Jump to content

མཱོལ་ཊ། Malta

Wikipedia ལས།

ངོ་སྤྲོད།

༉ མཱོལ་ཊ་འདི་ ཡུ་རོབ་ཀྱི་ལྷོ་ཕྱོགས་ཁ་ཐུག་ སི་སི་ལི་དང་ལྷོ་ཕྱོགས་ཨཕ་རི་ཀ་གི་བར་ན་ཆགས་ཏེ་ཡོད་པའི་ མཚོ་གླིང་གི་རྒྱལ་ཁབ་ཅིག་ཨིནམ་དང་ འདི་ཡང་ འཛམ་གླིང་ནང་ཡོངས་གྲགས་ཡོད་པའི་ མེ་ཌི་ཊེ་རེ་ནི་ཡཱན་རྒྱ་མཚོ་གི་སྦུག་ལུ་ཆགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱལ་ས་འདི་ བཱ་ལེ་ཊ་ཟེར་སླབ་ཨིནམ་དང་ རྒྱལ་ས་ལྟེ་བ་འདི་ ཡུ་རོབ་ཀྱི་ནང་འཁོད་ཆུང་ཤོས་ཅིག་ཨིན།  རྒྱལ་ཁབ་འདི་ བྱུང་རབས་ཁྱད་དུ་འཕགས་པ་དང་ལམ་སྲོལ་སྣ་ཚོགས་ཀྱིས་བརྒྱན་པ་ དེ་ལས་ ཐབས་བྱུས་ཀྱི་གནད་འགག་ཆེ་བའི་རྒྱལ་ཁབ་ཅིག་ཨིནམ་མ་ཚད་ མཱོལ་ཊ་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ འདི་ལུ་སྲོལ་ཁྱུན་མ་འདྲཝ་དང་སའི་ཆགས་ཚུལ་དགའ་ཏོག་ཏོ་ དེ་ལས་ དཔལ་འབྱོར་ནུས་ཅན་ཡོདཔ་ལས་ འཛམ་གླིང་གི་རྒྱལ་ཁབ་ཚུ་ལས་ ལྟ་བཤལཔ་མང་རབས་ཅིག་འོངས་ཏེ་ མེ་ཌི་ཊེ་རེ་ནི་ཡཱན་ལུང་ཕྱོགས་ནང་འཁོད་ ཕན་ནུས་ཅན་འབད་དེ་ཡོདཔ་ཨིན།

སའི་རྒྱ་ཚད་དང་ས་ཆའི་གནས་སྟངས།  

མཱོལ་ཊ་འདི་ མཚོ་གླིང་སྣ་མཐུད་དེ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ འདི་གི་ནང་ལས་ མཚོ་གླིང་སྦོམ་ཤོས་གསུམ་དེ་ མཱོལ་ཊ་ གོ་ཟོ་ ཀོ་མི་ནོ་གསུམ་ཨིན། རྒྱལ་ཁབ་འདི་གི་སའི་རྒྱ་ཚད་ཡོངས་བསྡོམས་འདི་ཡང་ ཀི་ལོ་མི་ཊར་ཨིསི་ཀོ་ཡར་ ༣༡༦ ཡོདཔ་དང་ རྒྱལ་ཁབ་ཚུ་གི་སའི་རྒྱ་ཚད་ལས་བཅད་པ་ཅིན་ མཱོལ་ཊ་འདི་འཛམ་གླིང་ནང་ སའི་རྒྱ་ཚད་ཆུང་ཤོས་ཡོད་པའི་རྒྱལ་ཁབ་ཨང་བཅུ་པ་ཨིན། མཱོལ་ཏ་འདི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ སྔར་ཁྱུན་ས་ཁོངས་ཁྱད་དུ་འཕགས་པ་ཚུ་ལས་ དེང་སང་གི་གཞི་རྟེན་མཁོ་ཆས་ཚུན་ཚོད་ བྱུང་རབས་ཕུན་སུམ་འཚོགས་པའི་ས་གནས་མ་འདྲཝ་ལེ་ཤ་ཡོདཔ་ཨིན།

