མགྱོགས་ཡིག

Wikipedia ལས།
(མགྱོགས་ཡིག། Joyig ལས་ ལོག་བཏང་ཡོདཔ་)
མགྱོགས་ཡིག

ཞིབ་འཚོལ་གྱི་རྒྱབ་ཁུངས།[ཞུན་དག།]

འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ཡིག་གཟུགས་འདི་མགྱོགས་ཡིག་ར་ཨིན་ཟེར་ཆ་བཞགཔ་ཨིན། མགྱོགས་ཡིག་འདི་རྒྱལ་ཡོངས་ཡིག་གཟུགས་སྦེ་ཆ་བཞག་མི་འདི་ མགྱོགས་ཡིག་བརྩམས་ས་འདི་ འབྲུག་ལུ་ར་འབདཝ་ལས་བརྟེན་ཏེ་ཨིན། དེ་ཡང་ ལོ་རྒྱུས་དང་རྒྱབ་བརྟེན་དཔེ་དེབ་མང་རབས་ཅིག་ནང་ལས་ར་ མགྱོགས་ཡིག་འདི་འབྲུག་ལུ་ར་བརྩམས་ཏེ་ ལག་ལེན་ཡང་ འབྲུག་ལུ་ར་འཐབ་སྲོལ་ཡོདཔ་ལས་བརྟེན་ཏེ་ཨིན། ད་རེས་ཀྱི་མགྱོགས་ཡིག་གི་ཞིབ་བཅུད་མདོར་བསྡུས་ཅིག་ཕུལ་མི་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ལྷན་ཚོགས་ཐེངས་༢༦ པའི་ནང་མགྱོགས་ཡིག་གི་སྲིད་བྱུས་ཀྱི་སྐོར་ལས་ སྙན་ཞུ་ཅིག་ཕུལ་དགོཔ་སྦེ་ཡོད་མི་དང་ ལྷག་པར་དུ་ མགྱོགས་ཡིག་གི་སྐོར་ལས་གནས་ཚུལ་ཡོད་མི་ཚུ་བསྡུ་སྒྲིག་འབད་དེ་ གནས་ཚུལ་ཆ་ཚང་ཅིག་བསྡུ་ཚུགས་པའི་ཕན་པ་ལུ་དམིགས་ཏེ་ཨིན། མ་འོངས་པའི་ནང་ ལག་ལེན་འཐབ་ནིའི་དོན་ལུ་ ཞིབ་འཚོལ་མཐིལ་ཕྱིན་ཅིག་འབད་དགོཔ་ཡོདཔ་ཨིན། ད་རེས་ཀྱི་སྙན་ཞུའི་ནང་ འབྲུག་ནང་འཁོད་དང་ ལྷག་པར་དུ་ཐིམ་ཕུག་ལུ་བཞུགས་མི་ ཤེས་ཡོན་ཅན་དང་ མགྱོགས་ཡིག་གི་སྐོར་ལས་བྲིས་ཡོད་མིའི་གནས་ཚུལ་དང་དཔེ་དེབ་ཚུ་ལས་ཁུངས་གཏུགས་འབད་དེ་བྲིས་ཡོདཔ་ཨིན། དཔེ་དེབ་དང་། གནས་ཚུལ། མི་ངོམ་ཚུ་གི་ཐོ་ཅིག་ རྒྱབ་བརྟེན་གྱི་གྲངས་སུ་བཙུགས་ཡོད། ཞིབ་འཚོལ་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ འགོ་དཔོན་གཉིས་ཀྱིས་སྦེ་འབད་ཡོད་པའི་ ཞིབ་བཅུད་འོག་ལུ་ཕུལ་ཡོད།

མགྱོགས་ཡིག་གི་བྱུང་རབས།[ཞུན་དག།]

