མར་ཤལ་གླིང་ཕྲན་རྒྱལ་ཁབ་
ངོ་སྤྲོད།

༉ མར་ཤལ་ཨའི་ལེནཌས་རྒྱལ་ཁབ་འདི་ པེ་སི་ཕིག་རྒྱ་མཚོ་ཆེན་མོའི་དབུས་ལུ་ཆགས་ཏེ་ཡོད་པའི་ ལམ་སྲོལ་གྱི་བྱུང་རབས་ཕྱུགཔོ་དང་ སྐྱེ་ལྡན་གནས་སྟངས་རིམ་ལུགས་མ་འདྲཝ་ དེ་ལས་ སྲིད་འབྲེལ་གནས་སྟངས་ལུ་གལ་གནད་ཅན་གྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་གི་རྒྱལ་ས་འདི་མེ་ཇུ་རོ་ཟེར་སླབ་ཨིནམ་དང་ རྒྱལ་ཁབ་འདི་མཚོ་གླིང་དང་བྱུ་རུའི་མཚོ་གླིང་ཚུ་གིས་བརྒྱན་ཏེ་ཡོདཔ་ཨིན།
སའི་རྒྱ་ཚད་དང་ས་ཆའི་གནས་སྟངས།
མར་ཤལ་ཨའི་ལེནཌས་འདི་ ཧ་ཝའི་དང་ཨཱོས་ཊ་ལི་ཡ་གི་བར་ནའི་ལམ་ཕྱེད་ལུ་ཆགས་ཡོད་པའི་ མཚོ་གླིང་དང་བྱུ་རུ་མཚོ་གླིང་གི་སྣ་འཛོམས་རྒྱ་ཆེ་དྲགས་ཅིག་ཨིན། རྒྱལ་ཁབ་འདི་ མཚོ་གླིང་ ༥ དང་ བྱུ་རུའི་མཚོ་གླིང་ ༢༩ ལས་འཚོགས་ཏེ་ཡོདཔ་དང་ འདི་ཚུ་ག་ར་བསྡོམས་ད་ ས་ཆའི་རྒྱ་ཁྱོན་ཡོངས་བསྡོམས་ གྲུ་བཞི་ཀི་ལོ་མི་ཊར་མ་ ༡༨༡ ཡོདཔ་ཨིན། མཚོ་གླིང་འདི་ཚུ་ པེ་སི་ཕིག་རྒྱ་མཚོ་ཆེན་མོའི་ས་ཁོངས་ནང་འཁོད་ལས་ཕར་ཁ་གཏོར་ཏེ་ཡོདཔ་དང་ དེ་ཚུ་ག་ར་བསྡོམས་ད་ རྒྱ་ཚད་གྲུ་བཞི་ཀི་ལོ་མི་ཊར་ས་ཡ་ ༡.༩ དེ་ཅིག་ཁྱབ་སྟེ་ཡོདཔ་ཨིན།
མར་ཤལ་ཨའི་ལེནཌས་ཀྱི་ས་ཆའི་གནས་སྟངས་འདི་གཙོ་བོ་ར་ མཐོ་ཚད་དམའ་བའི་བྱུ་རུའི་མཚོ་གླིང་ཚུ་དང་ལྡན་ཡོདཔ་དང་ དེ་ཚུ་ལས་མཐོ་ཤོས་འདི་ མཚོ་ཡི་མཐོ་ཚད་ལས་ ཕིཊ་ ༡༠ དེ་ཅིག་ལས་བརྒལ་མེདཔ་ཨིན། འ་ནཱི་བྱུ་རུའི་མཚོ་གླིང་ཚུ་ མེ་རི་ལས་བྱུང་བའི་གངས་རི་ཆུའི་འོག་ལུ་ཆགས་ཡོད་མི་ཚུ་མཐའ་བསྐོར་ཏེ་ཡོད་པའི་ བྱུ་རུའི་ཕུང་པོ་ཚུ་ལས་གྲུབ་ཡོདཔ་ཨིན། མཚོ་གླིང་འདི་ཚུ་གཞི་རྟེན་ལུ་ ཐང་སྦེ་བྱེ་མའི་མཚོ་མཐའ་དང་མཐའ་རྫིང་དང་བཅསཔ་སྦེ་ཡོདཔ་དང་ དེ་ནང་གཙང་ཆབ་ཆུའི་ཐོན་ཁུངས་ཚད་ཅིག་ལས་བརྒལ་མེདཔ་ཨིན།