རྒྱལ་ཁབ་འདི་གི་མཚོ་གླིང་གསུམ་ལས་ སྦོམ་ཤོས་འདི་ར་ མཱོལ་ཊའི་མཚོ་གླིང་འདི་ཨིན། མཚོ་གླིང་འདི་ནང་ རྒྱལ་ས་བཱ་ལེ་ཊ་ཆགས་ཏེ་ཡོདཔ་དང་ འདི་ཁྲོམ་སྦེ་ཆགས་ཡོདཔ་ལས་ མི་རློབས་ཀྱི་གྱངས་ཁ་ཡང་ལེ་ཤ་ཡོདཔ་ཨིན། མཚོ་གླིང་སྦོམ་ཤོས་གཉིས་པ་འདི་ གོ་ཟོ་གི་མཚོ་གླིང་ཨིནམ་དང་ འདི་གི་ཆགས་ཚུལ་མང་ཤོས་གཡུས་ཚན་སྦེ་ཡོདཔ་ལས་ བདེ་ཉམས་ཀྱི་གཡུས་སྒོ་ཚུ་ཡོདཔ་དང་ འཚོ་བའི་གནས་སྟངས་ཡང་ ཡར་རྒྱས་གནམ་མེད་ས་མེད་ཅིག་མེད་པར་ གཡུས་སྒོའི་སྣང་བ་ཉག་རྐྱང་སྦེ་ཡོདཔ་ཨིན། དེ་ལས་མཚོ་གླིང་གསུམ་པ་འདི་ ཀོ་མི་ནོ་གི་མཚོ་གླིང་ཨིནམ་དང་ མཚོ་གླིང་འདི་མང་ཆེ་བ་ཅིག་ མི་གིས་གཞིས་མ་ཆགས་པར་ཡོདཔ་ལས་ གསལ་ཞིང་དྭངས་བའི་གཙང་ཆུ་དང་ མཐོང་སྣང་ཆེ་བའི་ལྟ་བཤལ་གྱི་ས་ཁོངས་སྦེ་ཡོདཔ་ཨིན།

མི་རློབས་དང་མི་རིགས།

མཱོལ་ཊ་ལུ་མི་རློབས་ཀྱི་གྱངས་ཁ་ཡོངས་བསྡོམས་ ༥,༤༢,༠༠༠ (འབུམ་ལྔ་དང་སྟོང་ཕྲག་བཞི་བཅུ་ཞེ་གཉིས་) དེ་ཅིག་ཡོདཔ་དང་ མི་རློབས་ཀྱི་གྱངས་ཁ་མང་ཤོས་ རྒྱལ་ས་བཱ་ལེ་ཊ་ལུ་ཆགས་ཏེ་ཡོདཔ་ཨིན། སའི་རྒྱ་ཚད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་མི་རློབས་ལྟེམ་ལྟེ་གནས་ཏེ་ཡོདཔ་ལས་ འཛམ་བུ་གླིང་ནང་རྒྱལ་ཁབ་ནང་མི་རློབས་ལྟེམ་ལྟེ་སྦེ་གནས་ཏེ་ཡོད་མི་ གནས་རིམ་ཨང་དགུ་པ་ནང་ཚུདཔ་ཨིན།

