ལ་བསྒྱུར། །དེ་བཞིན་ཆོས་མིན་ལྷད་ཞུགས་ པའི། །བསྟན་ལ་གནོད་པ་ཐམས་ཅད་ཟློག །དེ་ནས་བོད་ཡུལ་མུན་པའི་གླིང་། །ཐུབ་བསྟན་ཉི་མས་ཉིན་བྱེད་ལ། །ནག་པོའི་ལྷ་འདྲེས་མུན་པར་བསྒྲུབས། །དེ་ཚེ་སློབ་དཔོན་པདྨ་ཡིས། །ཁྱེད་སྤྲིན་ལྷ་འདྲེ་བཀར་བཏགས་པས། །ཆོས་ཀྱི་རྒྱལ་པོའི་བཞེད་པ་བསྒྲུབས། །དེ་བཞིན་དགེ་བའི་ལས་བརྩམ་པར། །གཞན་གྱིས་འཚེ་བ་ཐམས་ཅད་ཟློག། ཧཱུྃ༑ རིགས་ཀྱི་བདག་པོའི་སྐུ་གསུམ་གྱིས། །ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག །སྤྲུལ་པའི་ཁྱུང་ཆེན་འབར་བ་ཡིས། །ཕོ་བརྒྱུད་མོ་བརྒྱུད་ས་བདག་གི། །གནོད་པའི་དུག་སྦལ་ནག་པོ་ཟློག །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །བདུད་དང་བདུད་ཕྱོགས་གནོད་པ་ཟློག །སྲས་མཆོག་བཞི་དང་ཡུམ་བདུན་གྱིས། །དགྲ་བགེགས་གདུག་པའི་བསམ་སྦྱོར་ཟློག །བཀའ་སྡོད་མགོན་པོ་ཡབ་ཡུམ་གྱིས། །ཕས་ཀྱིས་བརྩམས་པའི་བྱད་ཁ་ཟློག །ཡེ་ཤེས་ལས་ཀྱི་མ་མོ་ཡིས། །བར་ཆད་བདུད་ཀྱི་ཕྱག་བརྙན་ཟློག །ཞིང་སྐྱོང་མ་མོ་མཁའ་འགྲོ་ཡིས། །དམ་ཚིག་ཉམས་པའི་རྒྱུ་རྐྱེན་དང་། །ཆད་པ་ནད་ཡམས་དལ་ཁ་ཟློག །དབང་ཕྱུག་ཁྲག་རལ་འཁོར་བཅས་ཀྱིས། །མུ་སྟེགས་ནག་པོས་ངན་བྱེད་ཟློག །བདུད་ཀྱི་མགོན་པོ་འཁོར་བཅས་ཀྱིས། །རིག་སྔགས་དམོད་པའི་མཚོན་ཆ་ཟློག །ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱིས། །གཤིན་རྗེ་གཤེད་དུ་དབབ་པ་ཟློག །གཟའ་བདུད་ཆེན་པོ་འཁོར་བཅས་ཀྱིས། །སྡེ་བརྒྱད་ཀི་ཀང་ཕབ་པ་ཟློག །ནཱ་ག་རཱཀྵ་འཁོར་བཅས་ཀྱིས། །གཏད་ཁྲམ་ནག་པོའི་གནོད་པ་དང་། །དུག་གི་སྦྱོར་བ་གཡོས་པ་ཟློག །བེག་རྩེ་ཆེན་པོ་འཁོར་བཅས་ཀྱིས། །ལྷ་འདྲེའི་ཤོ་རྡེ་སྤུངས་པ་ཟློག །གནོད་སྦྱིན་ནག་པོ་འཁོར་བཅས་ཀྱིས། །དབུལ་འཕོངས་ཉམ་ཐག་ཐམས་ཅད་ཟློག །རྒྱལ་པོ་གིང་ཆེན་འཁོར་བཅས་ཀྱིས། །དམ་སྲི་འཕུང་སྲི་ལངས་པ་དང་། །འགོང་པོའི་ཟ་ཁ་ཟུག་པ་ཟློག །ཕྱོགས་སྐྱོང་རྣམས་ཀྱིས་འཁོར་གདོན་དང་། །རྒྱལ་པོ་བཞི་ཡི་བདུད་བློན་གྱིས། །འཐབ་སོགས་སྦྱར་བ་ཐམས་ཅད་ཟློག །ཧཱུྃ༑ སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར། །ལྷ་འདྲེའི་དམག་ཚོགས་ཐམས་ཅད་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་ཅོད་གཏོང་དྲག་པོ་དང་། མཚེ་ཟོར་རྦད་འདྲེ་ཕུངས་ཟོར་འཕེན་པ་སྒྱུར། །ས་བདག་ཀླུ་ཡིས་བྱད་དུ་བཅུག་པ་དང་། །ཐེའུ་རང་འབྱུང་པོའི་སྲི་རྐུན་ཐམས་ཅད་སྒྱུར། །གཤིན་རྗེའི་འཁོར་ལོ་བདུད་ཀྱི་རྐོས་འདེབས་དང་། །མུ་སྟེགས་ངན་པའི་བར་ཆད་བྱེད་པ་སྒྱུར། །རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོགས་གཏོང་བ་དང་། །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་སྒྱུར། །ཞང་ཞུང་བཙོ་ཟོར་སུམ་པའི་གླང་ཟོར་དང་། །བོན་པོ་རྣམས་ཀྱིས་ལྟག་ཟོར་འཕེན་པ་སྒྱུར། །བནྡྷེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་སྒྱུར། །བདུད་ཀྱི་གཤེད་ལངས་བརྗེད་བྱེད་འབྱུང་པོ་དང་། །མ་མོ་རྣམས་ཀྱིས་སྟག་ཟོར་འཕེན་པ་སྒྱུར། །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་སྒྱུར། །བཞི་བརྒྱ་རྩ་བཞིའི་མི་ནད་ཕྱུགས་ནད་དང་། །གདོན་རིགས་ཉི་ཁྲི་ཆིག་སྟོང་གནོད་པ་སྒྱུར། །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་མ་ལུས་དང་། །ཡེ་འབྲོག་ཆེན་པོ་སུམ་བརྒྱ་དྲུག་ཅུ་དང་། །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐེག །མི་མཐུན་ཚོགས་རྣམས་དགྲ་བགེགས་སྟེང་དུ་སྒྱུར། །དུས་མིན་འཆི་དང་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་སྒྱུར། །ཞེས་དང་།