དེ་བཟུམ་སྦེ་ མར་ཤལ་ཨའི་ལེནཌས་ཀྱི་ཆའི་གནས་སྟངས་འདི་ ཚ་ཁུལ་གྱི་སྔོ་ཤིང་ཚུ་གིས་ཁྱབ་སྟེ་ཡོདཔ་ལས་ བེ་ཏ་དང་ཏ་ལའི་ཤིང་ལ་སོགས་པའི་ཚ་ཁུལ་གྱི་སྔོ་ཤིང་གི་རིགས་ཚུ་ མཐུག་དྲགས་སྦེ་སྐྱེས་ཏེ་ཡོདཔ་ཨིན། དེ་དང་འདྲཝ་སྦེ་ མཚོ་གླིང་འདི་ བྱུ་རུའི་ཕུང་པོ་ཚུ་གིས་མཐའ་བསྐོར་ཏེ་ རྒྱ་མཚོའི་སྐྱེ་ལྡན་གནས་སྟངས་རིམ་ལུགས་ ཕུན་སུམ་ཚོགས་ཏོག་ཏོ་ཡོདཔ་ལས་ རྒྱལ་ཁབ་འདི་ པེ་སི་ཕིག་རྒྱ་མཚོ་ཆེན་མོའི་སྐྱེ་ལྡན་རིགས་སྣ་གི་ཆ་ཤས་གལ་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།
མི་རློབས་དང་མི་རིགས།
མར་ཤལ་ཨའི་ལེནཌས་ཀྱི་རྒྱལ་ཁབ་ནང་ མི་རློབས་ཡོངས་བསྡོམས་ ༦༠,༠༠༠ དེ་ཅིག་ཡོདཔ་དང་ འཛམ་གླིང་ནང་ མི་རློབས་ཉུང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཨིན། མི་རློབས་འདི་ཚུ་ཡང་མང་ཤོས་ར་ རྒྱལ་ཁབ་འདི་ནང་ཁྲོམ་ཚོགས་སྦོམ་ཤོས་ཨིན་མི་ རྒྱལ་ས་ལྟེ་བའི་མཚོ་གླིང་མེ་ཇུ་རོ་དང་ དེ་གི་ཉེ་འདབས་ལུ་ཡོད་པའི་ ཀྭ་ཇ་ལིན་མཚོ་གླིང་ནང་གནས་ཏེ་ཡོདཔ་ཨིན།
མར་ཤལ་ཨའི་ལེནཌས་ཀྱི་མི་ཚུ་ མར་ཤལ་ལི་གི་མི་ ཡང་ན་ མར་ཤལ་ལིསི་ཟེར་སླབ་ཨིནམ་དང་ ཁོང་ཆ་ཁྱབ་མའི་ཀོརོ་ནི་ཤི་ཡ་གི་རིགས་བརྒྱུད་ལས་ཨིན། ཁོང་ཆ་ཁྱབ་ལུ་ ཁོང་རའི་ལམ་སྲོལ་གྱི་སྲོལ་ཁྱུན་ལུ་ ངོ་རྟགས་དང་དཔའ་ཉམས་ཀྱི་བརྩི་མཐོང་སྦོམ་ཡོདཔ་དང་ སྔར་སྲོལ་ལྟར་དུ་ རྒྱ་མཚོའི་ཆགས་ཚུལ་གྱིས་བཅོས་པའི་མི་ཚེའི་གནས་སྟངས་དང་འཁྲིལ་ ཉེ་ཚན་ཅན་གྱི་མི་སྡེ་ཆུང་ཀུ་ཅིག་སྦེ་གནས་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ ཁོང་གི་དོན་ལུ་ ཉ་གཟུང་ནི་དང་མཚོ་འགྲུལ་འབད་ནི་ དེ་ལས་ སོ་ནམ་གྱི་ལཱ་འབད་ནི་ཚུ་ ལམ་སྲོལ་དང་དཔལ་འབྱོར་གྱི་དོན་ལུ་ རྩ་ཅན་དང་གལ་གནད་ཅན་ཅིག་ཨིན།