མཱོལ་ཊ་གི་མི་རློབས་མང་ཤོས་ར་ མཱོལ་ཊིསི་གི་རིགས་བརྒྱུད་ལས་ཨིནམ་དང་ སྡེ་ཚན་འདི་གིས་ ཨི་ཊ་ལི་ཡཱན་དང་ཨིང་སྐད་ དེ་ལས་ ཨ་རབ་ཀྱི་ཁ་སྐད་ཀྱི་ཤན་ཞུགས་ཏེ་ཡོད་པའི་ མལ་ཊིསི་ཟེར་མི་ཁ་སྐད་གཞན་དང་མ་འདྲཝ་ཅིག་སླབ་ཨིན། འདི་གིས་ མཚོ་གླིང་འདི་གི་བྱུང་རབས་མ་འདྲཝ་ཚུ་ནང་ ཕོ་ནི་ཤི་ཡཱན་དང་ རོ་མཱན་ ཨ་རབ་ ནོར་མཱན་ དེ་ལས་ བིརི་ཊིཤ་ལ་སོགས་པའི་ཤན་ཞུགས་ཡོདཔ་སྟོནམ་ཨིན། མཱོལ་ཊ་གི་མི་རློབས་འདི་ ངོ་མ་ར་ རོ་མཱན་ཀེ་ཐོ་ལིག་ཨིནམ་དང་ ཡེ་ཤུའི་ལྷ་ཁང་འདི་ མི་སྡེ་དང་མི་ཚེའི་གནས་སྟངས་ལུ་ རྟེན་རྩ་ཆེ་ཏོག་ཏོ་ཅིག་སྦེ་རྩིཝ་ཨིན། ད་རེས་དེང་སང་གི་དུས་ལུ་ རྒྱལ་ཁབ་ནང་ཆོས་དང་འབྲེལ་བ་མེད་པའི་ལུགས་སྲོལ་ལེ་ཤ་ར་དར་ཁྱབ་བྱུང་སྟེ་ཡོད་རུང་ ཡེ་ཤུའི་ཆོས་ལུགས་ཀྱི་ལམ་ལུགས་སྲོལ་ཚུ་ ཆོས་དོན་གྱི་དུས་སྟོན་དང་ལས་རིམ་ དེ་ལས་ ཨ་རྟག་གི་བྱ་བའི་གནད་སྤྱོད་ཚུ་ནང་ ལག་ལེན་འཐབ་སྟེ་ར་ཡོདཔ་ཨིན།

མཱོལ་ཊ་གི་མི་ཚུ་ ཁོང་རའི་འདས་པའི་བྱུང་རབས་དང་ཆགས་རབས་དང་འཁྲིལ་ མགྲོན་བསུ་དང་བརྩེ་གདུང་ དེ་ལས་ ལྡོག་ཤུགས་དང་བཟོད་བསྲན་ལ་སོགས་པའི་རང་གཤིས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོདཔ་ཨིན། དེ་མ་ཚད་ དུས་རབས་ལས་བཅད་དེ་ མཱོལ་ཊ་གི་མི་ཚུ་གིས་ ཕྱི་རྒྱལ་གྱི་དབུ་ཁྲིདཔ་མ་འདྲཝ་ཚུ་ལུ་ མཐུན་སྒྲིག་འབད་ཡོད་པའི་ཁར་ རང་གི་རྒྱལ་ཡོངས་ཀྱི་ངོ་རྟགས་དང་དཔའ་ཉམས་ཚུ་ རང་གི་སྲོལ་ཁྱུན་ལུ་མ་ཉམས་པར་བཞག་སྟེ་ཡོདཔ་ཨིན།

མངའ་སྡེའི་གྱངས་ཁ་དང་རྒྱལ་ཁབ་ཀྱི་རིང་ལུགས།

མཱོལ་ཊ་འདི་ མངའ་སྡེ་དང་མངའ་སྡེ་བཟུམ་གྱི་ཡན་ལག་མེད་པའི་ གཅིག་སྒྲིལ་མངའ་སྡེ་ཅིག་ཨིན། རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༦༤ ལུ་ ཡུ་ནའི་ཊེཊ་ཀིང་ཌོམ་ལས་ རང་དབང་ཐོབ་སྟེ་ སྤྱི་ལོ་ ༡༩༧༤ ལུ་ རྩ་ཁྲིམས་གསརཔ་ཆ་འཇོག་འབད་དེ་ མི་སེར་རྒྱལ་ཁབ་ལུ་གྱུར་ནུག། སྤྱི་ལོ་ ༢༠༠༤ ལུ་ མཱོལ་ཊ་འདི་ ཡུ་རོབ་གཅིག་བསྡོམས་ཚོགས་པའི་འཐུས་མི་སྦེ་འཛུལ་ཡོདཔ་དང་ དེ་ལས་ཚུར་ ཡུ་རོབ་ཀྱི་སྲིད་དོན་དང་དཔལ་འབྱོར་གྱི་གནས་སྟངས་ནང་ ལྷག་པར་དུ་ གཅིག་བསྡོམས་མཛད་དེ་ཡོདཔ་ཨིན།