འབྲུག་གི་མགྱོགས་ཡིག་འདི་ མང་ཤོས་ཀྱིས་ར་ གུ་རུ་རིན་པོ་ཆེ་གི་སློབ་མ་ རྗེ་འབངས་༢༥ འི་གྲལ་ལས་ ལྡན་མ་རྩེ་མང་གིས་བརྩམས་གནང་སྟེ་ཡོདཔ་སྦེ་ཆ་བཞགཔ་ཨིན་མས། ད་ཚུན་ མགྱོགས་ཡིག་གི་སྐོར་ལས་བྲིས་མི་དག་པ་རེ་འཐོན་ཡོདཔ་དང་ ཁོང་ཚུ་གིས་བྲིས་མིའི་ལོ་རྒྱུས་མདོར་བསྡུས་རེ་ འོག་ལུ་བཀོད་དེ་ཡོད། དེ་ཡང་ དྲག་ཤོས་སངས་རྒྱས་རྡོ་རྗེ་ གིས་བྲིས་མིའི་ནང་ དུས་རབས་༨ སྤྱི་ལོ་༧༠༠-༨༠༠ འི་ལོ་གྲངས་ལས་ཕར་ བུམ་ཐང་ལུ་བཞུགས་མི་ རྒྱལ་པོ་སིནྡྷུ་ར་ཛ་ མིང་གཞན་ཡང་ ལྕགས་མཁར་རྒྱལ་པོ་ཟེར་ཞུ་མི་འདི་གིས་ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ བསམ་ཡས་གཙུག་ལག་ཁང་ནང་ བཀའ་འགྱུར་བསྟན་འགྱུར་ཚུ་ འབྲི་ནིའི་ཤོག་གུ་ཚུ་ལེགས་ཤོམ་སྦེ་ཕུལ་བའི་དྲིན་ལན་ལུ་ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་བཞིན་ གུ་རུ་པདྨ་སམྦྷ་ཝ་མཚན་གཞན་ཡང་ གུ་རུ་རིན་པོ་ཆེ་ཟེར་ཞུ་མི་འདི་ བུམ་ཐང་ལུ་ལོག་བྱོནམ་ད་ ཆོས་གསུང་མི་ཚུ་ཡིག་ཐོག་ཕབ་ནིའི་དོན་ལུ་ ལྡན་མ་རྩེ་མང་ཡང་ཕྱག་ཞུ་སྟེ་འོང་ནུག དེ་བསྒང་ གུ་རུ་རིན་པོ་ཆེ་གིས་བུམ་ཐང་ལུ་བྱོན་སྦེ་ རྒྱལ་པོ་སིནྡྷུ་ར་ཛ་དང་ གདུལ་བྱ་ཚུ་ལུ་ རྫོགས་ཆེན་གསལ་བའི་མེ་ལོང་གི་ཆོས་འཁོར་བསྐོར་གནང་ནུག དེ་བསྒང་གི་ཆོས་བསྐོར་འདི་ ལྡན་མ་རྩེ་མང་ལུ་འབྲི་བཅུག་ནུག ལྡན་མ་རྩེ་མང་གིས་ཆོས་སྐོར་དང་ སིནྡྷུ་ར་ཛའི་རྣམ་ཐར་གཉིས་ སྐུ་རྗེས་རྡོ་རྗེ་བརྩེགས་པའི་བྲག་ལུ་གཏེར་སྦེ་སྦ་བཞག་མི་འདི་ ཤུལ་མ་ ལྡན་མ་རྩེ་མང་གི་ སྤྲུལ་པ་གཏེར་སྟོན་ཨོ་རྒྱན་བཟང་པོ་ཟེར་མི་གིས་ གཏེར་བཞེས་ནི་དང་ སྐུ་རྗེས་ལྷ་ཁང་བཞེངས་ནིའི་ལུང་བསྟན་ཚུ་གུ་རུ་གིས་གནང་བཞག་ནུགལྡན་མ་རྩེ་མང་གིས་དེ་བསྒང་ ལྷོ་ཡིག་ཟེར་མི་འདི་གསར་བརྩམས་མཛད་དེ་གནང་ཡོདཔ་སྦེ་འདུག

ཨོ་རྒྱན་རྡོ་རྗེ་གིས་བྲིས་མིའི་ནང་ གུ་རུ་རིན་པོ་ཆེ་བུམ་ཐང་ལུ་ལན་ཐེངས་༢ པ་བྱོན་པའི་སྐབས་ ལྡན་མ་རྩེ་མང་ཡང་འོང་ཡོདཔ་དང་ ཁོ་གིས་བརྩམས་མི་ ལྷོ་ཡིག་འདི་ མགྱོགས་ཡིག་མེན་པར་ མགྱོགས་ཚུགསམ་ཨིནམ་སྦེ་བྲིས་ཏེ་འདུག ལྡན་མ་རྩེ་མང་གི་ཤུལ་ལས་ཡི་གུ་ལུ་མཁས་པ་ཡོད་མི་ རིམ་པར་བརྒྱུད་དེ་འོང་ཡོདཔ་ལས་ མཁས་པའི་མི་ལེ་ཤ་ར་འཐོན་ནུག འབྲུག་ལུ་ཡི་གུ་ཧམ་པ་བདུན་དེ་ཅིག་དར་ཏེ་འདུག ཡི་གུ་ཚུ་ཡང་ ཚུགས་ཡིག་ཡང་ན་དབུ་ཅན། ལྷོ་ཡིག་མགྱོགས་ཚུགས་མ། ལྷོ་ཡིག་མགྱོགས་ཡིག ལཉྫ། ཝརྟུ། དབུ་མེད། དབུ་མེད་ཚུགས་རིང་བཅས་བདུན་ཨིན་པས། མཁས་པ་ཚུ་གིས་ ཡི་གུ་མགྱོགས་པར་མགྱོགས་པར་བྲིས་དགོཔ་བྱུང་པའི་སྐབས་ མགྱོགས་ཚུགས་མ་འདི་ མགྱོགས་ཡིག་གི་བཟོ་རྣམ་ལུ་གྱུར་ཏེ་བྲིས་ཡོདཔ་སྦེ་བཤད་དེ་འདུག

