མང་སྡེ་ཆུ། - Rivers of Bhutan

Wikipedia ལས།

མང་སྡེ་ཆུ།

མང་སྡེ་ཆུ་འདི་ཀྲོང་གསར་རྫོང་ལས་ནུབ་ཕྱོགས་ཁ་ཐུག་ལུ་འགྱོཝ་ད་ མཐོ་ཚད་མི་ཊར་ ༧༥༤༦ སྦེ་མི་གངས་རི་གངས་དཀར་སྤུན་གསུམ་ལས་བབས་ཏེ་འོངམ་ཨིན། ཡར་ལས་མར་བབསཏེ་དང་པ་ར་ནུབ་སྦིས་རྒེད་འོག་གི་གཡུས་ མང་སྡེ་ཕུག་ལས་འགོ་བཙུགས་ཏེ་ མཇུག་སྐོར་ཕུག་རྒེད་འོག་ལས་སྦེ་མར་ཐོན་ཏེ་འགྱོཝ་ཨིན་པས། མང་སྡེ་ཆུ་འདི་ རི་ནག་པོདང་མ་ནཱསི་གླིང་ཀ་གཉིས་ཀྱི་ཤར་ཕྱོགས་ཁ་ཐུག་གི་ས་མཚམས་ཨིན་པས། དེ་ལས་ གཙང་ཆུ་ཆུ་འདི་ གཞལམ་སྒང་རྫོང་ཁག་ནང་ལྷོད་ཞིནམ་ལས་ ལྕམ་ཁར་ཆུ་དང་བསྟོམས་ཏེ་ མ་ནཱསི་གླིང་ཀ་ལས་ཐོན་ཏེ་ རྒྱ་གར་གྱི་ས་མཚམས་ནང་ལས་བབས་ཏེ་འགྱོཝ་ཨིན།

གཙང་ཆུ་འདི་གི་མིང་མང་སྡེ་ཆུ་ཟེར་སླབ་དགོ་པའི་རྒྱུ་མཚན་འདི་ ཧེ་མ་ཀྲོང་གསར་རྫོང་ཁག་ནང་རྒེད་འོག་ནུབ་སྦིས། སྟང་སིབ་སྦྱིས། བྲག་སྟེང་དང གླང་མཐིལ།བཅས་རྒེད་འོག་བཞི་ལས་བརྒལ་མེདཔ་ལས་ དེ་ལུ་མང་སྡེ་འཚོ་བཞི་ཟེར་སླབ་མི་འདི་ལས་ རྟ་དྲངས་ཏེ་ཐོབ་ཡོདཔ་སྦེ་ཨིན་པས། ཨིན་རུང་ ད་རེས་ནངས་པ་སྐོར་ཕུག་རྒེད་འོག་རྩིཝ་ད་ རྒེད་འོག་ལྔ་ཡོདཔ་དང་ མང་སྡེ་ཆུ་འདི་རི་ནག་པོ་དང་མ་ནཱསི་གླིང་ཀ་གཉིས་ཀྱི་ཤར་ཕྱོགས་ཁ་ཐུག་ལས་མར་འབབ་ཨིན་པས།