མཱོལ་ཊ་གི་གཞུང་ལུགས་འདི་ སྲིད་འཛིན་གྱིས་དབུ་ཁྲིད་ཐོག་ བློན་ཆེན་གྱིས་གཞུང་སྐྱོང་འབད་བའི་ བཙག་འཐུ་ཅན་གྱི་མི་སེར་རྒྱལ་ཁབ་ཅིག་ཨིནམ་དང་ རྒྱལ་ཁབ་ཀྱི་སྲིད་འཛིན་འདི་ཡང་ མཱོལ་ཊིསི་གི་སྤྱི་ཚོགས་ཀྱིས་ ལོ་ལྔའི་གནས་ཡུན་གྱི་དོན་ལུ་ བཙག་འཐུ་འབདཝ་ཨིན། དེ་ལས་ སྤྱི་ཚོགས་ནང་ ཚོགས་པ་མང་ཤོས་ཀྱིས་བསྐོ་བཞག་འབད་མི་བློན་ཆེན་གྱིས་ བཀོད་ཁྱབ་དབང་ཚད་འབག་སྟེ་ རྒྱལ་ཁབ་ཀྱི་ཉིན་བསྟར་གཞུང་སྐྱོང་གི་འགན་ཁུར་འབགཔ་ཨིན།

མཱོལ་ཊ་གི་སྤྱི་ཚོགས་འདི་ འཐུས་མི་ ༦༧ ཡོད་པའི་ གྲོས་ཚོགས་ཁང་གཅིག་སྦེ་ཡོདཔ་ཨིན། འཐུས་མི་འདི་ཚུ་སྤྱི་ཚོགས་ནང་ མི་སེར་གྱི་སྲིད་དོན་བསམ་འཆར་བཀོད་མི་སྐུ་ཚབ་སྦེ་ ཚད་ལྡན་གྱི་ངོ་ཚབ་ལམ་ལུགས་ཐོག་ལས་ བཙག་འཐུ་འབདཝ་ཨིན། མཱོལ་ཊ་ལུ་ སྲིད་དོན་ཚོགས་པ་སྣ་ཚོགས་ཀྱི་ལམ་ལུགས་ཡོདཔ་དང་ སྲིད་དོན་ཚོགས་པ་སྦོམ་ཤོས་ ལས་མི་ཚོགས་པ་ (པར་ཊིཊ་ ལ་བུ་རིསི་ཏ་) དང་ རྒྱལ་ཡོངས་ཚོགས་པ་ (པར་ཊིཊ་ ནཱཛི་ཇོ་ནཱལ་ལིསི་ཏ་) གཉིས་ཨིན། སྲིད་དོན་གྱི་རྩོད་བསྡུར་འདི་ འཕྲལ་འཕྲལ་ར་སྤྲོ་བ་ཆེ་བའི་ཁར་ སྲིད་དོན་གྱི་གནས་སྟངས་འདི་ དོ་འགྲན་ཅན་སྦེ་ཡོདཔ་ཨིན།