མར་ཤལ་ལིསི་གི་མི་རློབས་འདི་ རང་ལུགས་ཀྱི་པེ་སི་ཕིག་མཚོ་གླིང་ནང་སྡོད་མི་གི་མི་ཚེའི་གནས་སྟངས་དང་ དེང་སང་གི་མི་ཚེའི་གནས་སྟངས་ཀྱི་སླ་སྲེ་སྦེ་ཡོདཔ་ཨིན། མར་ཤལ་ལིསི་གི་མི་ཚུ་གིས་ རྒས་ཤོས་ཚུ་ལུ་གུས་ཞབས་འབད་ནི་དང་སྤྱི་བསྡོམས་སྦེ་སྡོད་ནི་ དེ་ལས་ འཚོ་བའི་དོན་ལུ་ ས་གཞི་དང་མཚོ་ལུ་བརྟེན་སྡོད་ནི་ཚུ་བརྩིས་ཏེ་ རང་ལུགས་ཀྱི་མི་ཚེའི་ལམ་ལུགས་ཚུ་ བདག་འཛིན་འཐབ་དོ་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གཅིག་འགྱུར་གྱི་གྲུབ་འབྲས་ལས་བརྟེན་ཏེ་ ཨིང་སྐད་ལག་ལེན་འཐབ་ནི་དང་ དེང་སང་གི་འཕྲུལ་རིག་འཐབ་ནི་ དེ་ལས་ ནུབ་ཕྱོགས་ཀྱི་ཤེས་ཡོན་སྦྱང་ནི་ཚུ་བརྩི་བའི་ འཛམ་གླིང་ནུབ་ཕྱོགས་ཀྱི་ལམ་སྲོལ་གྱི་ཆ་ཤས་ཚུ་ཡང་ཡོདཔ་ཨིན།
མངའ་སྡེའི་དང་མངའ་སྡེའི་གྱངས་ཁ།
མར་ཤལ་ཨའི་ལེནཌས་སྤྱི་མཐུན་རྒྱལ་ཁབ་འདི་ བདག་སྐྱོང་གི་མངའ་སྡེ་གཉིས་ནང་དབྱེ་བའི་ ཁྲོམ་སྡེ་ ༢༤ དང་ལྡན་པའི་རྒྱལ་ཁབ་ཅིག་ཨིན། བདག་སྐྱོང་གི་མངའ་སྡེ་གཉིསཔོ་འདི་ཡང་ ར་ལིག་མངའ་སྡེ་དང་ ར་ཊག་མངའ་སྡེ་གཉིས་ཨིན། མངའ་སྡེ་དེ་གཉིསཔོ་ནང་ མཚོ་གླིང་དང་བྱུ་རུའི་མཚོ་གླིང་ལེ་ཤ་ཡོདཔ་དང་ མངའ་སྡེ་གཉིསཔོ་གིས་ རྒྱལ་ཁབ་ཀྱི་བདག་སྐྱོང་ས་ཁོངས་སྦེ་ལཱ་འབདཝ་ཨིན། མར་ཤལ་ཨའི་ལེནཌས་ཀྱི་རྒྱལ་ས་ལྟེ་བ་མེ་ཇུ་རོ་འདི་ མངའ་སྡེ་དེ་གཉིསཔོ་ལས་ ར་ཊག་མངའ་སྡེའི་ཁོངས་སུ་གཏོགསཔ་ཨིན།
