མཆོད་རྟེན་སྙིང་པོ

མཆོད་རྟེན་སྙིང་པོ་དེ་སྤུ་ན་ཁ་རྫོང་ཁག་དཀར་སྦྱི་རྒེ་འོག་ལུ་ཡོད་པའི་ལྷ་ཁང་རྙིང་ཤོ་དང་རྩ་ཅན་ཅིག་ཨིན། དེ་ཡང་བྱི་ལི་སྒང་ཀྱི་ཚུར་ཁ་གདོང་ཕྱོགས་ལུ་རི་གུ་ས་ཆ་ཉམས་དགའ་ཏོག་ཏོ་མཐོ་ཚད་མི་ཊར་༡༧༥༠་དེམ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། དེ་གི་ཐ་སྙད་དེ་མ་གཞི་མཆོད་རྟེན་སྙིང་པོ་ཟེར་སླབ་སྲོལ་ཡོདཔ་ཨིན་རུང་ ལྷ་ཁང་ཐོག་ཚད་བཞི་སྦེ་མི་ཅིག་ཨིན། དེ་ཡང་ཧེ་མ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གི་བཞེངས་གནང་གནངམ་ཨིན་ཟེར་ཨིན་མས།[༡]
བླ་མ་འབྲུག་པ་ཀུན་ལེགས་ཀྱི་འདྲེ་སྲིན་དམ་ལུ་བཏགས་ཚུལ།
[ཞུན་དག]ཧེ་མ་ཚར་གཅིག་ བླམ་འབྲུག་པ་ཀུན་ལེགས་ཀྱི་ཕོ་རྒནམ་བླམ་ངག་དབང་ཆོས་རྒྱལ་འདི་ ད་ལྟོ་མཆོད་རྟེན་སྙིང་པོ་གི་གདོང་ཕྱོགས་ས་གནས་བྱི་ལི་སྒང་ཟེར་ས་ལུ་མི་མང་ལུ་དབང་ལུང་ཅིག་གནང་བཞུགས་སར་ བླམ་འབྲུག་པ་ཀུན་ལེགས་ཡང་ལྷོད་དེ་མི་ཚུ་གིས་སྦུག་ལུ་བཞུགས་ནུག དེ་ལས་བླ་ངག་དབང་ཆོས་རྒྱལ་ཀྱི་དབང་ཆོས་དང་འབྲེལ་ཁྲུས་ཆུ་གནང་ནི་ཨིན་ཟེར་གསུངསམ་ད་ བླམ་འབྲུག་པ་ཀུན་ལེགས་ཀྱི་ ཁོང་ཆ་ཁྱབ་ལུ་ཁྲུས་ཆུ་ང་གི་བྱིན་གེ་ཟེར་ཞལ་གིས་བཞེས་དེ་ དེ་ཁར་ཡོད་མི་སེར་ཚུ་ལུ་ཁྱེད་ར་ག་ར་མིག་ཏོ་བཙུམ་ཞིནམ་ལས་ལགཔ་བརྐྱང་ཞིག་ ང་གི་ཁྲུས་ཆུ་བྱིན་གེ་ཟེར་ སྐུ་དོརམ་མར་ཕུད་ཞིནམ་ལས་མི་ལགཔ་བརྐྱང་ཡོད་མི་ཚུ་ཡོད་རེ་ཡོད་ཚེ་ཅིགཔོ་གིས་ལག་པར་ཆུ་ཐིག་པ་རེ་ཐིག་པ་རེ་བཏང་ཡི་རང་བྱོན་ནུག མི་ལ་ལུ་ཅིག་གི་འདི་དད་མོས་སྦོམ་བསྐྱེད་དེ་འཐུང་ད་རུང་ ལ་ལུ་ཅིག་རྩིགཔ་ཟ་ཏེ་ཁ་ལས་ལད་བཀོ་ད་ནུག དེ་འབདཝ་ད་དད་པ་བསྐྱེད་འཐུང་མི་ལས་ཁ་ལས་ལད་བཀོ་མི་མང་སུ་འཐོན་སོངཔ་ལས་ས་གནས་དེ་ཁར་ཆུ་དཀོན་དྲག་ཡོད་མི་དེ་འདི་གི་སྦེ་ཨིན་ཟེར་ཨིན་མས། དེ་ཚེ་ཕྱི་རུ་ཐང་གི་སྦུག་ལུ་རང་མེ་སྒོརམ་ལྡིངས་དེ་ཡོདཔ་པའི་མཐའ་མར་ བླ་མ་འབྲུག་པ་ཀུན་ལེགས་གིས་ཁོ་རའི་གདུང་རྒྱུད་དེ་ཤུལ་མ་ལས་ག་ཏེ་ལས་ཕར་འོང་ག་སྨོ་ཟེར་ཐུགས་བཏབ་ཅིག་གཟིགས་བཞུགསཔ་ད་ ཕར་ལོག་མའི་རི་གི་པོག་ཏོ་ད་སྟོ་མཆོད་རྟེན་སྙིངམ་ཡོད་སར་ལུ་ འདྲེ་སྲིན་ལེ་ཤ་ཅིག་འར་འུར་སྦེ་སྤུངས་ཏེ་སྡོད་ས་གཟིགས་དེ་ མེ་ནང་ལས་ཤིང་དུམ་མེ་འབར་འབརཝ་ས་རང་ཡོད་མི་གཅིག་འབལཝ་ཅིན་ཕར་ཁ་ལུ་གཡུག་བཀོག་ད་ནུག མེ་དུམ་དེ་བདུད་དེ་ཚུ་གུ་ཕོག་སྟེ་ ཁོང་ག་ར་དེ་འཕྲོས་ལས་འཚིག་སོང་ནུག ཁོང་འཚིག་པའི་ན་ཟུག་གི་སྒྲ་སྐད་འདི་ལུངམ་གང་རྐྱབ་ཅི་ཟེར་ཨིན་མས། བླ་མ་གྱིས་ཤུལ་ལས་ དེ་ཁར་ལུ་བདུད་ཚུ་གི་ཁ་གནོན་ལུ་སྦེ་མཆོད་རྟེན་ཅིག་ཡང་བཞེངས་ཡི་ཟེར་ཨིནམ་མ་ཚད་ བླ་མ་གྱིས་གཡུག་བཀོག་བཏང་མི་ཤིང་དེ་ཡང་སྐྱེ་དེ་ མཆོད་རྟེན་དང་ཤིང་གཉིས་ཆ་རང་ད་ལྟོའི་བར་ན་ཡང་མཐོང་ས་ཡོདཔ་མས།[༡]
ལྷ་ཁང་གི་གཞེངས་ཚུལ་དང་ཉམས་གསོ།
[ཞུན་དག]དེ་གི་ཤུལ་ལས་དུས་རབས་༡༧་པ་ན་ལུ་རྒྱས་སྲས་བསྟན་འཛིན་རབས་རྒྱས་ཀྱིས་ས་ཁོངས་དེ་ན་ལུ་གནམ་དགུན་བཞུགས་སའི་གདེན་ས་ལྷ་ཁང་ཐོག་ཚད་གསུམ་སྦེ་མི་ཅིག་་བཞེངས་གནངམ་མ་ཚེད་མིང་ཡང་མཆོད་རྟེན་སྙིང་པོ་ཟེར་བཏགས་ནུག ཞིབ་འཚོལ་རྩོམ་ཡིག་ལ་ལུ་ཅིག་ནང་སྦེ་བ་ཅིན་མཆོད་རྟེན་རྙིང་པོ་འདི་རྒྱས་སྲས་བསྟན་འཛིན་རབས་རྒྱས་སྐུ་འཕྲེང་གཉིས་པ་འབྲུག་སྡེ་སྲིད་ཁྲི་ཐོག་༡༨་པ་འཇིགས་མེད་སེང་གེ་གི་བཞེངས་གནང་གནངམ་ཨིན་ཟེར་བཀོད་འདི་ཡང་འདུག། སྐུ་འཕྲེང་ནམ་གྱི་བཞེངས་བཞེངམ་ཨིན་རུང་ མ་པ་རྒྱས་སྲས་རིན་པོ་ཆེ་ཁོ་རང་གྱི་རང་བཞེངས་བཞེངམ་ཨིན་མས།[༢] སྤྱི་ལོ་༢༠༡༢་ལུ་ལྷ་ཁག་འདི་ཕྱི་ནང་མེདཔ་ཉམས་གསོ་ཞུ་ནུག ནང་ན་གི་སྡེབ་རི་ཚུ་ཡང་སྔར་ག་ཨིནམ་ལོག་ཚོན་གསརཔ་མ་བཏང་མ་དེ་རང་ཉམས་གསོ་ཞུ་ཏེ་འདུག།