མཁན་པོ་ཕུན་ཚོགས་བཀྲ་ཤིས་ ཀྱིས་བྲིས་མིའི་ནང་ ནང་པའི་ཐོ་དང་འཁྲིལཔ་ད་ཧེ་མ་ལས་ར་ སྐད་རིགས་༣༦༠ དང་ཡིག་རིགས་༦༤ ཙམ་ཡོད་པའི་ལོ་རྒྱུས་ཡོདཔ་ལས་ མགྱོགས་ཡིག་ཡང་ ཡིག་རིགས་ཚུ་གི་གྲངས་སུ་ཡོད་པའི་དོགས་པ་འདུག དེ་འབདཝ་ལས་ ལྡན་མ་རྩེ་མང་གི་སྐབས་ལུ་བརྩམས་ཡོདཔ་མེན་པར་ ཁོ་གིས་གུ་རུ་རིན་པོ་ཆེའི་ཕྱག་ཞུ་སྟེ་བུམ་ཐང་ལུ་ཆོས་གནང་མི་ཚུ་དང་ ལོ་རྒྱུས་བྲིས་མི་ཚུ་ མགྱོགས་ཡིག་ནང་སྦེ་བྲིས་ཡོདཔ་མ༌ཚད༌ ཁོ༌རང༌ཡང༌ཡིག༌རིགས་༦༤ གི་ནང་མཁས་དྲགས་ཡོདཔ་ལས་བརྟེན་ཏེ་ དེ་བསྒང་ལྷོ་ཡིག་ནང་སྦེ་བྲིས་བཞགཔ་མ་ཚད་ ཡི་གུ་ལ་ལུ་ཅིག་ གཏེར་སྦེ་སྦ་བཞག་མི་ཚུ་ ཤུལ་ལས་ ཁོ་རའི་སྤྲུལ་པ་ གཏེར་སྟོན་ཨོ་རྒྱན་བཟང་པོ་གིས་གཏེར་བཞེས་ཏེ་ཡོདཔ་ཨིན་པས། དེ་བསྒང་ལྡན་མ་རྩེ་མང་གིས་ ལྷོ་ཡིག་གམ་མོན་ཡིག་འདི་ བུམ་ཐང་ལུ་འབྲི་ནིའི་སྲོལ་བཙུགསཔ་ལས་ དར་ཁྱབ་སྦོམ་སོང་ཡོདཔ་སྦེ་འདུག