མར་ཤལ་ཨའི་ལེནཌས་ཀྱི་རྒྱལ་ཁབ་འདི་ གཞན་རྒྱལ་ཁབ་གཞན་གྱི་ནང་བཟུམ་སྦེ་ མངའ་སྡེ་སོ་སོ་སྦེ་དབྱེ་བ་ཕྱེས་ཏེ་མེད་རུང་ འདི་གི་བདག་སྐྱོང་ས་ཁོངས་ཚུ་གིས་ དབང་ཚད་ཕྱིར་སྤེལ་གྱི་གཞུང་སྦེ་གནས་ཏེ་ཡོདཔ་ཨིན། དེ་གི་ཁྲོམ་སྡེ་ ༢༤ རེ་ལུ་ ས་གནས་ཀྱི་འགོ་ཁྲིདཔ་རེ་ཡོདཔ་དང་ རྒྱལ་ཁབ་ནང་འཁོད་དང་ཕྱི་གི་གནད་དོན་ཚུ་སེལ་ཐབས་ལུ་ འགོ་ཁྲིདཔ་དེ་ཚུ་གིས་ རྒྱལ་ཡོངས་ཀྱི་གཞུང་གི་ལམ་སྟོན་འོག་ལུ་ མཉམ་འབྲེལ་གྱི་ཐོག་ལས་ལཱ་འབད་དོ་ཡོདཔ་ཨིན།
གཞུང་སྐྱོང་ལམ་ལུགས།
མར་ཤལ་ཨའི་ལེནཌས་ཀྱི་རྒྱལ་ཁབ་འདི་ སྲིད་ཚོགས་སྣ་ཚོགས་ཀྱི་ལམ་ལུགས་ཡོད་པའི་ དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན། གཞུང་འདི་ སྤྱི་ལོ་ ༡༩༧༩ ལུ་ཆ་འཇོག་འབད་མི་ རྩ་ཁྲིམས་ལུ་གཞི་བཞག་སྟེ་སྐྱོང་དོ་ཡོདཔ་དང་ གཞི་བཀོད་འདི་ གཞན་མི་པེ་སི་ཕིག་མཚོ་གླིང་རྒྱལ་ཁབ་ཚུ་ནང་བཟུམ་སྦེ་ འཛིན་སྐྱོང་དང་ཁྲིམས་བཟོ་ དེ་ལས་ དྲང་ཁྲིམས་ལྷན་སྡེ་ཚུ་ཡོདཔ་ཨིན།
དེ་ལས་ མར་ཤལ་ཨའི་ལེནཌས་ཀྱི་རྒྱལ་ཁབ་དང་གཞུང་གཉིས་ཆ་ར་ སྲིད་འཛིན་གྱིས་སྦེ་དབུ་ཁྲིད་འབདཝ་ཨིན། སྲིད་འཛིན་འདི་ཡང་ འཐུས་མི་ ༣༣ ཡོད་མི་ རྒྱལ་ཡོངས་ཁྲིམས་བཟོ་ལྷན་སྡེ་ ནི་ཏི་ཇེ་ལ་གི་འཐུས་མི་ཚུ་གིས་བཙག་འཐུ་འབདཝ་ཨིནམ་དང་ སྲིད་འཛིན་གྱིས་ གནས་ཡུན་ལོ་ངོ་ ༤ གི་རིང་ཕྱག་ཞུ་དོ་ཡོདཔ་ཨིན། འདི་དང་གཅིག་ཁར་ སྲིད་འཛིན་གྱིས་སྦེ་གཞུང་སྐྱོང་ནང་གྲོགས་རམ་འབད་མི་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་བསྐོ་བཞག་འབདཝ་ཨིནམ་དང་ ལྷན་རྒྱས་གཞུང་ཚོགས་དེ་གིས་ གཞུང་གི་ལཱ་འགན་མ་འདྲཝ་ཚུ་མཛདཔ་ཨིན།[༡]
རྒྱལ་ཁབ་འདི་གི་ཁྲིམས་བཟོའི་ལྷན་སྡེ་ནི་ཏི་ཇེ་ལ་འདི་ ལོ་བསྟར་བཞིན་དུ་ཞལ་འཛོམས་འཚོག་མི་ ཚོགས་ཁང་གཅིག་འབད་མི་གཙུག་སྡེ་ཅིག་ཨིནམ་དང་ ཁྲིམས་ལུགས་བཟོ་ནི་དང་ འཆར་དངུལ་ཆ་འཇོག་འབད་ནི་ དེ་ལས་ འཛིན་སྐྱོང་ལྷན་སྡེ་ལྟ་རྟོག་འབད་ནི་གི་འགན་ཁུར་འབགཔ་ཨིན། ནི་ཏི་ཇེ་ལ་གི་འཐུས་མི་ཚུ་ཡང་ རྫོང་ཁག་གཞི་བཞག་དང་སྤྱིར་བཏང་ངོ་ཚབ་ཀྱི་སླ་སྲེ་ལམ་ལུགས་ཐོག་ལས་ བཙག་འཐུ་འབདཝ་ཨིན། དེ་ལས་ མར་ཤལ་ཨའི་ལེནཌས་ཀྱི་དྲང་ཁྲིམས་ལྷན་སྡེ་འདི་ རང་དབང་ཅན་ཅིག་ཨིནམ་དང་ རྒྱལ་ཁབ་ནང་ ཁྲིམས་ཁང་མཐོ་ཤོས་ཆེ་མཐོ་ཁྲིམས་ཀྱི་མདུན་ས་འདི་ཨིན།
རྒྱལ་ཡོངས་གཞུང་གི་ཁ་སྐོང་ལུ་ མར་ཤལ་ཨའི་ལེནདས་ཀྱིས་ ས་ཁོངས་ལ་ལུ་ཅིག་ནང་ སྔར་སྲོལ་གྱི་གཞུང་སྐྱོང་གཞི་བཀོད་ཚུ་རྒྱུན་སྐྱོང་འབདཝ་ཨིནམ་དང་ འདི་ནང་ ཡུལ་སྐད་ནང་ཨི་རོའིཇི་ཟེར་སླབ་མི་ ས་གནས་ཀྱི་འགོ་དཔོན་ཚུ་ལུ་ ས་གནས་ཀྱི་གནད་དོན་ཚུ་ལུ་དབང་ཚད་ཡོདཔ་ཨིན། འགོ་དཔོན་འདི་ཚུ་གིས་ མཚོ་གླིང་ཚུ་གི་ལམ་སྲོལ་དང་མི་སྡེའི་གནས་སྟངས་ནང་ འགན་ཁུར་སྦོམ་འབག་དོ་ཡོདཔ་ལས་ དེང་སང་གི་རྒྱལ་ཁབ་ཀྱི་གཞི་བཀོད་ནང་ཡང ཁོང་གི་འགོ་ཁྲིད་ལུ་གུས་ཞབས་འབདཝ་ཨིན།
སྐད་ཡིག་དང་ལམ་སྲོལ།
མར་ཤལ་ཨའི་ལེནཌས་ཀྱི་གཞུང་འབྲེལ་སྐད་ཡིག་འདི་ མར་ཤལ་ལིསི་དང་ཨིང་ལིཤ་གཉིས་ཨིན། དེ་གི་ནང་ལས་ མར་ཤལ་ལིསི་སྐད་ཡིག་འདི་ མའི་ཀོརོ་ནེ་ཤི་ཡ་གི་སྐད་ཡིག་སྡེ་ཚན་ནང་ཚུད་མི་ ཨཱོས་ཊོ་ནི་ཤི་ཡ་གི་སྐད་ཡིག་ཅིག་ཨིན། སྐད་ཡིག་འདི་ལུ་ སྒྲ་དང་ཚིག་ཚུ་གི་ལམ་ལུགས་མ་འདྲཝ་སྦེ་ར་ཡོདཔ་དང་ འདི་མར་ཤལ་ལིསི་ལམ་སྲོལ་གྱི་ངོ་རྟགས་ཀྱི་ཁྱད་ཆོས་ཁག་ཆེ་ཏོག་ཏོ་ཅིག་ཨིན། མར་ཤལ་ལིསི་སྐད་ཡིག་འདི་ རྒྱལ་ཁབ་འདི་ནང་ ཉིན་བསྟར་གྱི་མི་ཚེ་ནང་ཁྱབ་ཆེཝ་སྦེ་སླབ་ཨིནམ་དང་ དེ་བཟུམ་སྦེ་ར་ ཨིང་སྐད་འདི་ཡང་ གཞུང་དང་ཚོང་འབྲེལ་ དེ་ལས་ ཤེས་རིག་དང་རྒྱལ་སྤྱིའི་བརྒྱུད་འབྲེལ་ཚུ་ནང་ལག་ལེན་འཐབ་དོ་ཡོདཔ་ཨིན།