སྐད་ཡིག་དང་ལམ་སྲོལ།

མཱོལ་ཊ་ལུ་ གཞུང་འབྲེལ་སྐད་ཡིག་གཉིས་ཡོདཔ་དང་ དེ་ཡང་ མཱོལ་ཊིསི་དང་ཨིང་ལིཤ་གཉིས་ཨིན། མཱོལ་ཊིསི་ཟེར་མི་འདི་ ཨ་ར་བིག་དང་ཨི་ཊ་ལི་ཡཱན་ དེ་ལས་ ཨིན་ལིཤ་གི་ཤན་ཞུགས་ཚུ་སླ་སྲེ་རྐྱབ་སྟེ་བྱུང་མི་ སྐད་ཡིག་ཅིག་ཨིན། སྐད་ཡིག་འདི་ ཡུ་རོབ་གཅིག་བསྡོམས་ཚོགས་པ་ནང་ ཨ་ར་བིག་གི་འབྱུང་ཁུངས་ཡོད་པའི་ གཞུང་འབྲེལ་སྐད་ཡིག་ཅིག་ཨིནམ་མ་ཚད་ མཱོལ་ཊ་ལུ་ཡང་ ཐུན་མོང་མ་ཡིན་པ་ཅིག་ཨིན། མཱོལ་ཊིསི་སྐད་ཡིག་འདི་ མི་རློབས་མང་ཤོས་ཅིག་གི་གཡུས་སྐད་ཨིན་རུང་ ཨིང་སྐད་ཡང་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ལས་ ཚོང་འབྲེལ་དང་ ཤེས་རིག་ དེ་ལས་ བདག་སྐྱོང་ཚུ་གི་སྐད་ཡིག་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། ཨིང་སྐད་ཁྱབ་ཆེཝ་སྦེ་ཡོད་མི་འདི་ མཱོལ་ཊ་གི་བྱུང་རབས་ནང་ལུ་ བིརི་ཊིཤ་གིས་སྤྱི་ལོ་ ༡༩༦༤ ཚུན་དབང་ཡོདཔ་ལས་བརྟེན་ དེ་སྦེ་གནས་ཏེ་ཡོདཔ་ཨིན།

མཱོལ་ཊ་གི་ལམ་སྲོལ་འདི་ མེ་ཌི་ཊེ་རེ་ནི་ཡཱན་གྱི་ལམ་སྲོལ་དང་ མཚོ་གླིང་འདི་བརྒྱུད་དེ་འགྱོ་མི་ ཡར་ཐོན་གནས་སྟངས་མ་འདྲཝ་ཚུ་གི་ཤན་ཞུགས་ཏེ་ཡོདཔ་ཨིན། མཱོལ་ཊ་འདི་ ཕོ་ནི་ཤི་ཡཱན་དང་རོ་མཱན་ དེ་ལས་ ཨ་རབ་དང་ནོར་མཱན་ལ་སོགས་པ་ཚུ་གིས་སྐྱོང་ཡོདཔ་དང་ དེ་ཚུ་རེ་རེ་བཞིན་གྱིས་ མཱོལ་ཊ་གི་བཟོ་བཀོད་དང་བཟོ་རིག་སྒྱུ་རྩལ་ དེ་ལས་ ལུགས་སྲོལ་ལུ་ཡུན་བརྟན་གྱི་ཤུལ་བཞག་སྟེ་ཡོདཔ་ཨིན། ལམ་སྲོལ་གྱི་ཤུལ་དེ་ཚུ་ ད་རེས་ མཱོལ་ཊ་གི་དམིགས་བསལ་དུས་སྟོན་དང་བཞེས་སྒོ་ དེ་ལས་ ལམ་སྲོལ་ཚུ་ནང་ལུ་ མངོན་གསལ་ཅན་སྦེ་མཐོངམ་ཚུགསཔ་ཨིན།

མཱོལ་ཊིསི་གི་ལམ་སྲོལ་འདི་ ཀེ་ཐོ་ལིག་གི་སྲོལ་ཁྱུན་གྱིས་ཤན་ཞུགས་སྦོམ་སྦེ་ར་འབད་དེ་ཡོདཔ་ལས་ ཨིསི་ཊར་དང་ཀིརིསི་མཱས་ དེ་ལས་ ས་གནས་ཀྱི་བླམ་ཚུ་གི་དུས་སྟོན་ཚུ་ རྒྱལ་ཡོངས་ཟླ་ཐོ་ནང་ལུ་ གཙོ་བོ་ཅིག་སྦེ་རྩི་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ཆིབས་གྲལ་ ཤོག་བམ་འགས་ལས་ དེ་ལས་ སྐྱབས་འཛིན་བླམ་ཚུ་ལུ་ གུས་བཏུད་འབད་བའི་ལས་རིམ་ཚུ་ཚུད་པའི་ གཡུས་ཁའི་དུས་སྟོན་ཚུ་ མཱོལ་ཊིསི་ཚུ་གི་མི་ཚེའི་གནས་སྟངས་ནང་ ཁག་ཆེ་ཤོས་ཅིག་ཨིན། དུས་སྟོན་འདི་ཚུ་ནང་ དམིགས་བསལ་གྱིས་རང་ལུགས་ཀྱི་སྙན་ཆ་དང་གླུ་གཞས་ལས་རིམ་ཚུ་ གཙོ་བོར་གཟུང་དོ་ཡོདཔ་ཨིན།