མགྱོགས་ཡིག་འདི་ འབྲུག་ལུ་མ་གཏོགས་ས་ཁོངས་གཞན་ཚུ་ནང་འབྲི་སྲོལ་མེདཔ་མ་ཚད་ ཧེ་མའི་ལོ་རྒྱུས་ཚུ་ལུ་གཞི་བཞག་བལྟཝ་ད་ཡང་ འབྲུག་ལུ་མ་གཏོགས་གཞན་ཁར་ལག་ལེན་འཐབ་སྲོལ་མེདཔ་སྦེ་མཇལཝ་ཨིན་པས། མགྱོགས་ཡིག་འདི་ བོདཔ་ཚུ་གིས་འབད་བ་ཅིན་ ས་ཕྱོགས་ལྷོ་ཁ་ཐུག་ལུ་ཡོངས་གྲགས་སྦེ་ལག་ལེན་འཐབ་དོ་ཡོདཔ་ལས་ ལྷོ་ཡིག་ཟེར་མིང་བཏགས་ནུགདེ་བསྒང་འབྲུག་མི་ཚུ་ ཆོས་དང་ཚོང་འབྲེལ་གྱི་དོན་ལུ་བོད་དང་གཅིག་ཁར་ འབྲེལ་བ་ལེ་ཤ་འཐབ་དོ་ཡོདཔ་ལས་ བོད་ལུ་ཡི་གུ་བྲིས་བཏང་མི་ཚུ་ཡང་ བོདཔ་ཚུ་གིས་མགྱོགས་ཡིག་ལྷག་མ་ཚུགསཔ་ལས་ བོད་ལུ་ཡོངས་གྲགས་ཡོད་པའི་ དབུ་མེད་ཀྱི་ཡི་གུ་ནང་སྦེ་བྲིས་བཏང་སྲོལ་འདུག དེ་འབདཝ་ད་ འབྲུག་ནང་འཁོད་ཀྱི་བཀའ་ཤོག་དང་ སྤྱིར་བཏང་ཡིག་འགྲུལ་ཚུ་མགྱོགས་ཡིག་ནང་ལག་ལེན་འཐབ་སྡོད་ནུག ད་རེས་ནངས་པ་འབད་བ་ཅིན་འབྲུག་ལུ་ཧེ་མ་ལས་བཏོན་པའི་གཏེར་གྱི་ཡིག་ཆ་དང་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་རིན་པོ་ཆེ་དང་ ཤུལ་ལས་འབྲུག་རྒྱལ་པོ་རིམ་བྱོན་ཚུ་གི་སྐབས་ལུ་གནང་མིའི་བཀའ་ཤོག་དང་།སྤྱིར་བཏང་ཡིག་འགྲུལ། དེ་ལས་རྩིས་ཐོ་ཚུ་མགྱོགས་ཡིག་ནང་གནང་ཡོད་མི་ཚུ་ སྒེར་མི་དང་། འགྲེམས་སྟོན་ཁང་། དཔེ་མཛོད་ཚུ་ནང་འདུག དེ་ཚུ་ལུ་བལྟ་བ་ཅིན་ མགྱོགས་ཡིག་གི་སྲོལ་རྒྱུན་འདི་ དུས་རབས་༨ པ་དེ་ཅིག་ལས་ར་ འབྲུག་ལུ་གཞི་བཙུགས་འབད་ཡོདཔ་དང་ ཡོངས་གྲགས་སྦེ་དར་ཁྱབ་སོང་ཡོདཔ་ལས་བརྟེན་ཏེ་ ད་ལྟོ་འབྲུག་གི་རྒྱལ་ཡོངས་ཀྱི་ཡི་གུ་སྦེ་བརྩི་ཡོདཔ་ཨིན།

མགྱོགས་ཡིག་གི་མིང་།[ཞུན་དག།]

གུ་རུ་རིན་པོ་ཆེ་མ་བྱོན་པའི་ཧེ་མ་ སངས་རྒྱས་ཞལ་བཞུགས་པའི་སྐབས་ལུ་ འབྲུག་གི་ས་ཁོངས་འདི་ རྒྱལ་ཁབ་སྦེ་མེན་པར་ ཚལ་མ་གིས་གང་སྟེ་མི་ཡང་ལེ་ཤ་མེད་པའི་ས་ཁོངས་ གཅན་གཟན་དང་བདུད་ཀྱིས་གང་བའི་ས་ཆ་ཅིག་སྦེ་སྡོད་ཡོདཔ་ཨིན་མས། མཁན་པོ་ཕུན་ཚོགས་བཀྲ་ཤིས་ ཀྱིས་བྲིས་མིའི་ནང་ དེ་བསྒང་འབྲུག་གི་ས་གནས་ཀྱི་མིང་ཡང་ ཁ་བ་རི་བྲག་གི་ཡུལ་དང་ མི་ཚུ་ལུ་ རི་བྲག་པ་ཟེར་སླབ་སྲོལ་དར་ནུག་ཟེར་ཨིན་མས། དེའི་ཤུལ་ལས་ འབྲུག་གི་ས་གནས་ཁག་ཚུ་ནང་མི་རློབས་ཆགས་ནི་འགོ་བཙུགས་ནུག དཔྱེ་ཅིག་བཀོད་པ་ཅིན་ རྒྱལ་རབས་ལྷོའི་ཆོས་བྱུང་དང་འཁྲིལཔ་ད་ རྒྱ་གར་ལས་རྒྱལ་སྲས་དག་པ་ཅིག་ མཐའ་བཤུད་བཏང་ཡོདཔ་དང་ རྒྱལ་སྲས་ཚུ་ཡང་ འབྲུག་ལུ་གནས་བཅའ་སྡོད་ནུག དེ་བསྒང་གི་ རྒྱལ་སྲས་ཚུ་ཡང་ སྤུ་ན་ཁ་ལུ་བྱོན་མི་རྒྱལཔོ་དྲི་མེད་ཀུན་ལྡན་དང་། ཤར་རཱ་ཛ་འོག་ལུ་གནས་བཅར་མི་རྒྱལཔོ་དབུགས་བསྟན། སྤུ་ན་ཁ་ཕོ་ཆུའི་རྐ་མགོ་ལུ་ ས་གནས་ཆོས་འཁོར་སྦིས་ལུ་ཙན་ལྡན་ཤིང་བཙུགས་མི་རྒྱལཔོ།རྒྱ་ཞག་དགོན་པ་ལུ་བཞུགས་མི་རྒྱལཔོ། དེ་ལས་ རྒྱ་གར་གྱི་སིནྡྷུའི་རྒྱལ་པོའི་སྲས་སིནྡྷུ་ར་ཛ་ ཡང་ན་ལྕགས་ཁར་རྒྱལ་པོ་བློན་འབངས་དང་བཅས་ བུམ་ཐང་ཆོས་འཁོར་ལུ་ལྷོད་དེ་གནས་བཅའ་བཞུགས་ནུག