མར་ཤལ་ལིསི་ཚུ་ལུ་ རྒྱ་མཚོ་དང་འབྲེལ་བ་སྦོམ་ཡོད་པའི་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་ཡོདཔ་ཨིན། དེ་ཡང་ མཚོ་འགྲུལ་དང་ཉ་གཟུང་ནི་ དེ་ལས་ གྲུ་བཟོ་ནི་ལ་སོགས་པའི་སྔར་སྲོལ་གྱི་ལམ་ལུགས་ཚུ་ མི་རབས་ལས་མི་རབས་ལུ་བརྒྱུད་དེ་ཡོདཔ་ཨིན། མར་ཤལ་ལིསི་ཚུ་གིས་ ཧེ་མ་ ནམ་མཁའི་སྐརམ་དང་རྒྱ་མཚོའི་རླབས་རྒྱུན་ དེ་ལས་ རང་བཞིན་གྱི་བརྡ་མཚོན་ཚུ་ལག་ལེན་འཐབ་སྟེ་ པེ་སི་ཕིག་རྒྱ་མཚོ་ཆེན་མོའི་ཁྱབ་ཁོངས་རྒྱ་ཆེ་དྲགས་ཡོད་མི་དེ་ འགྲུལ་སྐྱོད་འབད་ཚུགས་པའི་རིག་རྩལ་མཐོ་དྲགས་ཡོད་པའི་ཡོངས་གྲགས་ཡང་ཐོན་ཡོདཔ་ཨིན།
མར་ཤལ་ཨའི་ལེནཌས་ཀྱི་ལམ་སྲོལ་ལུ་ མི་སྡེའི་བརྩི་མཐོང་སྒྲིང་སྒྲི་ཡོདཔ་ཨིན། དེ་ཡང་ མར་ཤལ་ལིསི་གི་མི་སྡེ་ནང་ལུ་ བཟའ་ཚང་དང་མི་སྡེ་གིས་ འགན་ཁུར་གཙོ་བོ་འབག་དོ་ཡོདཔ་དང་ རྒས་ཤོས་ཚུ་ལུ་གུས་ཞབས་འབད་ནི་འདི་ ལམ་སྲོལ་གྱི་ལམ་ལུགས་ཁག་ཆེ་ཤོས་ཅིག་ཨིན། དེ་བཟུམ་སྦེ་ རང་ལུགས་ཀྱི་མཛད་སྒོ་དང་སྙན་ཆ་ དེ་ལས་ ཞབས་ཁྲ་རྐྱབ་ནི་དང་སྲུང་གཏང་ནི་ལ་སོགས་པ་ཚུ་ མལ་ཤལ་ལིསི་གི་ལམ་སྲོལ་གྱི་ ཆ་ཤས་གཙོ་བོ་ཅིག་ཨིནམ་དང་ དེ་ཚུ་རྒྱལ་ཁབ་ནང་ཤེས་ཡོན་སྤེལ་ནི་དང་ རྒྱལ་ཁབ་ཀྱི་སྲོལ་ཁྱུན་ཚུ་ཉམས་སྲུང་འབད་ནི་གི་དོན་ལུ་ ལག་ལེན་འཐབ་ཨིན། དེ་གི་ནང་ལས་ མར་ཤལ་ལིསི་གི་ལམ་སྲོལ་གྱི་ཁྱད་རྣམ་གཙོ་བོ་ཅིགཔོ་འདི་ ཡུས་སྐད་ལས་ཇེཇི་ཟེར་སླབ་མི་ མི་སྡེ་ནང་ལུ་བཟའ་འཐུང་དང་ཐོན་སྐྱེད་ཚུ་ གཅིག་གིས་གཅིག་བགོ་བཤའ་འབད་དེ་བྱིན་ནི་འདི་ཨིནམ་དང་ ལམ་ལུགས་འདི་གིས་ བཟའ་ཚང་དང་མི་སྡེ་ཚུ་གི་བར་ན་ མཉམ་འབྲེལ་དང་གཅིག་མཐུན་ལེགས་ཤོམ་བཟོཝ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