མཱོལ་ཊིསི་གི་བཞེས་སྒོའི་ཐད་ལུ་ པཱསི་ཊི་ཟི་ (སྲནམ་ལ་སོགས་པ་སྒྱེས་བའི་བག་ལེབ་) དང་ཤ་ཐུག་ དེ་ལས་ མཚོ་ནང་ལས་ཐོན་པའི་ཟས་རིགས་མ་འདྲཝ་ཚུ་ཡོངས་གྲགས་ཡོདཔ་ཨིན། དེ་བཟུམ་སྦེ་ ས་གནས་ཀྱི་ཆང་རིགས་ཚུ་ལུ་ཡང་ཡོངས་གྲགས་ཡོདཔ་དང་ དམིགས་བསལ་གྱིས་ མཚོ་གླིང་གི་ཆང་ཞིང་ཚུ་ནང་ལས་འཐོན་མི་ཆང་རིགས་ཚུ་གིས་ ལམ་སྲོལ་དང་འབྲེལ་བའི་འགལ་གནད་གཟུངམ་ཨིན།[]

དཔལ་འབྱོར་དང་ཚོང་འབྲེལ།

འདས་པའི་ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་རིང་ལུ་ མཱོལ་ཊ་གི་དཔལ་འབྱོར་དེ་ སོ་ནམ་དང་བཟོ་གྲྭ་ལུ་བརྟེན་སྡོད་མི་ལས་ ཞབས་ཏོག་ལུ་བརྟེན་པའི་དཔལ་འབྱོར་ལུ་ འགྱུར་བཅོས་འགྱོ་སྟེ་ཡོདཔ་ཨིན། ད་རེས་ནངས་པ་ མཚོ་གླིང་རྒྱལ་ཁབ་འདི་ནང་ ལྟ་བཤལ་དང་ དངུལ་འབྲེལ་ཞབས་ཏོག་ བརྡ་དོན་འཕྲུལ་རིག་ དེ་ལས་ རྩེད་རིགས་ཚུ་ ཡར་རྒྱས་འགྱོ་བའི་བསྒང་ར་ཡོདཔ་ཨིན།

ལྟ་བཤལ་འདི་ མཱོལ་ཊ་གི་དཔལ་འབྱོར་གྱི་ཀ་ཆེན་གཙོ་བོ་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་རྒྱལ་ཡོངས་ནང་འཁོད་ཡོངས་འབོར་ལུ་ རྒྱུ་རྐྱེན་སྦོམ་སྦེ་འབད་དེ་ཡོདཔ་ཨིན། མཚོ་གླིང་འདི་གི་གནམ་གཤིས་ཚད་ལྡན་དང་ བྱུང་རབས་ཕྱུགཔོ་ དེ་ལས་ ལམ་སྲོལ་གྱི་མཐོང་སྣང་མ་འདྲཝ་ཚུ་གིས་ རྒྱལ་ཁབ་འདི་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ལས་ ལྟ་བཤལཔ་ཚུ་འོང་ནི་ལུ་ ཡོངས་གྲགས་ཅན་གྱི་ས་གོ་ཅིག་སྦེ་བཟོཝ་ཨིན། འདི་ནང་ རྒྱལ་རབས་ཅན་གྱི་ཁྲོམ་ཚོགས་ བཱ་ལེ་ཊ་ ཨེམ་ཌི་ན་དང་ རྒྱལ་རབས་སྔོན་མའི་ལྷ་ཁང་ ཧཱལ་ས་ཕི་ལི་ནི་ཚུ་ ལྟ་བཤལཔ་ཚུ་འོང་སའི་ས་གོ་གཙོ་བོ་ཅིག་ཨིན།