རྒྱལཔོ་སིནྡྷུ་ར་ཛ་གིས་དུས་རབས་༨ པའི་ནང་གུ་རུ་རིན་པོ་ཆེ་ འགོ་དང་པ་བུམ་ཐང་ལུ་གདན་འདྲེན་ཞུ་བའི་ཤུལ་ལུ་ འབྲུག་ལུ་ཚར་གསུམ་བྱོན་ཡོདཔ་མ་ཚད་ ས་གནས་མང་རབས་ཅིག་ནང་ར་བྱོན་གནང་ནུག དེ་བསྒང་ མོན་བུམ་ཐང་དང་ མོན་སྤ་རོ་ཟེར་བའི་མིང་དང་ ས་གནས་ཡོངས་ལུ་ མོན་ཡུལ་དང་ ཡི་གུ་ལུ་ཡང་མོན་ཡིག་ཟེར་བའི་ཐ་སྙད་དར་ནུགགུ་རུ་བྱོན་པའི་སྐབས་ལུ་ ཆོས་གསུངས་མི་ཚུ་ ལྡན་མ་རྩེ་མང་གིས་མགྱོགས་ཡིག་ནང་ཕབ་སྦེ་དར་ཁྱབ་འགྱོཝ་ལས་བརྟེན་ཏེ་ བོད་མི་ཚུ་གིས་ཡི་གུ་འདི་ ས་གནས་ལྷོ་ཁ་ཐུག་ལུ་ལག་ལེན་འཐབ་དོ་ཡོདཔ་ལས་ ལྷོ་ཡིག་ཟེར་ཡང་སླབ་སྲོལ་དར་ནུག མོན་ཡིག་དང་ ལྷོ་ཡིག་ཟེར་བའི་ཐ་སྙད་འདི་དུས་རབས་༡༩ པ་ཚུན་ཚོད་ལག་ལེན་འཐབ་ཡོད་རུང་ ཡི་གུ་འདི་འབྲིཝ་ད་མགྱོགས་པར་སྦེ་འབྲི་དོ་ཡོདཔ་ལས་ དེའི་ཤུལ་ལས་ ཐ་སྙད་འདི་ཡང་ མགྱོགས་ཡིག་ཟེར་དར་ཏེ་ ད་རེས་ནངས་པའི་བར་ན་ཡང་ མོན་ཡིག་དང་ ལྷོ་ཡིག་ཟེར་མེན་པར་ མགྱོགས་ཡིག་ཟེར་སླབ་དོ་ཡོདཔ་ཨིན། ཨིན་རུང་མི་ལ་ལུ་ཅིག་གིས་ དེ་ལུ་འབྲུག་ཡིག་ཟེར་ཡང་སླབ་སྲོལ་འདུག

མགྱོགས་ཡིག་གི་ཡིག་གཟུགས།[ཞུན་དག།]