གཙང་ཆུ་འདི་དང་འབྲེལ་བའི་གཏམ་རྒྱུད་ཡང་ དང་ཕུ་མང་སྡེ་ཆུ་དང་སྐུ་རི་ཆུ་ དེ་ལས་ལྕམ་ཁར་ཆུ་གསུམ་ བང་རྒྱུགས་རྐྱབ་ཞིནམ་ལས་ ཨང་དང་པ་འཐོན་མི་གི་ས་གོ་ནང་ བྱཱ་འཚོ་བཏུབ་བཟོ་ནི་ཟེར་ཁ་ཚིག་བཞག་ནུག། ཉིནམ་ནངས་པ་ཟེརཝ་ད་ དྲོ་པ་གནམ་མ་ལངམ་ཅིག་ ལྕམ་ཁར་ཆུ་དང་སྐུ་རི་ཆུ་གཉིས་ཁུ་སིམ་སི་སྦེལོངས་འགྱོ་ཡོདཔ་སྦེ་ཨིན་པས། མང་སྡེ་ཆུ་གཉིད་འཚོརཝ་ད་ ཆ་རོགས་གཉིས་འགྱོཝ་ཨིནམ་ཤེས་ཏེ་ ཤུགས་སྦེ་འོངམ་ལས་བརྟེན་ཏེ་ ད་རེས་ནངས་པ་མང་སྡེ་ཆུ་འདི་ འུར་སྒྲ་དང་བཅས་འབབ་མི་འདི་རྒྱུ་མཚན་འདི་ལུ་བརྟེན་ཏེ་ཨིནམ་དང་། དེ་འབདཝ་ལས་བརྟེན་ཏེ་ ཀྲོང་གསར་རྫོང་ཁག་གི་གཡུས་ ཕངས་གཡུས་དང་སྤྱན་ལྡན་སྦྱིས་ལུ་མ་གཏོགས་ གཞན་མི་གཡུས་སྒོ་ག་རའི་ནང་བྱཱ་འཚོ་བཏུབ་ཟེར་ཨིན་པས།

མང་སྡེ་ཆུ་གི་རྐ་མཐའམ་བདའ་སྟེ་ ཚ་ཆུ་དང་སྨན་ཆུ་ཡང་ལེ་ཤ་ར་ཡོདཔ་ཨིན་པས། དེ་ཚུ་གི་གྲས་ལས་ ཅིག་འདི་ཚ་ཆུ་ཨིན་པས། ཚ་ཆུ་འདི་ དྲོད་ཚད་ ༣༨ ལས་ ༥༢ ཀྱི་བར་ན་ཡོདདང་ ཚ་ཆུ་ལུ་འགྱོ་སའི་ལམ་ཡང་བུམ་ཐང་དུར་གཡུས་ཁ་ལས་འགྱོ་དགོཔ་ཨིན་པས། ད་རུང་ མང་སྡེ་ཕུག་གཡུས་ཚན་གྱི་མཇུག་ལུ་ཡང་སྨན་ཆུ་གཅིག་ཡོད་རུང་ ཉེ་འདབས་ལུ་ཡོད་པའི་གཡུས་ ལྗོངས་ཐང་ དགའ་སྒར་དང་དཀར་གཞོང་གི་མི་ཚུ་གིས་སྦང་པར་་འགྱོཝ་མ་གཏོགས་ གཞན་མི་ཚུ་ལུ་དེ་ཅིགཡོངས་གྲགས་མིན་འདུག། གཞལམ་སྒང་རྫོང་ཁག་གི་ནང་སྐོར་རྒེད་འོག་ནང་ལུ་ཡོད་པའི་ འདུན་མང་གཡུས་ཀྱི་བྱག་གཟར་དྲགས་ཅིག་གི་མཇུག་ལུ་ ཚ་ཆུ་ཡོད་མི་འདི་ཡང་ མང་སྡེ་ཆུ་གི་མཐའམ་བདའ་སྟེ་ཨིན་པས། སྤྱི་ལོ་ ༢༠༠༨ ལུ་ དངུལ་ཀྲམ་ཐེར་འབུམ་ ༢༨.༩ སྦེ་ གློག་མེ་ཝཊ་ ༧༢༠ འབད་མི་་གློག་མི་ལས་འགུལ་ཅིག་འགོ་བཙུག་ནི་གི་འཆར་གཞི་བརྩམས་ཡོད་རུང་ ལཱ་དངོས་གཞི་འདི་ སྤྱི་ལོ་ ༢༠༡༢ ཀྱི་སྤྱི་ཟླ་དྲུག་པའི་ནང་ལས་རྐྱངམ་གཅིག་འགོ་བཙུགས་ཚུགས་ཡོདཔ་ཨིན། ལས་འགུལ་འདི་ རྒྱལ་ཁབ་ནང་གློག་མེ་གི་ལས་འགུལ་སྦོམ་ཤོས་ཅིག་གི་གྲངས་སུ་ཚུད་དེ་ཡོདཔ་དང་ ལས་འགུལ་འདི་གི་དོན་ལུ་ མི་ཊར་ ༡༠༡.༥ འབད་མི་ཆུའི་བཀག་ར་གཅིག་དང་ ས་འོག་ལམ་རིང་ཚད་ཀི་ལོ་མི་ཊར་ ༡༣.༥༤ སྦེ་མི་གཉིས་བཏོན་ཏེ་ཡོདཔ་ཨིན།