དེ་བཟུམ་སྦེ་ མཱོལ་ཊའི་རྒྱལ་ཁབ་འདི་ ཡོངས་འབྲེལ་ཐོག་རྩེད་རིགས་དང་ཚོང་འབྲེལ་འཐབ་སའི་ལྟེ་བ་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། དེ་ཡང་ མཱོལ་ཊའི་གཞུང་གིས་ རྒྱལ་སྤྱིའི་ལས་སྡེ་ཚུ་གིས་ རྒྱལ་ཁབ་འདི་ནང་ཚོང་ལཱ་གཞི་བཙུགས་འབད་ནིའི་སེམས་ཤུགས་བྱིན་ནིའི་དོན་ལུ་ མ་རྩ་སྦོམ་སྦེ་ར་བཙུགས་ཡོདཔ་མ་ཚད་ ཁྲལ་གྱི་ཡངས་ཆག་ཡོད་པའི་ཁྲིམས་ལུགས་གཞི་བཀོད་ཡང་ ལོགས་སུ་སྦེ་ར་བཟོ་སྟེ་ཡོདཔ་ཨིན། འདི་གི་ཐོག་ཁར་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་རྒྱུ་རྐྱེན་འབད་མི་གཅིགཔོ་འདི་ དངུལ་འབྲེལ་ཚོང་ལས་ཞབས་ཏོག་ཚུ་ཨིནམ་དང་ རྒྱལ་ཁབ་འདི་ རྒྱལ་སྤྱིའི་དངུལ་ཁང་དང་མ་རྩ་གཞི་བཙུགས་ལས་སྡེ་ཚུ་གི་དོན་ལུ་ མ་རྩ་གཞི་བཙུགས་འབད་ནིའི་འོས་ལྡན་གྱི་ས་གནས་ཅིག་སྦེ་གནས་ཏེ་ཡོདཔ་ཨིན།[]

དཀའ་ངལ་དང་གདོང་ལེན།

མཱོལ་ཊ་འདི་ དཔལ་འབྱོར་གྱི་ཐད་ལུ་མཐར་འཁྱོལ་ཅན་དང་ མི་ཚེའི་གནས་ཚད་མཐོ་དྲགས་སྦེ་ཡོད་རུང་ གདོང་ལེན་ལེ་ཤ་ཅིག་ར་འབྱུང་དོ་ཡོདཔ་ཨིན། གནད་དོན་གཅིགཔོ་འདི་ རྒྱལ་ཁབ་འདི་ འཛམ་གླིང་དཔལ་འབྱོར་གྱི་འགྱུར་བ་ལུ་ ཉེན་ཁ་ཡོད་མི་ཅིག་ཨིན། དེ་ཡང་ རྒྱལ་ཁབ་འདི་ མཚོ་གླིང་རྒྱལ་ཁབ་ཆུང་ཀུ་ཅིག་འབདཝ་ལས་ རྒྱལ་སྤྱིའི་ཚོང་འབྲེལ་ལུ་ཤུགས་སྦེ་ར་བརྟེན་ཏེ་ཡོདཔ་ལས་ དཔལ་འབྱོར་མར་ཕབ་དང་ ཡུ་རོབ་གཅིག་བསྡོམས་ཚོགས་པའི་སྲིད་བྱུས་བསྒྱུར་བཅོས་བཟུམ་གྱི་ རྒྱལ་སྤྱིའི་ཚོང་འབྲེལ་ལུ་བར་ཆད་ག་ཅི་ར་བྱུང་རུང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ གནོད་པ་སྦོམ་འབྱུང་བའི་ཉེན་ཁ་ཡོདཔ་ཨིན།