འབྲུག་ལུ་ལག་ལེན་འཐབ་ཡོད་པའི་ དབུ་ཅན་དང་མགྱོགས་ཡིག་འདི་བོད་ཡིག་དང་འདྲཝ་ལས་ ཡིག་གཟུགས་ཀྱི་བྱུང་རབས་འདི་ཡང་ བོད་ཀྱི་ཡི་གུའི་བྱུང་རབས་ལུ་རག་ལསཔ་ཨིན་པས། བོད་ཀྱི་ཡི་གུ་ཚུ་གི་བྱུང་རབས་ཡང་ རྒྱའི་ཡི་གུ་ལུ་ ཁུངས་གཏུགསཔ་ཨིན་པས(འོག་གི་པར་ ༡ པ་ནང་གཟིགས)། བོད་ཡིག་འདི་ཡོངས་གྲགས་ལུ་ རྒྱ་གར་གི་གུཔ་ཏའི་ཡི་གུ་ལས་རྟ་དྲངས་སྲོལ་ཡོད་མི་འདི་བདེན་པས་ཟེར་མནོཝ་མས། དེ་ཡང་ལོ་རྒྱུས་དང་འཁྲིལཔ་ད་ བོད་ཀྱི་བོན་ཆོསཔ་ཚུ་གིས་བོད་ལུ་ གུ་རུ་རིན་པོ་ཆེ་མ་བྱོན་པའི་ཧེ་མ་ལས་ཡི་གུ་ཚུ་དར་ཏེ་ཡོདཔ་སྦེ་ཤེས་སྲོལ་ཡོདཔ་དང་བོད་ཀྱི་རྒྱལ་པོ་སོ་གསུམ་པ་ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ལུ་ བློན་པོ་ཐོན་མི་སམ་བྷོ་ཊ་ཡང་ཡི་གུ་ལྷབ་པ་རྒྱ་གར་ལུ་བཏང་ནུགབོད་དང་འབྲུག་གི་ཡིག་གཟུགས་འདི་ རྒྱ་གར་གྱི་ཡིག་རིགས་ལེ་ཤ་ཡོད་པའི་ནང་ལས་ཡང་ གུཔ་ཏའི་ཡི་གུ་དང་འདྲ་སུ་སྦེ་མཐོངམ་ཨིན་པས(འོག་གི་པར་༢ པ་ནང་གཟིགས་)།

བོད་དང་འབྲུག་པའི་ཡི་གུ་འབྲི་ཐངས་ཀྱི་བར་ན་ཡང་ ཁྱད་པར་ཡོདཔ་ཨིན། རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༠ ལས་ཚུར་ གློག་རིག་ཡུ་ནི་ཀོཌ་གི་ལམ་ལུགས་ནང་ རྫོང་ཁའི་དབུ་ཅན་ཡི་གུ་བཟོ་བའི་སྐབས་ བོད་ཡིག་དང་ཕྱདཔ་ད་ ཁྱད་པར་༤༢ ཡོདཔ་སྦེ་སླབ་ནུག ཁྱད་པར་ཡོད་པའི་ཐོ་འདི་ བྱང་སྟོར་ཤོར་ཡོདཔ་ལས་ ད་ལྟོ་ལོག་སྟེ་བསྡུ་སྒྲིག་འབད་བའི་བསྒང་ཡོད།

མགྱོགས་ཡིག་གི་སྲིད་བྱུས།[ཞུན་དག།]

འབྲུག་ལུ་ཐད་ཀར་དུ་ མགྱོགས་ཡིག་གི་སྲིད་བྱུས་ཅིག་ ད་ཚུན་གྱི་བར་ན་མིན་འདུག མགྱོགས་ཡིག་འདི་ དུས་རབས་༨ པ་ལས་ལག་ལེན་འཐབ་ནི་འགོ་བཙུགས་ཏེ་ ད་ཚུན་གྱི་བར་ན་ཡང་ཡོངས་གྲགས་སྦེ་ལག་ལེན་འཐབ་སྟེ་འདུག དེ་ཡང་གཙོ་བོ་ར་ ཡི་གུ་ཚུ་ ལག་པ་གིས་འབྲི་དགོཔ་ད་ མགྱོགས་པར་སྦེ་འབྲི་ཚུགས་པའི་སྟབས་བདེ་ཧིང་ལུ་བརྟེན་ཏེ་ཨིན་པས། རྒྱལ་ཁབ་ནང་འཁོད་ཀྱི་ གཏེར་དང་ འཛིན་སྐྱོང་ དེ་ལས་ཡིག་འགྲུལ་གྱི་རིགས་ཚུ་མང་ཤོས་ར་ མགྱོགས་ཡིག་ནང་ལག་ལེན་འཐབ་ཡོདཔ་དང་ ཡི་གུ་ཚུ་གི་དཔེ་ཡང་ སྒེར་མི་དང་ རྒྱལ་ཡོངས་འགྲེམས་སྟོན་ཁང་ དཔེ་མཛོད་ཚུ་ནང་བསྡུ་ལེན་འབད་དེ་ཡོད་མི་ཚུ་ག་ར་གིས་མཐོང་ས་ལུ་འདུགམགྱོགས་ཡིག་འདི་ རྒྱལ་ཁབ་གཞན་ཁར་མེདཔ་མ་ཚད་ འབྲུག་ལས་ལག་ལེན་འཐབ་ནིའི་སྲོལ་དརཝ་ལས་ འབྲུག་པའི་ཡི་གུ་ངོ་མ་སྦེ་ཆ་བཞག་དོ་ཡོདཔ་ཨིན།