མར་ཤལ་ཨའི་ལེནཌས་ཀྱི་དཔལ་འབྱོར་གཙོ་བོ་ར་ གཞུང་གི་ཞབས་ཏོག་ཚུ་ཨིནམ་དང་ རྒྱལ་ཁབ་ཀྱི་འཆར་དངུལ་མང་ཤོས་ར་ ཡུ་ཨེསི་ལས་ མ་དངུལ་གྱི་གྲོགས་རམ་སྦེ་འཐོབ་དོ་ཡོདཔ་ཨིན། དེ་ཡང་ མར་ཤལ་མཚོ་གླིང་དང་ཡུ་ཨེསི་ཀྱི་བར་ན་ཡོད་པའི་ རང་དབང་མཐུན་ཚོགས་ཀྱི་ཆིངས་ཡིག་འདི་གིས་ མ་དངུལ་གྱི་གྲོགས་རམ་བྱིནམ་ཨིནམ་དང་ དེ་གི་བརྗེ་སོར་ལུ་ ཡུ་ཨེས་ལུ་དམག་མི་དང་ཐབས་བྱུས་ཀྱི་མཐུན་རྐྱེན་ཚུ་བྱིན་དོ་ཡོདཔ་ཨིན། དེ་དང་གཅིག་ཁར་ ཆིངས་ཡིག་འདི་གིས་ རྒྱལ་ཁབ་ཀྱི་གསོ་བའི་ཞབས་ཏོག་དང་ཤེས་རིག་ དེ་ལས་ གཞི་རྟེན་མཁོ་ཆས་གོང་འཕེལ་གྱི་ས་ཁོངས་ཚུ་ནང་ གྲོགས་རམ་འབད་དོ་ཡོདཔ་ཨིན།
དེ་བཟུམ་སྦེ་ རྒྱལ་ཁབ་འདི་ལུ་ ཉ་གཟུང་ནི་གི་ཐོབ་དབང་ལས་འོང་འབབ་ཡོདཔ་དང་ དམིགས་བསལ་གྱིས་ པེ་སི་ཕིག་ལུང་ཕྱོགས་ནང་ གནས་གོང་ཆེ་བའི་ཉ་ཊུ་ན་ལས་ འོང་འབབ་སྦོམ་ཡོདཔ་ཨིན། དེ་ཡང་ ཕྱིའི་རྒྱལ་ཁབ་ཚུ་དང་གཅིག་ཁར་ ཉའི་ཚོང་འབྲེལ་གྱི་གན་རྒྱ་བཟོ་ཡོད་མི་འདི་གིས་ གཞུང་ལུ་འོང་འབབ་བྱིན་དོ་ཡོདཔ་མ་ཚད་ ས་གནས་ནང་འཁོད་ཀྱི་དོན་ལུ་ཡང་ ཉའི་ཚོང་འབྲེལ་འབད་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ར་ མར་ཤལ་ཨའི་ལེནཌས་ནང་ ལྟ་བཤལ་འདི་བཟོ་གྲྭ་སྦོམ་ཅིག་མེན་རུང་ ད་རེས་ཀྱི་དུས་ལུ་ ཡར་འཕར་འགྱོ་སྟེ་ཡོདཔ་དང་ འཛམ་བུ་གླིང་རྒྱལ་ཁབ་ཚུ་ལས་ ལྟ་བཤལཔ་ཚུ་གིས་ རྒྱལ་ཁབ་འདི་གི་གཞན་དང་མ་འདྲ་བའི་ལམ་སྲོལ་ཚུ་ཉམས་མྱོང་འབད་ནི་དང་ མཚོའི་ནང་འཛུལ་ཏེ་ བྱུ་རུའི་ཕུང་པོ་ཚུ་ལྟདམོ་བལྟ་ནི་དོན་ལུ་འོང་དོ་ཡོདཔ་ཨིན། [༢]
དཀའ་ངལ་དང་གདོང་ལེན།
མལ་ཤལ་ཨའི་ལེནཌས་ལུ་ གདོང་ལེན་སྦོམ་ལེ་ཤ་ར་འབྱུང་དོ་ཡོདཔ་དང་ དེ་ཡང་ མང་ཤོས་ཅིག་ར་ རྒྱལ་ཁབ་འདི་གི་སའི་རྒྱ་ཚད་ཆུང་ཀུ་དང་ ས་ཆའི་ཟུར་གནས་གནས་སྟངས་ དེ་ལས་ འཛམ་གླིང་མཐའ་འཁོར་གནས་སྟངས་ཀྱི་འགྱུར་བ་ལུ་བརྟེན་འབྱུང་དོ་ཡོདཔ་ཨིན། འདི་གི་ནང་ལས་གདོང་ལེན་སྦོམ་ཤོས་ར་ གནམ་གཤིས་འགྱུར་བགྲོད་ཀྱི་ཉེན་ཁ་འདི་ཨིན། དེ་ཡང་ རྒྱལ་ཁབ་འདི་གི་ས་ཆའི་ཆགས་ཚུལ་དམའ་བ་ལས་བརྟེན་ རྒྱ་མཚོའི་མཐོ་ཚད་ཡར་སེང་འགྱོ་ནི་གི་ཉེན་ཁ་སྦོམ་ཡོདཔ་དང་ རྒྱལ་ཁབ་འདི་གིས་ མཚོ་མཐའི་ཆུ་རུད་དང་ས་ཆ་ཉམས་རྒུད་ལ་སོགས་པའི་ གནམ་གཤིས་འགྱུར་བགྲོད་ཀྱི་གནོད་སྐྱོན་ཚུ་མྱོང་ནི་འགོ་བཙུགས་ཡོདཔ་ཨིན། འདི་གིས་ མཚོ་མཐའ་ལུ་གནས་མི་ རྒྱལ་ཁབ་ཀྱི་གཞི་རྟེན་མཁོ་ཆས་དང་མི་རློབས་ལྟེ་བ་ཚུ་གི་མ་འོངས་པའི་དོན་ལུ་ ཉེན་ཁ་སྦོམ་སྦེ་ར་བཀལ་ཏེ་ཡོདཔ་ཨིན། ཨིན་རུང་གཞུང་གིས་ གནམ་གཤིས་འགྱུར་བགྲོད་ལུ་གདོང་ལེན་འབད་ནི་དང་ མཚོ་གླིང་ཚུ་གི་མ་འོངས་པ་ཉེན་སྲུང་འབད་ནིའི་དོན་ལུ་ རྒྱལ་སྤྱིའི་མཉམ་འབྲེལ་དང་ལེན་དགོ་པའི་ སྐུལ་ཁྱབ་བརྡ་སྤྲོད་ཚུ་འབད་དོ་ཡོདཔ་ཨིན།
དེ་ལས་ རྒྱལ་ཁབ་འདི་ལུ་གདོང་ལེན་གཙོ་བོ་ཅིགཔོ་དེ་ ཕྱི་རྒྱལ་གྱི་གྲོགས་རམ་ལུ་ཤུགས་སྦེ་བརྟེན་ཏེ་ཡོད་མི་དེ་ཨིནམ་དང་ དེ་ཡང་ དམིགས་བསལ་གྱིས་ ཡུ་ཨེསི་ལས་གྲོགས་རམ་ལེན་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ཡུ་ཨེསི་དང་ཆིངས་ཡིག་བཟོ་ཡོད་མི་གིས་ ཁག་ཆེ་བའི་མ་དངུལ་བྱིན་དོ་ཡོད་རུང་ འདི་གིས་ དཔལ་འབྱོར་ཡུན་བརྟན་སྦེ་གནས་ནི་ལུ་གདོང་ལེན་བྱིན་དོ་ཡོདཔ་ཨིན། དེ་ཡང་ རྒྱལ་ཁབ་འདི་ནང་ བཟོ་གྲྭ་གོང་འཕེལ་དང་ སྣ་ཁག་རྒྱ་སྐྱེད་ཀྱི་གོ་སྐབས་ཉུང་སུ་ཅིག་ལས་བརྒལ་མེདཔ་དང་ མི་རློབས་ཉུང་སུ་ཅིག་ལས་མེད་མི་གིས་ རྒྱལ་ཁབ་གཞན་ཚུ་གིས་བརྟེན་དོ་བཟུམ་མའི་ དཔལ་འབྱོར་གྱི་ལཱ་སྦོམ་ཚུ་བཟོ་ནི་ལུ་ལཱ་ཁག་གཏང་དོ་ཡོདཔ་ཨིན།
༼སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས༽
རྒྱབ་བརྟེན་དཔེ་དེབ།