གནད་དོན་གཉིས་པམ་འདི་ མི་སྡེའི་གནས་སྟངས་ཀྱི་ཐད་ལུ་ མཱོལ་ཊ་ལུ་ མི་རློབས་རྒས་ཤོས་དང་སྐྱེ་ཚད་མར་ཕབ་འགྱོ་མི་ལུ་བརྟེན་ མི་འབོར་ཞིབ་རྩིས་ཀྱི་གདོང་ལེན་འབྱུང་དོ་ཡོདཔ་ཨིན། འདི་གིས་མ་འོངས་པའི་ནང་ མི་སྡེ་ཕན་བདེ་ལམ་ལུགས་དང་ ནང་འཁོད་ལས་མི་ཚུ་གི་ཡུན་བརྟན་གནས་ཐབས་ལུ་ ཚ་གྱང་ལང་དགོཔ་ཐོན་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ གནད་དོན་གསུམ་པ་ལུ་ མཱོལ་ཊ་ལུ་ ཕྱི་མི་ནང་སྐྱོད་དང་འབྲེལ་བའི་ སྲིད་དོན་དང་མི་སྡེའི་གནད་དོན་ཚུ་གི་གདོང་ལེན་བྱུང་སྟེ་ཡོདཔ་ཨིན། འདི་ཡང་ རྒྱལ་ཁབ་འདི་ མེ་ཌི་ཊེ་རི་ནི་ཡཱན་གྱི་ས་ཁོངས་བརྒལ་འགྱོ་མིའི་འགྲུལ་པ་ཚུ་གི་དོན་ལུ་ འཛུལ་སྒོ་གཙོ་བོ་ཨིནམ་ལས་ སྐྱབས་འཚོལ་མི་དང་སྐྱབས་བཅོལ་བ་ཚུ་ ག་དེ་སྦེ་འཛིན་སྐྱོང་འཐབ་ནི་ཨིན་ནའི་རྩོད་འགྲན་གྱི་གདོང་ལེན་སྦོམ་སྦེ་ར་བྱུང་སྟེ་ཡོདཔ་ཨིན།[]

མཇུག་བསྡུ།

མཱོལ་ཊ་འདི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ དཔལ་འབྱོར་གོང་འཕེལ་ཅན་གྱི་ མཚོ་གླིང་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། རྒྱལ་ཁབ་འདི་ཆུང་ཀུ་ཅིག་ཨིན་རུང་ ལུང་ཕྱོགས་ཀྱི་སྲིད་དོན་ནང་ རྒྱུ་རྐྱེན་སྦོམ་སྦེ་ར་འབད་དེ་ཡོདཔ་མ་ཚད་ དམིགས་བསལ་གྱིས་ ལྟ་བཤལ་དང་འཕྲུལ་རིག་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ལ་སོགས་པའི་དཔལ་འབྱོར་ནང་ གོང་འཕེལ་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་ཨིན། ཨིན་རུང་ མཚོ་གླིང་འདི་ནང་ མི་སྡེའི་་གནས་སྟངས་ཀྱི་ཚ་གྱང་དང་ དཔལ་འབྱོར་གྱི་ཉེན་ཁ་ དེ་ལས་ གཞན་གནད་དོན་ཚུ་བརྩིས་ཏེ་ གདོང་ལེན་ལེ་ཤ་ཅིག་ར་བྱུང་སྟེ་ཡོདཔ་ཨིན། དེ་སྦེ་ཨིན་རུང་ རྒྱལ་ཁབ་འདི་ནང་མི་ཚུ་གིས་ ལྡོག་ཤུགས་དང་བཟོད་བསྲན་ དེ་ལས་ གཅིག་སྒྲིལ་དང་མཐུན་སྒྲིག་ལ་སོགས་པའི་ཁྱད་ཆོས་ཚུ་བཏོན་ཐོག་ རང་གི་རྒྱལ་ཡོངས་ཀྱི་ངོ་རྟགས་བདག་འཛིན་འབད་དེ་ མ་འོངས་པའི་ཡར་རྒྱས་ཀྱི་མདུན་ལམ་གཟང་སྟེ་ར་ཡོདཔ་ཨིན།

ཁུངས་གཏུགས་དཔེ་དེབ།

  1. Cassar, P. (2000). A concise history of Malta. Cambridge University Press.
  2. Darmanin, J. (2018). Malta and the Mediterranean: Culture, society and history. Publishers Enterprise Group
  3. Frendo, H. (2000). Party politics in a Fortress Colony: The Maltese experience. Midsea Books.
"https://dz.wikipedia.org/w/index.php?title=མཱོལ་ཊ།_Malta&oldid=39616" ལས་ སླར་འདྲེན་འབད་ཡོདཔ།