འབྲུག་རྒྱལ་ཁབ་ནང་ལུ་ ཡི་གུའི་སྲིད་བྱུས་ ཐད་ཀར་དུ་མེད་དེ་འབད་རུང་ ཡི་གུ་འདི་སྐད་ཡིག་གི་ ཟུང་འབྲེལ་ཆ་ཤས་ཅིག་ཨིནམ་ལས་ སྐད་ཡིག་གི་སྲིད་བྱུས་དང་འབྲེལ་བ་འདུག འབྲུག་གི་རྒྱལ་ཡོངས་སྐད་ཡིག་འདི་ རྫོང་ཁ་ཨིནམ་ལས་ རྫོང་ཁའི་སྲིད་བྱུས་ལུ་རག་ལསཔ་ཨིན་པས། རྫོང་ཁ་འདི་ ཧེ་མ་ལས་འཛིན་སྐྱོང་གི་ཁ་སྐད་སྦེ་དར་ཁྱབ་སོང་ཡོདཔ་དང་ འཛིན་སྐྱོང་གི་ལྟེ་བ་ རྫོང་གཞི་ཁག་ཚུ་ནང་ ཡོངས་གྲགས་སྦེ་ལག་ལེན་འཐབ་སྡོད་ནུག དེ་གིས་སྦེ་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་འབྲུག་འདི་འཛམ་གླིང་སྤྱི་ཚོགས་ནང་ སྤྱི་ལོ་༡༩༧༡ ལུ་རྒྱལ་ཁབ་རང་དབང་རང་བཙན་ཅིག་སྦེ་ འཛུལ་བཞུགས་འབད་བའི་བསྒང་ རྒྱལ་ཡོངས་སྐད་ཡིག་འདི་རྫོང་ཁ་སྦེ་བཙུགས་གནང་ནུག དེ་གི་ཤུལ་ལས་སྤྱི་ལོ་༢༠༠༨ ལུ་ཆ་འཇོག་གནང་བའི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ཡང་ རྫོང་ཁ་འདི་རྒྱལ་ཡོངས་སྐད་ཡིག་སྦེ་ཚུད་དེ་ཡོདཔ་ཨིན། འབྲུག་གི་སྤྱི་ནོར་དམ་པ་ མི་དབང་འབྲུག་རྒྱལ་གསུམ་པ་དང་བཞི་པའི་སྐབས་ལས་ཡང་ རྫོང་ཁ་འདི་ལྷབ་དགོཔ་དང་བདག་འཛིན་འབད་དེ་ རང་གི་ཆོས་དང་། རིག་གཞུང་། ལམ་ལུགས་སྲོལ། སྒྲིགས་ལམ་རྣམ་གཞག་ཚུ་ངེས་པར་ཤེས་དགོ་པའི་བཀའ་ཤོག་ཚུ་ཡང་ ཡང་ལས་ཡང་དུ་གནང་ནུགསྤྱི་ལོ་༡༩༥༣ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་གིས་གཞི་བཙུགས་གནང་བའི་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ཡང་ རྫོང་ཁ་བདག་འཛིན་འབད་དེ་ དར་ཁྱབ་གཏང་དགོ་པའི་གྲོས་ཆོད་ལེ་ཤ་ཅིག་ར་ཆ་འཇོག་གྲུབ་གནང་ནུག

རྫོང་ཁ་གོང་འཕེལ་ལྷན་ཚོགས་ནང་ལུ་ཡང་ མགྱོགས་ཡིག་འདི་ འབྲུག་པའི་ཡི་གུ་ངོ་མ་སྦེ་བརྩི་དོ་ཡོདཔ་དང་ ག་དེ་དྲག་དྲག་གོང་འཕེལ་དང་དར་ཁྱབ་གཏང་པའི་བསྒང་ཡོད། སྤྱི་ལོ་༢༠༠༠ ལས་ཚུར་ལས་འགུལ་གཅིག་གི་ཐོག་ལས་ གློག་རིག་ནང་ མགྱོགས་ཡིག་གི་ཡིག་གཟུགས་ དབང་འདུས་༢༩ (Wangdi29) ཟེར་མི་ཅིག་ཡང་བཟོ་སྟེ་བཀྲམ་ཡོདཔ་དང་ ད་ལྟོ་ འབྲུག་ནང་འཁོད་ལུ་ཡོངས་གྲགས་སྦེ་ལག་ལེན་འཐབ་སྟེ་ཡོད།མ་འོངས་པའི་ནང་ཡང་ མགྱོགས་ཡིག་གི་ ཡིག་གཟུགས་ལེ་ཤ་བཟོ་སྟེ་གློག་རིག་ནང་བཙུགས་ནིའི་འཆར་གཞི་ཡོད། སློབ་གྲྭ་ཁག་ལས་ཕར་ཡང་ མགྱོགས་ཡིག་འདི་གཙོ་བོར་བཏོན་དགོཔ་སྦེ་སླབ་ཡོད། རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ལོ་བསྟར་བཞིན་དུ་ དཔེ་དེབ་འགྲན་བསྡུར་འབད་བའི་སྐབས་ལུ་ཡང་ དཔེ་དེབ་མགྱོགས་ཡིག་ནང་བྲིས་མི་ཚུ་ལུ་སྐུགས་འཐེབ་བྱིན་ཏེ་མགྱོགས་ཡིག་ལག་ལེན་འཐབ་ནིའི་ནང་ སེམས་ཤུགས་བསྐྱེད་བཅུག་དོ་ཡོདཔ་ཨིན།