ལྷ་ཁང་དེ་ན་གི་ནང་རྟེན་སྐུ་རྟེ་ནི་བླ་མ་ཆོས་རྗེས་འབྲུག་པ་ཀུན་ལེགས་ཀྱི་སྐུ་འདྲ་དང་བྱོ་བོ་བྱམས་པ་གི་སྐུ་འདྲ་ཚུ་ཨིན་མས། དེ་ཁར་གི་གནས་བདག་དེ་རྡོ་རྗེ་ལྦ་འོ་ཨིན་མ་ལས་ རྡོ་རྗེ་ལྦ་འོ་དང་ཁོ་གི་ཡབ་ཨཔ་བེ་ཡོཔ་གཉིས་ཆ་རང་གི་སྐུ་འདྲ་མགོན་ཁང་ནང་ལུ་ཡོདཔ་ཨིན། གནས་བདག་རྡོ་རྗེ་ལྦ་འོ་གི་གསང་ཡུམ་འདི་དཀར་སྦྱིད་ཧོ་ཀ་མཚོའི་མཚོ་སྨནམ་དེ་ཨིནམ་སྦེ་ཡིད་ཆེ་བསྐྱེདཔ་ཨིན་མས།[༡] དེ་ལས་ཐུགས་རྟེན་ མཐོ་ཚད་ཕུཊ་༡༤་དེ་ཅིག་ཡད་མི་རྒྱས་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐུ་གདུང་བྱང་ཆུབ་མཆོད་རྟེན་དང་ རྒྱས་སྲེས་མཆོག་གི་ཡང་སྲིད་ སྡེ་སྲིད་༡༨་པ་སྡེ་པ་འཇིགས་མེད་སེང་གེ་གི་སྐུ་གདུང་རྣམ་རྒྱལ་མཆོད་རྟེན་གཉིས་དང་དེ་གཤེགས་མཆོད་རྟེན་བརྒྱད་ཨིན་མས། མཆོད་རྟེན་དེ་ཚུ་རྒྱུ་ཤིང་གི་བཟོ་བཟོཝ་ཨིནམ་མ་ཚད་ལོ་ངོ་མང་རབས་ཅིག་ཡར་སོང་ནི་དེ་གི་ཉམས་ཆ་སོང་ཡོད་པ་ལས། མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་མཆོག་གིས་སྐྱབས་འཛིན་མཛད་དེ་མ་དངུལ་ས་ཡ་༢་ལྷགཔ་ཅིག་རྒྱབ་སྐྱོར་མཛད་ཐོག་མཆོད་རྟེན་ཉམས་གསུ་ཞུ་ཡོད་པའི་རབ་གནས་རྟེན་འབྲལ་གྱི་གྲུབ་ཡང་ སྤྱི་ཟླ་༡༡པའི་སྤྱི་ཚེ་༥་པ་སྤྱི་ལོ་༢༠༢༤་ལུ་དབྱངས་སློབ་དབུ་བཞུགས་ཐོག་མ་བཏུབ་བཏུབ་གྲུབ་གནང་ཡི། དེ་ཁར་མི་དབང་རྒྱལ་ཡུམ་མཆོག་དང་མི་དབང་རྒྱལ་པོའི་སྲསམོ་ཨ་ཞེས་ཨུ་ཕལ་མ་དང་གཞལ་ལྷན་རྒྱས་དཔོན་ཁ་ཚུ་གིས་ཡང་བཅའ་མར་གཏོགས་ཅི།[༣]
ཁུངས་གཏུགས།
[ཞུན་དག]- ↑ ༡.༠ ༡.༡ ༡.༢ Druk AIir Corporation. (2014, 8). Tashi Delek, pp. 35-39.
- ↑ www.orientalarchitecture.com/sid/1631/bhutan/punakha/chorten-nyingpo-lhakhang. Retrieved on 2025-09-15
- ↑ Chorten Nyingpo Goenzin Dratshang. (Nov 5 2024). Retrieved Sept 16, 2025, from Facebook. www.facebook.com/Dratshang
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·