མང་སྡེ་ཆུ་ནང་ལུ་ པཱན་གྲུ་གཏང་སའི་ས་གོཡང་གསུམ་འདུག། དེ་ཡང་ དང་པ་རིང་ཚད་ཀི་ལོ་མི་ཊར་ ༥ འབད་མི་ དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་ལུ་བཏང་བཏུབ་མི་ གཡུང་དྲུང་ཆོས་གླིང་ལས་གླང་མཐིལ་ཚུན་འབད་མི་གཅིག་ཡོདཔ་ཨིན། དེ་ཁར་འགྱོ་ནི་དུས་ཚོད་འདི་དགའ་ཤོས་ར་ སྤྱི་ཟླ་༤པ་ ༡༡ པ་དང་༡༢ པ་ནང་ལུ་ཨིན་པས། གཉིས་པ་འདི་གླང་མཐིལ་ལས་རེ་འཕེལ་ཚུན་ཀི་ལོ་མི་ཊར་བདུན་འབད་མི་འདི་ཆུ་ཚོད་གསུམ་གྱི་རིང་གཏང་བཏུབ་ཨིན་པས། དེ་ཁར་འགྱོ་དགོ་པ་ཅིན་ སྤྱི་ཟླ་ ༣ པ་ ༤ པ་ ༡༡ པ་དང་ ༡༢ པའི་ནང་ལུ་འགྱོ་བ་ཅིན་ལེགས་ཤོམ་ཡོདཔ་ཨིན་པས།དེ་ཁར་ཆུ་འདི་གཏིང་ཟབ་དྲགས་ཡོདཔ་ལས་ ཧེ་མ་ལས་ཀྱི་སྦྱང་བ་མེད་པ་ཅིད་ གཏང་ཚུགས་པར་ལཱ་ཁག་ཡོདཔ་ཨིན་པས།གསུམ་པ་འདི་ རེ་འཕེལ་ལས་སྟིང་སྟི་སྦིས་ཚུན་ ཀི་ལོ་མི་ཊར་ ༥༠ འབད་མི་དེ་ཨིན་པས། དེ་ཁར་འགྱོ་རུང་དགའ་ཤོས་འདི་ སྤྱི་ཟླ་ ༣ པ་ ༤ པ་ ༡༡ པ་དང་ ༡༢ པའི་ནང་ལུ་ཨིན་པས།

རྒྱབ་རྟེན་དཔེ་ཐོ།

Dur Hot Springs Trek. (n.d.). Retrieved from Adventure Trekking Club: https://trekkingbhutan.com

Mangdechhu Hydroelectric Project, Bhutan. (2020, March 6). Retrieved from Project: https://www.power-technology.com

Thinley, S. (2019, October 24). Duenmang tshachu / Duenmang Hotspring. Retrieved from Beta: https://bhutanculturalatlas.clcs.edu.bt

Tobden, T. (2015, December 30). Kayaking & Rafting in Bhuatn . Retrieved from Linkedin: https://www.linkedin.com

"https://dz.wikipedia.org/w/index.php?title=མང་སྡེ་ཆུ།_-_Rivers_of_Bhutan&oldid=29611" ལས་ སླར་འདྲེན་འབད་ཡོདཔ།