མཇུག་དོན།[ཞུན་དག།]

མགྱོགས་ཡིག་འདི་འབྲུག་པའི་ཡི་གུ་ངོ་མ་ཅིག་འབདཝ་ལས་ འདི་གི་སྐོར་ཞིབ་འཚོལ་ལོགས་སུ་ཅིག་ མཐིལ་ཕྱིནམ་སྦེ་ར་འབད་དགོཔ་འདུག་ཟེར་ཞུ་ནི་ཨིན། དེ་དང་གཅིག་ཁར་ མཁས་པ་ཚུ་ལུ་དེ་གི་སྐོར་ལས་ བྲིས་རྩོམ་རེ་འབྲི་བཅུག་སྟེ་ གོ་བསྡུར་ཞལ་འཛོམས་ནང་བཙུགས་ཏེ་ གྲོས་བསྡུར་གནང་པ་ཅིན་ མགྱོགས་ཡིག་གི་བྱུང་རབས་ཡང་གསལ་ཏོག་ཏོ་འགྱོ་ནི་ཨིན་མས། ད་ལྟོ་ཚུན་ཚོད་ཀྱི་བར་ན་ མགྱོགས་ཡིག་གི་སྐོར་ལས་བྲིས་ཡོད་པའི་བྲིས་རྩོམ་ཚུ་གི་བར་ན་ ཁྱད་པར་ཡང་ལེ་ཤ་འཐོན་ས་མཇལཝ་ཨིན་མས། མཁས་པ་སོ་སོ་ཚུ་གིས་ལོ་རྒྱུས་སོ་སོ་བཤད་དོ་ཡོདཔ་མ་ཚད་ ཁོང་ཚུ་གིས་ཁུངས་གཏུགས་འབད་བའི་ དུས་རབས་༨ པ་ལས་ཚུར་གྱི་མགྱོགས་ཡིག་གི་མ་དཔེ་ཚུ་ཡང་དངོས་སུ་ཞིབ་དཔྱད་འབད་དེ་བལྟ་དགོཔ་འདུག

མགྱོགས་ཡིག་འདི་འབྲུག་གི་ཡི་གུ་ངོ་མ་འབདཝ་ལས་ དེང་སང་གི་གློག་རིག་དང་འགྲུལ་འཕྲིན་ཚུ་ནང་ ལག་ལེན་གྱི་དོན་ལུ་ ཡིག་གཟུགས་གང་མང་བཟོ་སྟེ་བཙུགས་དགོཔ་འདུག དེ་བཞིན་དུ་ གཞུང་གི་ཡིག་ཚང་གི་ཡིག་འགྲུལ་ཚུ་ནང་དང་། སློབ་གྲྭ་ཁག བརྡ་བརྒྱུད་ཚུ་ནང་ཡང་ བརྒྱུད་སྐུལ་གྱི་ཐོག་ལས་ལག་ལེན་འཐབ་བཅུག་དགོཔ་འདུག མགྱོགས་ཡིག་གི་ལག་ལེན་ཤུགས་བཏོན་ཚུགས་པ་ཅིན་ རྒྱལ་ཡོངས་ཀྱི་ངོ་རྟགས་ཅིག་བདག་འཛིན་འབད་ཚུགསཔ་མ་ཚད་ མ་འོངས་པའི་དོན་ལུ་ མ་ཉམས་པར་བཞག་ཚུགས་པའི་ཁེ་ཕན་སྦོམ་འོང་ནི་ཨིན་མས།


ཞིབ་འཚོལ་དང་རྩོམ་སྒྲིག།

རྣམ་རྒྱལ་འཕྲིན་ལས་དང་རྟ་མགྲིན་རྡོ་རྗེ། ༢༠༡༦ འབྲུག་གི་མགྱོགས་ཡིག། རྫོང་ཁ་གོང་འཕེལ་ལྷན་ཚོགས། ཐིམ་ཕུག།

"https://dz.wikipedia.org/w/index.php?title=མགྱོགས་ཡིག&oldid=30915" ལས་ སླར་འདྲེན་འབད་ཡོདཔ།